རྒྱལ་པོ་ཐོ་རྩེའི་བློན་རིག་པ་ཅན་གྱིས་ཤེས་རབ་ལ་བརྟེན་ནས་རྒྱ་གར་གླང་པོ་གཤོངས་ཀྱི་རྒྱལ་ས་ཟིན་པ། རོ་སྒྲུང་།

495/545

རྒྱལ་པོ་ཐོ་རྩེའི་བློན་རིག་པ་ཅན་གྱིས་ཤེས་རབ་ལ་བརྟེན་ནས་རྒྱ་གར་གླང་པོ་གཤོངས་ཀྱི་རྒྱལ་ས་ཟིན་པ།

དེར་རྒྱལ་བུས་རོ་ཧ་ལ་ཟེར་བ་རྣམས་ཏོག་མས་རྡུང་གིན་བྱོན། ཧུ་ལུ་ཟེར་བ་རྣམས་ལ་རྡོག་རྫིས་རེ་བཏང་། རལ་གྲི་དེ་རྩར་གྱིས་བཏོན་ནས། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན།། ཐུགས་དམ་ཏིང་འཛིན་ནན་ལྟར་བཟང་།། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན།། སྡུག་སྲན་སྙིང་རུས་ནན་ལྟར་ཆེ།། དྲ་བ་ལྕགས་ཀྱི་མིག་དགུ་མ།། དྲ་ཐག་ད་དུང་བཟང་པོ་གདའ།། ཏོག་མ་སེང་ལྡེང་སྨུག་པོ་ཡིན།། བརྡུངས་པས་གས་ཆག་ཡོང་བ་མེད།། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན།། ད་རུང་བསྡམས་པས་ཆད་པ་མེད།། རལ་གྲི་ངར་མ་རྡོ་ཆོད་ཡིན།། སྔར་ལས་རྣོ་ངར་ཆེ་རུ་སོང་།། མར་ཟན་ཟོས་པས་འཛད་མེད་འདི།། སྔར་ལས་ཉིས་ལྡབ་ཆེ་རུ་སོང་།། རོ་ཁོག་བབ་བམ་ཤིང་སྡོང་གཅོད།། ཅེས་བྱས་ནས་རལ་གྲི་དེས་ཤིང་སྡོང་གིི་གསུམ་ཆ་ཆོད་པ་ཙམ་ཞིག་བརྒྱབ་པས། རོ་དེ་རྡིག་ཟེར་བབས་བྱུང་སྟེ། སར་ལྡིང་སྐོར་ལེགས་པ་གཅིག་བྱས། ཏོག་མ་དེས་སྤྱི་གཙུག་ནས་རྐང་མཐིལ་བར་བརྡུངས། རལ་གྲིས་ལྷུ་དང་གཟུགས་འབྲེལ་སར་དམར་ཐིག་རེ་བརྒྱབ། དྲ་བའི་ནང་དུ་བརྫངས། སྣ་དེར་ཞགས་པ་བཏགས་ནས་ཁུར། དེ་ནས་གོམ་པ་བཅུ་ཙམ་སླེབས་པ་དང་། རྒྱལ་བུ་རྒྱལ་བུ་ཟེར། ཡང་ཁོས་ལན་མ་བཏབ་པ་དང་། ཚེ་སྔོན་ནས་ལས་ཟད་པའི་རྒྱལ་བུ་ཁྱོད་དང་འཕྲད། ཁྱོད་ཀྱི་ཁ་ནས་གཏམ་ཡོང་བ་མི་འདུག རྒྱལ་བུ་ལས་ཟད་ཁྱོད་རང་ལེགས་པར་ཉོན་ལ་ཡིད་ལ་ཞིག་ཨང་། ངས་རོ་སྒྲུང་དྲ་བའི་སེན་མོ་ཙམ་སྔར་གྱི་བདུན་པོ་དེ་ལས་སྙན་པ་བདུན་གཏོང་བ་ཡིན་པས་ཉོན་ཨང་ཟེར། ཡུལ་ཞིག་ན་རྒྱལ་པོ་གཅིག་ཡོད་པ་དེར་སྲས་སྤྱང་པོ་ཞིག་དང་གླེན་པ་ཞིག་ཡོད་པར་གདའ། རྒྱལ་པོ་ཡབ་ཡུམ་སྐུ་གཤེགས་པའི་རྗེས་སུ་རྒྱལ་པོའི་སྲས་སྤྱང་བ་དེ་རྒྱལ་ས་ལ་བསྐོས། སྲས་ཆེ་བ་དེ་ལ་རྒྱལ་འབངས་ཀུན་གྱིས་སྡང་བ་ཞིག་བྱུང་བ་ཡིན་པར་འདུག བློན་པོ་རིག་པ་ཅན་ཞིག་བྱུང་བ་དེའི་བསམ་པ་ལ། རྒྱལ་བུ་འདི་ཞལ་དིག་ཙམ་འདུག་པ་མ་གཏོགས་དཔྱད་གང་ནས་བྱས་ཀྱང་རྒྱལ་པོ་འདི་ཆེ་བ་ཞིག་ཡོང་བ་འདུག་བསམས་པས་བློན་པོ་རིག་པ་ཅན་དེས་རྒྱལ་བུ་ཆེ་བ་དེའི་ཕྱག་ཕྱི་བྱས་འདུག