མོ་སྟོན་པ་དབུ་གཙུག་ཕག་མགོ་ཅན་གྱིས་རྒྱལ་རྒྱུད་ཆད་ལ་ཁད་པའི་སྲོག་བསླུས་ནས་སྲིན་པོ་བཟའ་མི་བཏུལ་བ། རོ་སྒྲུང་།

489/545

 

དེ་ནས་ཤིང་སྡོང་དེའི་རྩར་ཕྱིན་ནས། རལ་གྲི་བཏོན་ཏེ་ཤིང་སྟོང་དེ་ལ་རྒྱབ། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། ། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། ། མར་ཟན་ཟོས་པས་འཛད་མེད་ཡིན། ། རོ་ཁོག་བབ་བམ་ཤིང་སྡོང་གཅོད། །བྱས་པས། རོ་དེ་རྡིག་ཟེར་བབས་བྱུང་ངོ། ཏོག་མས་བརྡུངས། དྲ་བར་བཅུག། ཞགས་པས་བསྡམས་ནས་ཁུར་ཡོང་བས་གོམ་པ་བདུན་བརྒྱད་ཙམ་ན། རོ་ན་རེ། རྒྱལ་བུ་རྒྱལ་བུ། ཡང་ན་རྒྱལ་བུས་སྒུང་ཞིག་ཤོད། ཡང་ན་ངས་སྒུང་ཞིག་བཤད་ཀྱི་ཟེར་བས། རྒྱལ་བུས་མགོ་ཕར་དྲིལ་ཚུར་དྲིལ་བྱས་ནས་མ་ཉན་པ་དང། རོ་ན་རེ། ལུང་པ་ཆེན་པོ་ཞིག་ན་རྒྱལ་པོ་སྤུན་བདུན་ཡོད་འདུག ས་སྟོང་གཞན་ཞིག་ཏུ་གྲོང་པ་གཅིག་གཉིས་ཤིག་ཡོད་འདུག དེ་ན་བུ་མོ་སྤྱང་པོ་ཞིག་ལ་ཁྱོ་བོ་ལབ་ལབ་གང་ཡང་མི་ཟེར་བ། སྐེ་རགས་ཀྱང་མི་འཆིང་བར་སྒོ་ཁ་རང་དུ་སྡོད་པ་ཞིག་ཡོད་འདུག ཁོ་ལན་ཞིགཕྱིར་དོན་པས་འབྲོག་པ་སྐྱས་སྤོས་པའི་ཤུལ་ནས་བྱ་རོག་གིས་ཐུད་གདར་ཞིག་རྙེད་པ་ཁུར་ནས་འཕུར་ཡོང་སྐབས་ཁོའི་ཐད་དུ་ཟགས་པ་ཡིན་འདུག ཁོས་ཐུད་གདར་དེ་ཁུར་ནས་ཆུང་མ་ལ་སྨྲས་པ། སྐྱེས་པ་ཕོ་ཉལ་རྒྱུ་མེད་པ་ཡིན་འདུག མདོ་རུ་འཁྱམ་དུ་ཕྱིན་པས་ཐུད་གདར་འདི་རྙེད་བྱུང་བྱས་པས། མོས་སྨྲས་པ། ཉལ་རྒྱུ་མེད། སྐྱེས་པ་ཉལ་ན་མདའ་མགོ་འཆོར། ། མདའ་མགོ་ཤོར་ན་དགྲ་མགོ་རེངས། ། བུད་མེད་ཉལ་ན་འཕང་མགོ་ཤོར། ། འཕང་མགོ་ཤོར་ན་གྱོན་གོས་ཧྲུལ། ། གྱོན་གོས་ཧྲུལ་ན་ཁྱི་རྒན་སྡང་། ། ཟེར་བ་ཡིན་པས་སྐྱེས་པ་ཁྱོ་ཁ་འཆམ་འཆམ་འདྲ་བྱས་ན་བསོད་ནམས་འཕེལ་ཞིང་ནོམ་པ་ཡང་ཆེན་པོ་ཡོང་བྱས་པ་དང་། ཁོས་མོ་ལ་སྨྲས་པ། ང་ལ་ཁྱོད་རང་གིས་རྟ་བཟང་པོ་ཞིག་དང་ཁྱི་བཟང་པོ་ཞིག་གྲབས་གྱིས་ཤིག་ཟེར་རོ། ཇི་ལྟར་ཟེར་བ་བཞིན་གྲབས་བྱས་ཟིན་པ་དང་། ཁོས་ཆས་རྣམས་སྤྲས། ཁྱི་ཁྲིད། རྟ་བཞོན་ནས་ཕྱིན་ནོ། ལུང་སྟོང་ཞིག་ཏུ་སླེབས་པ་དང་ཝ་མོ་ཞིག་འགྲོ་བ་མཐོང་སྟེ། ནོམ་པ་བྱ་བ་ཞིབ་མོ་ནས་མ་བསགས་ན་མི་ཡོང་བསམ་ཁྱི་དེ་རྟ་གོང་དུ་བླངས་ནས་ཝ་མོ་ལ་རྦད། ཁྱི་དེ་མགྱོགས་དྲགས་ནས་ཝ་མོ་དེ་ཝ་ཁུང་ཞིག་ཏུ་བཙུད་དོ། ཁོ་དེར་སླེབས་མ་ཐག་རྟ་ལས་བབས། ཁྱི་དེ་རྟ་མཐུར་ལ་བཏགས། ལུས་ཆས་རྣམས་ཕུད་རྟའི་སྔ་ཤ་ཕྱི་ཤ་ལ་བསྡམས། ཞྭ་དཀར་དེ་ཝ་ཚང་ལ་བཀབ། རྡོ་ཆེན་པོ་ཞིག་བླངས་ནས་ཝ་ཚང་བརྐོས་པ་ཡིན་འདུག དེར་ཝ་བྲོས་ཁྱི་བརྒྱུགས་རྟ་ཡང་ཁྱི་ཡིས་ཁྲིད་ནས་ཁོ་གཅེར་བུར་ལུས། ཁོའི་བསམ་པ་ལ། གང་ཡང་མེད་པར་ཡུལ་དུ་ལོག་ཕྱིན་ན་ངོ་ཚ་བསམས་ནས་ལ་ཞིག་ལ་འཛེགས་ཕྱིན་ནོ། ལ་ཁ་དེར་སླེབས་ནས་ལྟ་དུས་རྒྱལ་པོའི་ཕོ་བྲང་ཆེན་པོ་ཞིག་འདུག་པ་མཐོང་སྟེ། ལ་ནས་བབས་ཕྱིན་པ་དང་གནམ་ངན་ཞིག་བྱུང་བས་ཕྱི་རོལ་ཏུ་མི་མེད་ཅིང་། ཁུག་ཀྱོག་ཅིག་ཏུ་བསྐྱས་ནས་ཉལ་བསྡད་དོ། རྒྱལ་པོའི་སྲས་མོ་ཞིག་དེར་འཆམ་སྐོར་ཞིག་བྱས་ནས་ལོག་འགྲོ་སྐབས་མོའི་སྐེ་ལ་བཏགས་པའི་རྒྱལ་པོའི་བླ་གཡུ་ཆེན་པོ་ཞིག་ཡོད་པ་དེ་ཐག་པ་ཟད་ནས་ཆད་དོ། དེར་ཁོས་མིག་ལྟ་གིན་བསྡད་པས་བ་ཞིག་གིས་གཡུའི་སྟེང་དུ་ལྕི་བ་ཞིག་བཏང་། ཡང་ཉལ་ནས་བསྡད་པས་གཡོག་མོ་ཞིག་ཡོང་སྟེ་ལྕི་བ་བླངས་ནས་རྩིག་པ་ལ་བརྡབས་སོང་ངོ་། སྔ་དྲོ་ཉི་མ་ཤར་བ་དང་རྒྱལ་པོའི་གྲོང་དེ་ན་ཡོད་པའི་མི་རྣམས་བསྐོངས་ནས། མདང་རྒྱལ་པོའི་སྲས་མོའི་བླ་གཡུ་ཐག་པ་ཆད་ནས་ཐོར། དེ་མངའ་འོག་གི་སྐྱེས་པར་རྙེད་ན་བློན་པོའི་གོ་གནས་དྲག་ཤོས་སྤྲོད། བུད་མེད་ལ་རྙེད་ན་བཙུན་མོའི་གོ་གནས་དྲག་ཤོས་སྤྲོད་པ་ཡིན་ཟེར་བརྡའ་བསྒྲགས་སོ། ཁོ་དེར་ཕྱིན་ཏེ་མི་རྣམས་འདིར་བསྐོངས་ནས་གང་བྱེད་པ་ཡིན་ཟེར་བས། རྒྱལ་པོའི་བློན་པོ་ཞིག་ཁོའི་རྩར་ཕྱིན་ནས་མི་འདི་ལ་ཕལ་ཆེར་མངོན་ཤེས་ཡོད་ཀྱི་རེད་བསམས་ནས། རྒྱལ་པོའི་སྲས་མོའི་མགུལ་ནས་གཡུ་ཞིག་བོར་བ་དེ་རྩད་གཅོད་བྱེད་པ་ཡིན་བྱས་པས། ང་ལ་དགོས་མཁོའི་རྫས་རྣམས་བཤམས་ན་ངས་མངོན་ཤེས་བཤད་ཟེར། རྫས་ལ་ཅི་དགོས་དྲིས་པར་ཕག་པའི་མགོ་ལ་རྒྱུན་པ་བསྒར་བ་གཅིག གོས་གསར་པ་སྤུས་ལེགས་གཅིག དེ་བཞིན་ཞྭ་དང་ལྷམ་རྣམས་ཁྱེར་ཤོག་མངོན་ཤེས་ཆད་དོ་ཟེར་བས། བློན་པོ་དེ་མགྱོགས་པར་རྒྱལ་པོའི་སར་བརྒྱུགས་ཕྱིན་ནས་མི་སྨྱོན་པ་གོས་མེད་པ་ཞིག་གིས་བླ་གཡུའི་མངོན་ཤེས་ཡོང་བ་ཡོད་ཟེར། ཁོས་དགོས་ཟེར་བ་རྣམས་ཁུར་ཕྱིན། ཁོས་གོས་ལྷམ་རྣམས་གྱོན། ཕག་པའི་མགོ་དེ་ལག་ཏུ་ཁྱེར་ནས་མི་རྣམས་ཀྱི་ཁྲོད་དུ་རེ་རེ་བཞིན་ཕག་མགོ་འཛུགས་གིན་འཛུགས་གིན་འདི་ལ་ཡོད་དམ་འདི་ལ་ཡོད་དམ་ཟེར་བཞིན་ཡོང་བས་ཕག་མགོ་བཙུགས་མ་ཚར་བ་རྣམས་ཁག་སུ་ལ་ཡོང་བསམས་ནས་སྐྲག་གོ། མི་རྣམས་ལ་ཕག་མགོ་བཙུགས་ཟིན་པ་དང་གཡུ་དེ་ཡོད་པའི་ལྕི་བ་དེ་ལ་བཙུགས་ནས་འདེར་ཡོད་བྱས་པར་ལྕི་བ་བཀོག་པས་གཡུ་རྙེད་དོ། ཁོ་རྒྱལ་པའི་ཕོ་བྲང་དུ་གདན་དྲངས་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། ཁོ་ལ་བཟང་ལན་དུ་ཅི་དགོས་བྱས་པར། ཁོ་ན་རེ། ང་ལ་གནང་སྦྱིན་ཆེན་པོ་དགོས་པས་ཨེ་འགྲུབ་བྱས་པ་དང་། ཁྱེད་ཀྱི་མངོན་ཤེས་ཀྱིས་ང་ཚོའི་བླ་གཡུ་རྙེད་ཐུབ་པས་ན་མི་འཚམས་པའི་རེ་བ་མིན་ཕྱིན་གཞན་ཁྱེད་རང་གི་སེམས་ལ་དགོས་པ་དེ་བྱེད་དང་བྱེད་བྱས་པས། འོ་ན་ཁྱེད་ཀྱིས་རྟ་སྒ་འགྲིག་མ་ཞིག་དང་། དེའི་སྟེང་དུ་གྱོན་ཆས་ཆ་ཚང་དང་འཁོར་གསུམ་བཀལ་བ། རྟ་དེའི་མཐུར་མདའ་ལ་ཁྱི་བཏགས་པ། དེའི་ཁར་ཝ་མོའི་སོག་པའི་སྟེང་དུ་ཞྭ་དཀར་གྱོན་ཏེ་སྔོན་ལ་འགྲོ་བ། དེའི་རྗེས་ལ་རྟ་དང་ཁྱི་གཉིས་འགྲོ་བ་ཞིག་དགོས་བྱས་པས། རྒྱལ་པོ་མཉེས་ཏེ་ཁོ་ལ་བཀུར་སྟེ་ཕུན་སུམ་ཚོགས་པ་བྱས། ལྦ་མའི་འཛིན་དུ་བཏང་། ཝ་མོའི་སོག་པའི་སྟེང་དུ་ཞྭ་དཀར་གྱོན་ཅིང་མགོ་སྒྲོག་བསྡམས་ནས་སྔོན་དུ་འགྲོ་བ། རྟ་སྒ་ཆ་ཚང་འཁོར་གསུམ་དང་བཅས་པ་ཁོ་རང་གིས་ཟེར་བ་ལྟར་བསྒྲུབས་པས་ཁོ་དགའོ། ཁོ་ལ་རྒྱལ་པོས་མངོན་ཤེས་ཐོགས་པ་མེད་པ་སྟོན་པ་དབུ་གཙུག་ཕག་མགོ་ཅན་དུ་མིང་བཏགས་སོ། དེ་ནས་ཁོ་ལ་མངོན་ཤེས་ཀྱི་གྲགས་པ་ཆེན་པོ་བྱུང་། བློན་པོ་ཞིག་དངོས་པོ་རྣམས་དང་སྦྲགས་ཁོའི་ཆུང་མའི་སར་སྐྱེལ་མར་བཏང་། སྒོ་གདོང་དུ་སླེབས་པ་དང་། ཁོ་རང་གི་རྟ་དང་ཁྱི་རྣམས་ཀྱང་སླེབས་འདུག་ཅིང་། ཆུང་མ་དེ་ཡང་རང་གི་བཟའ་ཟླ་ལོག་ཡོང་བའི་དགའ་ཚོར་གྱིས་ཁོ་ནང་དུ་གདན་དྲངས་པ་མ་ཟད། སྐྱེལ་མ་རྣམས་ལ་ཡང་ཟ་མ་ཕན་སུམ་ཚོགས་པ་དྲངས། དེར་ཆུང་མ་ན་རེ། ཁྱེད་ལྷ་འདྲེས་ཁྲིད་པ་མིན་ནམ་བསམས་ནས་རིམ་གྲོ་དང་མོ་ཕྱྭ་ཡང་མང་པོ་བྱས། དངོས་པོ་དེ་རྣམས་གང་ནས་བྱུང་ཟེར་བར། ཁོས་སྔར་གྱི་ལོ་རྒྱུས་རྣམས་ཞིབ་ཏུ་སྨྲས་མཐར་འདི་ཚོ་ནི་རྒྱལ་པོའི་བླ་གཡུ་རྙེད་པའི་རྔན་པ་ཡིན། ནོམ་པ་ཆེན་པོ་ཡིན་ནམ་བྱས་པར། ཆུང་མ་ན་རེ། རང་རེ་རྟ་ཁྱི་དང་དངོས་པོ་འདི་རྣམས་བྱུང་བའི་ཁར་ཁྱོད་ཀྱང་ལོག་ཐུབ་པས་ནོམ་པ་ཆེ་སྟེ། བླ་གཡུ་ཙམ་རྙེད་པའི་ནོམ་པ་ཆུང་དྲགས་འདུག་པས་ངས་ཞུ་ཡིག་གཏོང་དགོས་ཟེར་རོ། མོས་རྒྱལ་པོ་ལ་ཁོའི་ཞུ་ཡིག་ཡིན་པའི་ཁུལ་གྱིས་ཁ་སང་རྒྱལ་པོ་ལ་བར་ཆད་ཆེན་པོ་འདུག་པས་བླ་གཡུ་བོར། བླ་གཡུ་འཚོལ་བའི་དགོས་ཆ་དང་ནོམ་པ་འདི་རྣམས་ཞུས་པ་ཡིན། ད་བདག་ལ་བླ་གཡུ་ལ་གང་རི་བའི་དངོས་ཆས་ཐུགས་ལ་འདོགས་པ་ཞུ་ཟེར་བའི་ཞུ་ཡིག་ཅིག་ཕུལ་ལོ། དེར་རྒྱལ་བློན་རྣམས་གྲོས་བྱས་པར་མཐར། ཁོ་བདེན། བླ་གཡུ་ཙམ་རྙེད་པའི་ནོམ་ལ་དེ་ཙམ་གྱིས་ག་ནས་ཆོག་གསུངས་ཏེ། གསེར་དངུལ་ཟངས་ལྕགས་ནོར་གནག་རྟ་ལུག་སོགས་ཁོ་རང་གཉིས་དབུལ་དང་བྲལ་བའི་གནང་སྦྱིན་སྐྱེལ་བར་བཏང་ངོ་། དེར་ཁོང་གཉིས་སྐྱིད་པར་ཡོད་ཙ་ན། མི་དེ་ལ་མངོན་ཤེས་པའི་གྲགས་པ་ཡང་ཆེ་བ་བྱུང་ངོ་། དེ་ནས་ལ་ལུང་མང་པོ་བརྒྱབ་པའི་ས་ན་སྐུ་མཆེད་བདུན་གྱིས་རྒྱལ་སྲིད་སྐྱོང་གིན་ཡོད་འདུག ཁོང་ཚོར་བཙུན་མོ་ལེན་རན་ཡང་རང་དང་མཉམ་པ་ཞིག་གང་དུ་བཙལ་ཀྱང་མ་རྙེད་པའི་སྐབས་དེར། སྲིན་ཡུལ་ནས་བོད་ཀྱི་ཡུལ་དུ་རྒྱལ་བུ་སྐུ་མཆེད་བདུན་པོ་དེས་རྒྱལ་སྲིད་དར་ཞིང་རྒྱས་པ་སྐྱོང་གིན་འདུག་པས། དེ་བས་དར་རྒྱས་སུ་ཕྱིན་ན་རང་རེ་ལའང་དམག་ཡོང་བས་འདུལ་དུ་འགྲོ་དགོས་ཟེར། དམག་དྲངས་ཀྱང་ཨེ་ཐུབ་མི་ཤེས་པས་ཐབས་ཀྱིས་འདུལ་བ་ལ་སུ་བཏང་ན་དྲག་ཟེར་བར། དེ་རྣམས་ཀྱི་ནང་ནས་སྲིན་པོ་ཆེ་བ་བཟའ་མི་གཉིས་འགྲོ་རྒྱུ་བྱས་ནས་བོད་གདུལ་བར་བཏང་ངོ་། སྲིན་པོས་གཡག་ཁམ་པ་ཡུ་བོ་ཞིག་ཏུ་སྤྲུལ་ནས་གསེར་གཡུ་ཟངས་ལྕགས་མང་པོ་བཀལ། སྲིན་མོ་དེས་བུད་མེད་མཚར་སྡུག་འོད་ཆགས་པ་ཞིག་ཏུ་སྤྲུལ་ནས་བོད་དུ་ཡོང་ངོ་། རྒྱལ་པོ་དེའི་སྒོ་དྲུང་དུ་སླེབས་པ་དང་། མོ་རྒྱལ་པོའི་སྐུ་མཁར་གྱི་འདབས་སུ་གསེར་དངུལ་ལ་སོགས་ཚོང་རྒྱག་གིན་བསྡད། ཟོག་འཛོམས་ལ་མཚར་སྡུག་ལྡན་པའི་བུད་མེད་ཅིག་རྒྱལ་པོའི་མཁར་འདབས་སུ་འདུག་ཟེར་བའི་གྲགས་པ་ཆེན་པོ་བྱུང་བ་