ཉིན་གཅིག་བློན་པོ་རིག་པ་ཅན་དེས་རྒྱལ་པོ་ལ་དེ་རིང་རྒྱལ་པོ་ཆེན་པོ་རང་ལུང་པའི་མདའ་མ་གི་ན་མཚོ་ཆེན་པོ་ཞིག་ཡོད་པའི་འགྲམ་མ་གིར་གཟིགས་མོ་ལ་བྱོན་ཅིག་ཞུས་པ་དང་། རྒྱལ་པོས་བློན་པོ་ལ་ཉན་ནས་བྱོན། ཉི་མ་སྔ་ཕྱེད་ཙམ་དུ་སླེབས་དུས་མཚོ་ནང་ནས་རྦ་རླབས་ཆེན་པོ་འཁྲུག་བྱུང་སྟེ། གང་ཡིན་ནམ་བསམས་གཟིགས་པ་དང་། བུ་མོ་མཚར་པོ་ལྟ་ན་སྡུག་ལ་འོད་ཆགས་པ། ཆུ་དར་སྔོན་མོའི་གོས་གྱོན་པ། ལག་གཡོན་དུ་དུང་གི་ཞོ་མདོང་ཐོགས་པ། གཡས་ན་གསེར་གྱི་སྐྱོགས་འཁྱེར་བ། གླང་པོ་ཆེ་ལ་ཞོན་པ་ཞིག་བྱུང་ནས་འོ་མཆོད་ཐོར་ཐོར་གཏོར་གྱིན་འདུག་པས་རྒྱལ་པོའི་ཐུགས་དགོངས་ལ། བུ་མོ་འདི་ནི་ཡིད་དུ་འོང་བ་ཞིག་འདུག་བསམ་པ་འཁྲུངས་སོ། བུ་མོ་དེ་ཆུ་ནང་ལ་ཐིམ་སོང་བ་དང་རྒྱལ་བུ་ཡང་ལོག་བྱོན་ནོ། བློན་རིག་པ་ཅན་དེ་རྒྱལ་པོའི་སྐུ་མདུན་དུ་ཡོང་ནས། དེ་རིང་ལྡད་མོ་དང་གཟིགས་མོ་ཆེ་ལགས་སམ་ཞུས་པར། རྒྱལ་པོས་ལྟད་མོ་ཆེན་པོ་བྱུང་། རང་རེའི་མཚོ་ནང་ན་བུ་མོ་མཚར་སྡུག་འོད་ཆགས་པ། གཡས་ནས་བལྟས་ན་དགྱེ་དགྱེ་འདྲ་བ། གཡོན་ནས་བལྟས་ན་སྒུར་སྒུར་འདྲ་བ། དགྱེ་སྒུར་ནལ་ཚེ་ཡུ་བ་འདྲ་བ། གྲང་གྲིབ་མ་ལ་བཞག་ན་འཁྱག་པ་འདྲ་བ། དྲོ་ཉི་མ་ལ་བཞག་ན་བཞུ་བ་འདྲ་བ། ཉི་གྲིབ་མཚམས་སུ་བཞག་ན་འོད་འདེང་མེར་མེར་མཚོ་འདྲ་བ། ཝ་ལེ་ཁྱུག་གེ་འཇའ་འདྲ་བའི་བུ་མོ་ཆུ་དར་སྔོན་མོ་ལུས་ལ་གྱོན་པ། ལག་པ་གཡོན་ན་དུང་གི་ཞོ་མདོང་ཁུར་བ། གཡས་ན་གསེར་གྱི་སྐྱོགས་ཁུར་བ། ཆིབས་སུ་གླང་ཆེན་ཆིབས་པ། འོ་མཆོད་གཏོར་བ་ཞིག་བྱུང་། དེ་འདྲ་གྲོགས་སུ་ཁུག་པ་ཞིག་བྱུང་ན་ལེགས་པོ་ཡོང་བ་འདུག་གསུངས་པ་དང་། བློན་པོ་རིག་པ་ཅན་གྱིས་ཡུལ་རྩད་ཆོད་ན་ལས་སླ་ཞུས། ཞག་འགའ་ཞིག་སོང་བ་དང་བློན་པོས་རྒྱལ་པོ་ལ་དེ་རིང་ཡང་དུས་བཟང་ཡིན་པས་ལྟད་མོར་བྱོན་ལ་ཁ་སང་གི་བུ་མོ་དེ་ལ་ཡུལ་དང་ཕ་མིང་དང་། མོ་རང་གི་མིང་གང་ཡིན་འདྲི་བ་ཞུ་བྱས་པས། རྒྱལ་པོས་ཁ་སང་གི་མཚོ་ཁ་དེར་མར་བྱོན། མཚོ་ཁར་ཕེབས་པ་དང་ཁ་སང་གི་ཉི་ཚོད་དེ་རང་ལ་མཚོ་ལུད་བྱུང་བ་དང་། ཁ་སང་གི་བུ་མོ་དེ་ཡོད་དམ་བསམས་གཟིགས་པས་ཡང་བུ་མོ་དེ་བྱུང་། བུ་མོ་ཁྱོད་ཀྱི་ཡུལ་གྱི་མིང་ལ་ཇི་སྐད་ཟེར་བ་ཡིན་བྱས་དྲིས་པར། གླང་པོ་ཆེ་ལ་མཛུབ་མོ་བཙུགས། ཡབ་ཀྱི་མིང་ལ་ཇི་སྐད་ཟེར་དྲིས་པས། སྣ་ལ་མཛུབ་མོ་བཙུགས། ཡུམ་ལ་ཇི་སྐད་ཟེར་དྲིས་པས། ལྷམ་ལ་མཛུབ་མོ་བཙུགས། ཁྱོད་རང་ལ་ཇི་སྐད་ཟེར་དྲིས་པས། མོ་རང་གི་མགོ་ལ་མཛུབ་མོ་བཙུགས་བྱུང་ཞིང་། འོ་མཆོད་གཏོར་ནས་བུ་མོ་སྔར་བཞིན་མཚོ་ནང་དུ་ཐིམ། རྒྱལ་བུ་ཡང་ལོག་བྱོན་ནོ། ཡར་ཕེབས་པ་དང་། བློན་པོས་ཕྱག་ཕེབས་སམ་ཞུས། བུ་མོ་དེས་ཅི་ཡང་མི་ཟེར་བ་འདུག་གསུངས། བློན་པོས་བརྡའ་དཔྱད་འདྲ་མི་བྱེད་པ་འདུག་གམ་ཞུས་པས། བརྡའ་དཔྱད་འདྲ་བྱེད་ཀྱི་འདུག ཁྱོད་ཀྱི་ཡུལ་གང་ནས་ཡིན་བྱས་པར་གླང་པོ་ཆེ་ལ་མཛུབ་མོ་བཙུགས། ཕའི་མིང་དྲིས་པས་སྣ་ལ་མཛུབ་མོ་བཙུགས། མའི་མིང་དྲིས་པས་ལྷམ་ལ་མཛུབ་མོ་བཙུགས། ཁྱོད་རང་གི་མིང་ལ་ཅི་ཟེར་དྲིས་པས་མགོ་ལ་མཛུབ་མོ་བཙུགས་པ་དེ་རྒྱ་གར་གླང་པོ་གཤོངས་ཡིན་པར་འདུག སྣ་ལ་མཛུབ་མོ་བཙུགས་པ་དེ་ཡབ་རྒྱལ་པོ་གུ་ཎ་པ་ནེ་ཡིན་ཟེར་བའི་རྟགས་ཡིན་ལགས། ལྷམ་ལ་མཛུབ་མོ་བཙུགས་པ་དེ་ཡུམ་སྒྱུ་མ་ལྷ་མཛེས་ཡིན་ཟེར་བའི་རྟགས་ཡིན། མགོ་ལ་མཛུབ་མོ་བཙུགས་པ་དེ་སྲས་མོ་དབུ་ལྡན་མ་ཡིན་པའི་རྟགས་ཡིན། ད་དོན་འགྲུབ་པ་འདུག་ཟེར་ནས་བློན་པོ་དགའོ། དེ་པས་ཞག་འགའ་སོང་བ་དང་རྒྱལ་བློན་གཉིས་པོས་ཆས་ཁ་གླང་པོ་ཆེའི་རྒྱབ་ཁལ་གཅིག་བཀལ། གླང་པོ་ཆེ་གཅིག་ལ་ཆིབས་ནས་རྒྱ་གར་གླང་པོ་གཤོངས་ལ་བྱོན། བར་ལམ་ཚོར་ནགས་ཚལ་དང་གཅན་གཟན་སྡུག་པ་ཅན་གྱི་གནོད་འཚེ་མང་དུ་ཡོད་ཀྱང་། རྒྱལ་བློན་གཉིས་ལ་ནི་གནོད་འཚེ་བྱ་རྒྱུ་ལྟ་ཞོག་བསུ་བ་བྱས། དེར་རྒྱ་གར་གླང་པོ་གཤོངས་སུ་སླེབས་པ་དང་། བྲག་རི་རལ་གྲི་འདྲ་བའི་འགྲམ་ཞིག་ན་བྲག་ཕུག་ཅིག་འདུག་ན་དེར་བློན་པོ་བསྡད། རྒྱལ་པོ་ལ་འདི་ལྟར་བསླབས། དེ་རིང་འདི་ནས་ཕར་ཕྱིན་ན་བུ་མོ་དེ་ཤར་སྒོའི་འགག་ཏུ་འོང་གི། རྒྱལ་པོ་རང་ཡང་དེར་བྱོན་ལ། ཤགས་རྒྱག་མཁན་ཨེ་ཡོད་གྱིས་དང་། ཤགས་བརྒྱབ་པས་ཆོག་ཟེར་ནས་ཁ་སང་གི་བུ་མོ་དེ་ཡོང་ངོ་། དེར་ཤགས་རྒྱག་པའི་དུས་སུ། ཨོ་རྒྱན་པད་མ་འབྱུང་གནས་ལ་ཕྱག་འཚལ་ལེ། མཁའ་འགྲོ་སྡེ་ལྔ་དམ་ལ་ཐོགས་པར་བྱིན་གྱིས་རློབས་ཟེར་བ་གྱིས་ལ་དཀྱིལ་འཁོར་དེར་རྡེའུ་གཅིག་རྒྱོབ། དེ་ནས་བུ་མོ་དེས་རང་རེ་ནུབ་ཕྱོགས་ཨོ་རྒྱན་ཡུལ་ནས་བྱོན་པ་ཡིན་ལས་ཆེ་ཟེར་ཡོང་། ཨོ་རྒྱན་གྱི་ཡུལ་དུ་འབྱོར་མ་མྱོང་ན་ཨོ་རྒྱན་པད་མ་འབྱུང་གནས་ལ་ཕྱག་འཚལ་ལོ། མཁའ་འགྲོ་སྡེ་ལྔ་དམ་ལ་ཐོགས་པར་བྱིན་གྱིས་རློབས་ཟེར་བ་དེ་གང་ལ་ཟེར་བ་ཡིན་ཟེར་བྱུང་ན། ང་ནི་རྡོ་རྗེ་གྲོ་ལོད་དེ། དུར་ཁྲོད་བརྒྱད་ལ་དབང་བ་ཡིན་གསུངས་ལ་གཞན་གྱི་ཅལ་ཅོལ་མ་གསུངས། དེ་ནས་བུ་མོ་དེས་དེ་རིང་ཤགས་མི་ཡོང་བ་འདུག་ཟེར་ནང་དུ་གདན་འདྲེན་ནོ་ཟེར་ན་ནང་དུ་བྱོན་པས་ཆོག མོས་གདན་བཏིང་བའི་སྟེང་དུ་སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ་ཟེར་བ་ལས་གཞན་མ་གསུངས། དེར་ནང་དུ་ཕེབས་རྗེས་དར་ཅིག་ནས་མོ་གཏམ་འདྲི་བར་ཡོང་ངོ་། དུར་ཁྲོད་ཆེན་པོ་བརྒྱད་ན་གྲུབ་ཆེན་བརྒྱད་ཡོད་དེ། གང་ན་བཞུགས་པ་ཡིན་ཟེར་དྲིས་བྱུང་ན། ང་ནི་རྡོ་རྗེ་གྲོ་ལོད་ཡིན་གསུངས་ཙ་ན། བུ་མོ་རིག་པ་རྩེར་སོན་པ་ཞིག་དེར་ཡོང་ངོ་། མོས་ཇ་དྲངས་པ་སོགས་བྱེད་དུས་གདོང་ལ་སྤྱན་ཧུ་རེར་གཟིགས་ལ་དར་ཅིག་བཞུགས་དང་། བུ་མོ་དེ་ཚབ་ཚུབ་ཀྱི་ངང་ནས་ཡར་འགྲོ་མང་པོ་བྱེད། དེ་དུས་མིག་བཙུམས་ནས་འདི་སྐད་གསུངས་ཤིག བུ་མོ་རྡོ་རྗེ་མཁའ་འགྲོ་ཁྱེད་ཚབ་ཚུབ་མ་མང་ལྷོད་ཅིག་ཨང་གསུངས་ནས་སྤྱན་ཧུ་རེར་གཟིགས་པ་དང་། བུ་མོ་དེས་ཕྱག་སྒུར་ཏེ་བཙལ་ནས་བདག་ནི་རྡོ་རྗེ་མཁའ་འགྲོ་ལོས་ཀྱང་ཡིན། སྤྲུལ་པའི་གུ་རུས་ཐུགས་རྗེས་གཟིགས་ཟེར་ནས་ཕྱག་འཚལ་བྱུང་བ་དང་། དེར་སྤྱན་སྔ་ལུགས་བཞིན་བལྟས་ནས་བཞུགས། དེ་ནས་ཞག་གསུམ་སོང་བ་དང་ང་དུར་ཁྲོད་དུ་འགྲོ་དགོས་ཡོད་གསུངས་ནས་བདག་གི་རྩར་བྱོན། ང་ཡེ་ནས་མ་བརྗེད་པ་མཛོད་ཞུས་སོ། དེར་རྒྱལ་པོ་མོའི་ཕོ་བྲང་དེའི་ཤར་སྒོའི་འགག་ཏུ་ཕེབས་པ་དང་། ཤགས་རྡོའི་རྩར་ཕྱིན་ནས་ཤགས་རྒྱག་མཁན་མི་འདྲ་ཨེ་ཡོད་གསུངས་པ་དང་། བུ་མོ་དེས་ཤགས་བརྒྱབ་པས་ཆོག་ཟེར་དེར་ཡོང་། དེར་ཁོང་གིས་རྡེའུ་དཀར་པོ་དེ་བླངས་པ་ན། མོའི་བསམ་པ་ལ་འདི་ནི་ཁ་སང་གྲོང་ཆེན་པོ་དགེ་ལྡན་གྱི་མཚོ་སྨན་ལ་འོ་མཆོད་གཏོར་ཕྱིན་པའི་དུས་སུ་མཚོ་ཁ་ན་བསྡད་པའི་སྲས་པོ་དེ་རང་འདྲ་བ་ནི་འདུག་སྙམ། དེར་རྒྱལ་བུས་ཨོ་རྒྱན་པད་མ་འབྱུང་གནས་ལ་ཕྱག་འཚལ་ལོ། མཁའ་འགྲོ་སྡེ་ལྔ་དམ་ལ་ཐོགས་པར་བྱིན་གྱིས་རློབས་ཟེར་ནས་རྡེའུ་དཀར་པོ་གཅིག་དཀྱིལ་དུ་བརྒྱབ་བོ། དེར་མོ་དོགས་པ་སྐྱེས་ཏེ་འདི་སུའི་ཆོ་འཕྲུལ་ཡིན་ནམ་བསམས། ཁྱོད་ཨོ་རྒྱན་དུ་བྱོན་མྱོང་བ་ཨེ་ཡིན་ཟེར། ཨོ་རྒྱན་ཡུལ་དུ་འགྲོ་མ་མྱོང་། ང་ནིོ་རྡོ་རྗེ་གྲོ་ལོད་དེ། དུར་ཁྲོད་བརྒྱད་ལ་དབང་བ་ཡིན་བྱས་པས། མོ་ན་རེ། དེ་རིང་ཤགས་མི་ཡོང་བ་འདུག་པས་ནང་དུ་གཤེགས་པར་ཞུ་ཟེར་ནས་ནང་དུ་གདན་དྲངས་པ་དང་། མོས་འབྲས་ཆང་དང་ཇ་དྲངས་པའི་དུས་སུ་དཀོན་མཆོག་གསུམ་ལ་མཆོད་པ་འབུལ་བྱས་པར། དེར་མོས་དུར་ཁྲོད་ཆེན་པོ་བརྒྱད་བཞུགས་ཡོད་མོད། ག་ན་བཞུགས་ལགས་ཞུས་པས་མིག་ཧུ་རེར་བུ་མོའི་གདོང་ལ་བལྟས་སོ། བུ་མོ་དེ་དུམ་ཞིག་ཞེད་དེ་ཚབ་ཚུབ་བྱས་པས། བུ་མོ་རྡོ་རྗེ་མཁའ་འགྲོ་ཁྱོད་ཚབ་ཚུབ་མ་མང་ཙོག་གེར་སྡོད་གསུངས་པ་དང་། དེར་མོས་རྒྱལ་པོ་ལ་ཕྱག་བཙལ་ཅིང་། གུས་པས་བཏུད་ནས་ཙོག་གེར་སྡོད་པའི་དུས་སུ། གཟི་མདངས་ཉམས་ནས་བདག་ནི་རྡོ་རྗེ་མཁའ་འགྲོ་སྟེ། སྤྲུལ་པའི་གུ་རུས་སྐྱབས་སུ་གསོལ་ཟེར་ནས་བུ་མོས་ཞབས་ཏོག་ལེགས་པོ་ཞུས་སོ། དེར་ཞག་གསུམ་བཞི་སོང་བ་དང་། མོའི་བསམ་པ་ལ། མི་འདི་ནི་ཁ་སང་མཚོ་ཁར་ཐུག་པའི་རྒྱལ་བུ་དེ་ཨ་འདྲ་མ་འདྲ་རང་འདུག ཨེ་ཡིན་མི་ཡིན་བསམས་པའི་ཐེ་ཚོམ་ཞིག་སྐྱེས་སོ། ཟླ་བ་ཕྱེད་སོང་བ་དང་། དེར་བློན་པོའི་རྒྱགས་ཆས་རྣམས་ཟད་པ་དང་གལ་ཆུང་ཞིག་ཡོད་པ་ཕྲག་པར་བཀལ། གྲོང་གླང་པོ་གཤོངས་སུ་མོ་བསྐོར་དུ་སོང་། དེར་གླང་པོ་གཤོངས་པ་བྱིངས་ཀྱིས་མོ་བཏབ། རྒྱལ་པོས་བུ་མོ་མདོ་རུ་གོམ་གང་མ་བཏང་བ་དང་། དཔོན་མོས་གཡོག་མོ་རྣམས་ལ་མོ་མ་བདེན་པོ་ཞིག་བྱུང་ན་མོ་འདེབས་སོ་གསུངས་པས། གཡོག་མོས་དཔོན་མོ་ལ་མོ་མ་ཞིག་སླེབས་འདུག་ཅེས་ཞུས་སོ། དཔོན་མོས་མ་ག་དྷའི་དཀར་མོ་བྲེ་གང་། ཕྱེ་མར། བུ་རམ་ཟས་སྣ་དཀར་གསུམ་མངར་གསུམ། མདའ་དར་གཙང་མ་གཅིག་རྣམས་ཁྱེར་ནས་མོ་འདེབས་པར་འགྲོ་བའི་གྲབས་བྱས་པ་དང་། ལྷ་ལྕམ་གར་འགྲོ་གསུངས། མོ་གཅིག་འདེབས་སུ་འགྲོ་ལགས་ཞུས། དེར་རྒྱལ་བུ་ཡང་བློན་པོ་དྲན་ཏེ་ཧར་ཏེ་བཞེངས་ནས། ལྷ་ལྕམ། ང་ཡང་མོ་ཞིག་འདེབས་སུ་འགྲོ་དགོས་པ་ཡོད་བྱས་པ་དང་། མོ་མ་ན་རེ། མོ་ཟུར་ཙམ་བྱས་ནས་ཁྱེད་ཕྱིར་ཕེབས་སོ། འོ་ན་སྟེང་དུ་ཕེབས་ལགས་སམ་ཞུས་པས། འོ་ན་ང་གང་དུའང་མི་འགྲོ། ནང་དུ་བོས་ཤོག་གསུངས། དེར་ཞལ་ཏ་མས་མོ་མའི་རྩར་ཕྱིན་ནས། མོ་སྟོན་ལགས། ངེད་ཀྱི་རྒྱལ་པོ་ཡབ་ཡུམ་ཡང་སྐུ་ཕྱྭ་ཞིག་མཛད་དགོས་པ་འདུག་པས་ནང་དུ་ཕེབས་པ་ཞུ་བྱས་པས། མོ་མ་ན་རེ། སྡེ་པ་ཆེན་པོའི་མོ་འདིབས་པ་ནི་ཆག་སྒོ་ཆེ་བ་ཞིག་ཡིན་བྱས་པར། གཡོག་མོས། དུམ་པ་རེ་ལ་བདེན་གྱི་འདུག་ཀྱང་ད་རེས་ཁྱོད་ལ་ཆག་སྒོ་འཁེལ་མི་ཡོང་ཡར་ཤོག་ཟེར་བས་ཁོ་ཡར་ཡོང་ངོ་། བློན་པོའི་བསམ་པར། སྲས་མོ་དབུ་ལྡན་མ་རྒྱལ་པོ་འདི་ལ་སྟེར་ཟེར་ན་སྦྱིན་དོགས་མེད། ཐབས་ཀྱིས་ཁུག་པར་གྱུར་ན་བསམས་ནས། ང་ལ་གདན་དཀར་པོ་ཞིག་བཏིང་ཡོང་བ་ཤོག ཁ་ཤར་ལ་བལྟ་བ་ཤོག་ཅིག་ཟེར་སྐད་བརྒྱབ་ནས་ཤར་རྒྱག་ཕྱིན་པ་དང་། གདན་དཀར་པོ་ཞིག་བཏིང་འདུག་ཅིང་། ཁ་ཡང་ཤར་ལ་བལྟས་འདུག་གོ། དེར་རྒྱལ་བུ་ཡར་ལངས་བྱུང་བ་དང་། བློན་པོས་མིག་བཙུམ་ཞིག་བརྒྱབ། སྡོད་ཟེར་བའི་ལག་བརྡའ་ཞིག་བྱས་པ་དང་རྒྱལ་བུ་མར་བསྡད་དོ། དེར་མོ་མས་ཕྱག་ཕུལ་བས། རྒྱལ་བུས་མོ་སྟོན་བྱོན་ནམ་ཟེར་རོ། དེར་དཔོན་མོས་མོ་མའི་ཆས་རྣམས་ཁྱེར་ནས་མོ་བཏབ་ཏུ་བཅུག་གོ། བུ་མོའི་ཁྱིམ་ཆ་རྣམས་སྨོས་པ་དང་། བུ་མོ་སྤྱང་གྲུང་འཛོམས་པས་རྫི་རིག་གོ། བུ་མོའི་ཁྱིམ་ཆ་རྣམས་སྨོས་ལུགས་ལ། མོ་སྟོན་འདི་དང་རྒྱལ་བུ་གཉིས་ཕྱོགས་གཅིག་ཏུ་འདུག་བསམས་ནས་ཁྱོད་གཉིས་ཀྱིས་ང་ལ་མགོ་བསྐོར་བ་ཡིན་ཞེས་སྨོས་པས། མོ་སྟོན་ན་རེ། ཁྱི་ཕག་གཉིས་ཚང་མི་གཅིག་པའི་མོ་བབས། འདི་ནི་རང་ལ་ཟེར་བ་ཡིན་པ་འདྲ་ཞུས་པས། དཔོན་མོ་ན་རེ། ཧ་ཧ་མོ་སྟོན་ལ་ཀུ་རེ་བྱས་པ་ཡིན། མོ་འདི་ལ་བལྟས་ན་འདི་ནི་གྲོང་ཁྱེར་བདེ་ལྡན་པའི་རྒྱལ་པོ་དེ་ཡིན་འདུག་རྒྱལ་པོ་འདི་དང་ང་གཉིས་ཕྱོགས་གཅིག་ཏུ་བྱས་ནས་ཡབ་གུ་ཎ་པ་ནེའི་རྒྱལ་སྲིད་ཟིན་ནམ་བྱས་སྨོས་པས། དེར་མོ་མས། མཚོ་ཆུ་རྒྱུན་ཆད་ལ་ཁད་པ་ཡིད་བཞིན་ནོར་བུ་ཞིག་གིས་ཟིན་པ་ཡིན། སེང་གེ་གཡའ་དང་ཐུག་ལ་ཁད་པ་ཁ་བ་བུ་ཡུག་ཅིག་གིས་ཟིན་པ་ཡིན། རྒྱ་གར་གླང་པོ་གཤོངས་ཀྱི་རྒྱལ་རྒྱུད་ཆད་ལ་ཁད་པ་སྤྲུལ་པའི་ཆོས་རྒྱལ་ཞིག་གིས་ཟིན་པ་ཡིན་ཟེར་བ་བྱུང་ཞེས་སྨྲས་པ་དང་། དཔོན་མོ་དེ་ཡང་དགའ་སྟེ་ཁོ་ལ་བཟའ་བཏུང་གིས་ཚིམས་པར་བྱས་པས། ཁོ་ན་རེ། རྒྱལ་པོ་འདི་སྐུ་བསོད་ཆེན་པོ་ཡོང་བ་འདུག