རྒྱལ་པོའི་སྙན་དུ་གསན་ཏེ་རྒྱལ་པོས་ཕོ་བྲང་གི་རྩེ་མོ་ནས་གཟིགས་མོ་མཛད། མོས་ཀྱང་ཡིད་བཞིན་གྱི་ནོར་བུ་ལ་སོགས་པའི་རྒྱན་ཆ་ལུགས་སྤྲས་ཏེ་ཚོང་རྒྱག་གིན་བསྡད་པས་རྒྱལ་པོ་མོ་ལ་ཐུགས་ཤོར་ཏེ། རྒྱལ་པོས་མོའི་རིགས་རྒྱུད་བཟང་ངན་འདྲི་བར་བཏང་ངོ་། མོ་ན་རེ། ང་རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ་ཞིག་གི་རྒྱུད་ཡིན། རང་ཡུལ་དང་བྲལ་ནས་ཚོང་རྒྱག་པར་ཡོང་བ་ཡིན། ད་ལོག་རྒྱུ་ཡིན་བྱས། རྒྱལ་པོ་ལ་ཞུས་པས་རྒྱལ་པོ་མཉེས་ནས་རྒྱལ་རྒྱུད་ཡིན་ན་རང་རེའི་ཁབ་ཏུ་བླངས་པས་ཆོག་ཡར་ཤོག་གསུངས་སོ། ནང་དུ་བོས་ནས་མོ་རང་ཉིད་ཀྱི་བཙུན་མོར་མངའ་གསོལ་ལོ། ལོ་གཉིས་ཙམ་སོང་བའི་རྗེས་སུ་རྒྱལ་པོར་སྙུང་གཞི་དྲག་པོ་ཞིག་ཕོག་ནས་གྲོངས། ཡང་སྐུ་མཆེད་གཞན་རྣམས་ཀྱི་བཙུན་མོ་བྱེད་པའི་རིང་ལ་ཆུང་ཤོས་དེ་མ་གཏོགས་རྒྱལ་པོ་ཆེ་རྣམས་རིམ་གྱིས་གྲོངས། མོ་གཟུགས་མཚར་ཞིང་ཟས་ཆང་ཞིམ་ལ་ཞབས་ཞུ་མཁས་པའི་སྟབས་ཀྱིས་བློས་མ་ཐོང་། མོ་ཕྱྭ་བྱས་པ་དང་མི་རྣམས་ཀྱིས་བཙུན་མ་དེ་རྒྱལ་པོར་འཕྲོད་ཀྱི་མེད་པ་འདྲ་ཟེར་སྐུ་མཁར་གྱི་ཟུར་དུ་གཟིམ་ཆུང་ཞིག་བཙིགས། མོས་སྙུང་གཡོག་བརྒྱུགས་ནས་སྡོད་པའི་སྐབས་དེར་རྒྱལ་པོའི་ནད་དོད་དྲག་ཏུ་ཕྱིན་པས་མངའ་འོག་བློན་པོ་རྣམས་གྲོས་བྱས་མཐར་འདི་ནས་ཉིན་ཁ་ཤས་ཀྱི་ས་ན་མོ་སྟོན་པ་མངོན་ཤེས་ཐོགས་པ་མེད་པ་དབུ་གཙུག་ཕག་མགོ་ཅན་ཞེས་པ་ཞིག་ཡོད་འདུག་པ་དེ་གདན་འདྲེན་པར་ཕྱིན་ན་དྲག་ཟེར། བློན་པོ་དྲག་པ་གསུམ་དང་མི་རྐྱང་མང་པོ་ཁོང་རྩད་གཅོད་གདན་འདྲེན་ལ་ཕྱིན་ནོ། ཁོའི་ཁང་པའི་སྒོ་ཁར་སླེབས་པ་དང་ཁོ་ན་རེ། ཁྱེད་རྣམས་འདིར་ཕེབས་དོན་ཅི་ཡིན་བྱས་པར། ཁོང་ཚོས་ལོ་རྒྱུས་རྣམས་ཞིབ་ཏུ་སྨྲས་ནས་