རྒྱལ་པོས་ཕྱེ་མར་གལ་ཏ་གང་ཐུགས་ལ་ཐོགས། རྒྱལ་པོ་སྐུ་བསོད་ཅན་འདིས་མི་རྒན་ང་མདོ་མ་གིར་སྐྱེལ་བ་ཞིག་ཐུགས་ལ་ཐོགས་ཞུས་པ་དང་། ལྷ་ལྕམ་གྱིས། ངེད་ཀྱི་རྒྱལ་པོ་འདིར་ཕེབས་ནས་མདོར་ཕེབས་པའི་སྲོལ་བྱུང་མོ་དེ། ད་རས་སྐྱེལ་ཐུང་མཛད་པ་དྲག་ཞུས། དེར་རྒྱལ་པོ་སྐྱེལ་ཐུང་ལ་ཕྱིན་པ་དང་། ཕྱིར་སླེབས་དུས་བློན་པོས། ཁྱེད་ཐབས་སྡུག ང་མི་དྲན་པ་ཅི་བྱུང་བྱས་པས། རྒྱལ་པོས་མོས་བརྗེད་ཟན་དང་བརྗེད་ཆུ་བྱིན་པ་ཡིན་པ་འདྲ་བྱས་པ་དང་། བརྗེད་ཟན་བྱིན་ནས་གང་བྱེད། བྱིན་དོགས་མེད། ད་རེས་ནས་བཟུང་བརྗེད་ཟན་བརྗེད་ཆུ་ཞག་བདུན་སྟེར་ཡོང་། དེ་ནམ་སྲོད་ལ་མ་གཟིམ་པའི་དུས་སུ་སྟེར་རོ། སྟེར་བའི་རྒྱུ་མཚན་ནི་ཁྱེད་བདེ་ལྡན་པའི་རྒྱལ་པོ་ཡིན་པ་མོས་རྫི་རིག་འདུག ངས་བསྟོད་ར་ཆེན་པོ་བཏང་ཡོད་པས་སྟེར་བ་ཡིན། དོ་ནུབ་མའི་ཞལ་བ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ཕྱི་ལ་སྲོ་མ་ཙམ་འབུར་བ་མེད་པ། ནང་ནས་རྟ་རྔ་ཙམ་གས་པ་མེད་པའི་ཁང་པ་དེར་ཁྱེད་གཉིས་ཉལ་བའི་ཐད་ཀྱི་གདན་ལ། རྟ་རྔ་ནགཔོ་ཐོ་གང་རློན་པ་བྱས་ནས་ཞོག གན་རྐྱལ་དུ་གཟིམས་ལ་བཞུགས་ཤིག ལྷ་ལྕམ་གྱིས་རྐྱན་བུ་འདྲ་འདྲ་གཉིས་ཁྱེར་ཡོང་ངོ་། རྐྱན་བུ་གཉིས་སོ་སོའི་སྔས་མགོར་བཞག་སོང་བ་དང་། ཧད་ཧོད་ལོངས་མཛོད་ལ། ལྟོས་དང་ངོས་ཀྱི་ཞལ་བ་འདི་གས་དོན་མེད་པར་གས་འདུག་གསུངས་ཤིག དེར་མོ་མར་མེ་ལེན་དུ་འགྲོ་རིང་རྐྱན་བུ་གཉིས་བརྗེས་ནས་ཞོག་ཅིག རྒྱལ་བུ་ཁྱེད་ཀྱིས་དེ་མིན་གྱི་བྱ་བ་བྱེད་མི་ཤེས་རུང་། རང་རེའི་གཅུང་པོ་འབངས་འཁོར་རྣམས་ཀྱིས་ཐབས་ཤེས་གང་ཡོད་བྱེད་ཀྱི་ཡོད་པ་དེ་ཚོ་དྲན་པར་གྱིས་ལ་རང་ཚུགས་ཟིན་ནས་བཞུགས་ཤིག དེར་རྐྱན་བུ་བརྗེས་ཚར་བ་དེ་སྲོད་ལ་བཏུངས་ནས་ནམ་གུང་སྨིན་ཡོང་བས་སྐྱེམས་དེ་འཐུངས་དང་ཞིམ་པོ་འདུག་གྱིས། མོ་ཡང་ལྷག་མ་མ་ལུས་པར་འཐུང་ཆུག་ཟེར། ནམ་ཕྱེད་ལ་ང་ཁང་རྒྱབ་ཏུ་ཡོང་། སྨིན་པའི་དུས་སུ་གཡལ་སྟོང་ཞིག་བརྒྱབ། བླ་ལོག་ཅིག་བརྒྱབ་ཡོང་། དེའི་དུས་སུ་ང་ལ་སྒོ་ཕྱེ་ཞིག་ཟེར་ནས་བློན་པོ་བྲག་ཁུང་དུ་སོང་ངོ་། དེ་ནས་རྒྱལ་པོ་ཕོ་བྲང་དུ་ལོག་ཡོང་། མོས་སྔར་ལས་ཀྱང་བཀུར་སྟི་ཆེ་བ་བྱས་སོ། དེར་ཁོང་གཉིས་ཀྱི་མལ་བཅོ་བའི་དུས་སུ་བློན་པོས་ཇི་ལྟར་ཟེར་བ་བཞིན་རྟ་རྔ་ཞལ་བ་ལ་སྦྱར། རྒྱལ་པོ་གཟིམས། མོས་ཆང་ལ་སྨྱོ་བའི་རྫས་བཏབ་ནས་རྐྱན་བུའི་ནང་དུ་བླུགས་མྱོས་མི་འགྲོ་བ་མོ་རང་གི་སྔས་མགོར་བཞག མྱོས་འགྲོ་བ་དེ་རྒྱལ་པོའི་སྔས་མགོར་བཞག སྐེ་རགས་འགྲོལ་གྲབས་བྱེད་པའི་སྐབས་སུ། རྒྱལ་བུས་རང་རེའི་ཞལ་བ་ཁྱད་འཕགས་འདིར་གས་དོན་མེད་པའི་སེར་ཁ་ཞིག་འདུག་བྱས་པ་དང་། མོ་མར་མེ་ལེན་དུ་འགྲོ་རིང་རྐྱན་བུ་གཉིས་བརྗེས། དེར་ལྷ་ལྕམ་ཡང་གཟིམས་སོང་ངོ་། དེར་རྒྱལ་བུས་རྐྱན་བུ་དེ་བླངས་ནས་བཏུངས། ལྷ་ལྕམ་རང་ཡང་ད་ལྟ་བཏུངས་པ་དྲག་བྱས་པས་ལྷ་ལྕམ་གྱིས་ཀྱང་བཏུངས། ནམ་ཕྱེད་དུ་སླེབས་པ་དང་། སྐད་ཆ་ཟ་རེ་ཞིག་བཤད། གཡལ་སྟོང་ཞིག་བརྒྱབ། བླ་ལོག་བརྒྱབ་བྱུང་བ་དང་སྨིན་པ་ཡིན་བསམས་ནས་བློན་པོ་ནང་དུ་བོས་སོ། དེར་བློན་པོ་ནང་དུ་སླེབས་པ་དང་རྒྱལ་པོས་ཁ་སང་ནས་བསམས་པ་དེ་འགྲུབ་བྱུང་། གོ་ཆོད་པ་ད་ལམ་གཅིག་པོ་བྱུང་ཟེར་ཏེ། དེའི་ནུབ་མོ་མར་མེ་ཆེན་པོ་ཞིག་སྤར་བས་ཕྱག་མཛོད་ཐམས་ཅད་གཡེངས་སོ། གསེར་དངུལ་དང་ནོར་བུ་རྣམས་བཏེགས། དེར་ནམ་སྐྱ་བཏང་བྱུང་བ་དང་། བློན་པོས་རྒྱལ་བུ་ལ་ཁ་ཏ་བྱས་དོན། ཞལ་ཏ་མ་དང་གླང་རྫི་རྟ་རྫི་རྣམས་ལ་དབུ་ལྡན་མ་ཁམས་མི་བདེ་བ་འདུག་པས། ཕྱི་མི་དང་ཁྱོད་རང་ཚོ་བར་ཁང་ཡན་ལ་མ་ཡོང་གསུངས་ཤིག་ཟེར། རྒྱལ་བུས་འོག་ཏུ་བྱོན་ནས་བློན་པོས་བསླབ་པ་བཞིན་མངགས་སོ། སྟེང་དུ་བློན་པོ་རིག་པ་ཅན་དེས་མྱོས་ཆུའི་རྫས་དེའབྲས་ཆང་ལ་སྦྱར་ནས་གྲབས་བྱས། དེར་ཉི་མ་དེ་སོང་བ་དང་ཞལ་ཏ་མ་དྲག་པ་དེ་མིན་པ་ཐམས་ཅད་ལ་མྱོས་ཆང་དེ་བྱིན་ནོ། ནམ་ཕྱེད་ཙམ་ལ་ཁོང་གཉིས་པོས་གྲབས་ཚར་བ་དང་། གཡོག་རྣམས་མྱོས་ཆུས་བཟི་ནས་ཚང་མ་གཉིད་དུ་ཐལ་ལོ། དེར་གླང་པོ་ཆེ་རྣམས་ལ་སྒ་ཆས་བྱས། གླང་པོ་ཆེ་བརྟན་པ་གཅིག་ལ་ཤིང་གི་ཁྲི་ཕྱིར་ཟག་མི་འགྲོ་བ་ཞིག་བཟོས། དེར་ལྷ་ལྕམ་བཀལ། གཞན་རྣམས་ལ་ནོར་དྲག་པ་རེ་བཀལ། ཞལ་ཏ་མ་དེ་ལྷ་ལྕམ་འཛིན་པ་ལ་ཤིང་ཁྲིའི་ནང་དུ་བཞག བློན་པོས་ནང་ནས་སྒོ་རིམ་གྱིས་མནན་ཏེ་བཞག་གོ། དེར་རྒྱལ་བློན་རྣམས་བདེ་བ་ཅན་དུ་ལོག་བྱོན་ནོ། བར་ཞག་གཅིག་སོང་ཡང་བློ་མྱོས་པ་ད་དུང་མ་སངས་པ་འདུག་སྟེ། བློན་པོ་དེས་སྤོས་ཀྱི་དུད་པ་བདུགས། ཙནྡན་གྱི་ཆུས་ཆག་ཆག་བྱས་པ་དང་། དབུ་ལྡན་མ་མྱོས་པ་ལས་དྲན་པ་རྙེད་ནས་མིག་ཧུ་རེར་བལྟས་པ་དང་། མོ་རང་གི་ཕོ་བྲང་དེ་མིན་པ་གཅིག་ན་སླེབས་འདུག་ཅིང་། ཁོང་གཉིས་ལ་ཧུ་རེ་བལྟས་པས། རྒྱལ་པོ་དང་མོ་སྟོན་ཡིན་པ་ཤེས་ནས། བུ་མོས་སྨྲས་པ། རྒྱལ་པོ་ཁྱོད་ནི་བསོད་ནམས་ཤིན་ཏུ་ཆེ་བློན་པོ་ཁྱོད་ནི་རྫུ་འཕྲུལ་ཤིན་ཏུ་ཆེ། ། རྒྱལ་ས་འདི་རུ་གཉིས་ནི་ཤོང་དོགས་མེད། ། རྒྱལ་པོ་ཡབ་ཡུམ་ཤིན་ཏུ་བགྲེས་པ་དང་། ། རྒྱལ་པོ་དེ་ལ་སྲས་མོ་བདག་ལས་མེད། ། རྒྱལ་སྲིད་ཕྱེད་མ་བཟུང་བ་མི་འོས་པས། ། བདག་གིས་ཡབ་ཀྱི་རྒྱལ་སྲིད་བཟུང་ན་དྲག ། ཞུས་པས། བློན་པོ་ནས་ཞུས་པ། རྒྱལ་སྲིད་གང་འཛིན་གྲོས་ཞིབ་བྱེད་ལོང་ཡོད། ། ཞག་གཉིས་འདི་རུ་སྐུ་ངལ་གསོ་ཞིང་བཞུགས། ། ཞུས་སོ། དེར་རྒྱ་གར་གླང་པོ་གཤོངས་སུ་འབངས་འཁོར་རྣམས་ཞག་བདུན་ནས་དྲན་པ་རྙེད་དོ། ཡར་ལངས་ནས་ཐོམ་ཐོམ་ངང་སྟེང་དུ་ཕྱིན་པ་དང་། ཕྱག་མཛོད་ཆེ་མོས་འགོ་བྱས་ཕྱག་མཛོད་ཐམས་ཅད་ཐེལ་ཙེས་མནན་འདུག རྒྱལ་པོ་ཡབ་ཡུམ་ནི་མ་བཞུགས་པར་འདུག ཁ་སང་མོ་མ་དེས་རྒྱལ་སྲིད་དར་ཞིང་རྒྱས་པ་ཡོང་ཟེར་བ་འདུག་པས་ད་དཔོན་མོ་རང་ཡང་མི་བཞུགས། རྒྱལ་སྲིད་དར་རྒྱས་ཡོང་བཟོ་རང་འདུག་གོ་ཟེར་ནས་ཐམས་ཅད་ངུ་བཞིན་ཕྱིར་དོན་ནོ། རྒྱལ་པོ་གུ་ཎ་པ་ནེའི་དྲུང་དུ་ཞུ་བར་སོང་བ་དང་། རྒྱལ་པོ་ཡབ་ཡུམ་ཐུགས་ཁྲལ་ཆེན་པོ་བྱུང་སྟེ་ཕྱི་ནང་གི་བློན་པོ་བཞིས་འགོ་བྱས་པའི་རྩད་གཅོད་མི་མང་རབ་བཏང་བའི་མཐར་རྩད་ཆོད་དོ། དེར་བློན་པོ་རྣམས་ཀྱིས་ཞུ་བ་གསོལ་ཏེ་རྒྱལ་པོ་ཡབ་ཡུམ་(འདིར་རྒྱལ་བུ་དེ་དང་དབུ་ལྡན་མར་བརྗོད)ཕྱིར་ལོག་བྱོན་པ་དང་། རྒྱ་གར་གླང་པོ་གཤོངས་ཀྱི་རྒྱལ་ས་ཁོང་ཡབ་ཡུམ་གཉིས་ཀྱིས་འཛིན་ཏེ། ཡབ་གུ་ཎ་པ་ནེ་ཆོས་མཛད་ནས་དབུ་ལྡན་མའི་ཕོ་བྲང་དུ་བཞུགས་རྒྱུའི་ཞུ་བ་གསོལ་ལོ། དེར་དབུ་ལྡན་མས། ངེད་གཉིས་དང་ཁྱེད་ཀྱི་འདོད་པ་མཐུན་ཞིང་། བློན་པོ་ཁྱེད་ཕར་བྱོན་ནས་མཚམས་སྦྱོར་ལེགས་པོ་མཛོད་ཅིག་གསུངས། ཁོས་བློན་རིག་པ་ཅན་དང་ལྷན་དུ་རྒྱ་གར་གླང་པོ་གཤོངས་སུ་ཕྱིན། རྒྱལ་འབངས་ཀུན་བསྡུས་ནས་བློན་པོ་རིག་པ་ཅན་གྱིས་རྒྱལ་པོ་ལ་ཞུ་བ་ཕུལ། རིག་པ་ཅན་དེ་མཐོང་བ་ཙམ་གྱིས་རྒྱལ་པོ་མཉེས་ཏེ། རིག་པ་ཅ་དེས་གང་ཞུས་ལ་གུ་ཎ་པ་ནེས་ཀྱང་གསན་ནོ། བདེ་ལྡན་ནས་རྒྱལ་པོ་ཡབ་ཡུམ་གདན་དྲངས་ནས་རྒྱལ་ས་བཟུང་། བདེ་ལྡན་གྱི་རྒྱལ་སྲིད་ཕྱེད་གཅུང་པོ་ལ་གནང་། རྒྱལ་སྲིད་ཕན་ཚུན་གཉིས་ཀ་དར་ཞིང་རྒྱས་པ་བྱུང་། སྲས་ལྕམ་སྲིང་གསུམ་འཁྲུངས་། ཡུལ་དེ་ཡང་བདེ་སྐྱིད་ཕུན་སུམ་ཚོགས་པ་བྱུང་བ་ཡིན་པར་གདའ་བྱས་པ་དང་། རྒྱལ་བུ་བདེ་སྤྱོད་བཟང་པོའི་ཁ་ནས་བློན་པོ་རིག་པ་ཅན་དེ་ཡོད་པས་མིན་པ་རྒྱལ་པོ་དེ་རང་འཇོན་ཐང་ཆེ་བ་ཞིག་བྱུང་མི་འདུག་ཅེས་གཏམ་ཤོར་བས། རོ་ན་རེ། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར། ལྡན་ལྕག་མེ་བུས་པ་འདྲ་བ་གསུམ་བརྒྱབ་ནས་རོ་དེ་རྡུལ་འཕྱུར་རེ་ལོག་སོང་ངོ་། རྒྱལ་བུའི་བསམ་པ་ལ། ད་རེས་ཀྱང་སེམས་ཡེངས་པས་ཁ་ཤོར་སོང་བསམས་ཏེ། ཡང་དུར་ཁྲོད་དེར་ཕྱིན་ནོ། །