མོ་སྟོན་ཆེན་པོ་ཁྱེད་གདན་འདྲེན་དུ་ཡོང་ལགས་བྱས་པས། ཆུང་མའི་ཙར་ཕྱིན་ནས་ན་ནིང་སྟབས་ལེགས་ཀྱིས་དོན་གྲུབ་པ་ཡིན་ཏེ། ད་རེས་སྔོ་ལོ་འཕྱར་རྒྱུ་རེད་བྱས་པར། མོ་ན་རེ། ད་རེས་མ་ཕྱིན་ན་མི་རྟ་འདི་ག་ཙམ་ལྷགས་ནས་སྔོ་ལོ་དེ་བས་ཀྱང་ཆེ་བ་འཕྱར་རྒྱུ་ཡིན་པས་ཕྱིན་པ་དྲག་སྔར་བཞིན་སྟབས་ལེགས་ཡོང་ཤས་ཆེ་བས་དངངས་སྐྲག་གིས་འདར་བ་སོགས་མ་མཛད་པར་བློ་བརྟན་པོར་འཇོག གལ་ཏེ་རྒྱལ་པོ་སྙུང་དྭངས་ན། རང་རེ་གྲོང་གཅིག་མ་སོང་བས་ཐགས་ཆ་གཡར་མཁན་ཡང་མི་རྙེད་པ་འདུག་པས་ན། ཞོར་ལ་ཐགས་ཆ་གཅིག་བསྒྲུབས་ནས་ལོག་ཤོག་ཟེར་ཁོང་རྣམས་དང་ལྷན་ཅིག་ཏུ་བརྫངས་སོ། རྒྱལ་པའི་ཕོ་བྲང་དུ་སླེབས་པ་དང་གཟིམ་ཆུང་དུ་རྒྱལ་པོའི་སྔས་མགོར་བསྡད་ནས་གཏོར་བཅོས་སོགས་གང་རྒྱས་བྱས། སྔར་གྱི་ཕག་མགོ་དེ་གཏོར་མ་དེ་ལ་བཙུགས། དབུ་སྔས་མགོར་བཞག་ནས་རག་ཤའི་ཕྲེང་བ་ཞིག་ཧབ་ཉིད་བྱེད་ཀྱིན་བསྡད་དོ། སྐབས་དེར་བཙུན་མོ་དེ་ནང་དུ་འཛུལ་ཡོང་ནས་མངོན་ཤེས་མཁན་མཐོང་འཕྲལ་སྐྲག་སྣང་སྐྱེས་ཤིང་ཆང་ཡང་ལ་ཡང་བསིངས་བྱས་པ་གང་དྲངས་ནས། རྒྱལ་པོ་ཆེན་པོ་སྙུང་གཞི་དྭངས་པ་ཞིག་ཁྱེད་ཀྱིས་མཁྱེན་ཟེར་ཕྱེར་ཐོན། དེའི་ནུ་མོ་རྒྱལ་པོ་ཡང་བཟོད་བདེ་བ་ཞིག་བྱུང་ངོ་། རྒྱལ་པོས་མངོན་ཤེས་མཁན་ཕེབས་ནས་ང་ན་བ་འདི་བདེ་འབོལ་བ་ཞིག་བྱུང་གསུངས་པས། མོ་སྟོན་པའི་བསམ་པར་དྭངས་བའི་ཚུལ་སྟོན་པ་དེ་ནི་འཆི་ཁར་སླེབས་པ་འདྲ་བསམ། མོ་སྟོན་འཇིགས་སྣང་སྐྱེས་ནས་ནམ་ཕྱེད་ཙམ་ནས་བྲོས་འགྲོ་དགོས་བསམས་གཏོར་མར་བཙུགས་པའི་ཕག་མགོ་དེ་བཏོན་ཏེ་རྒྱལ་པོའི་ཆིབས་རའི་རྩར་སླེབས་པ་དང་། རྟ་རྫི་བས་ཤུ་སྒྲ་བསྒྲགས་ནས་བྲོས་འགྲོ་ས་མ་བྱུང་ངོ་། ལུག་རའི་ཕྱོགས་སུ་ཕྱིན་ཀྱང་ཕྱིར་དོན་མི་ཐུབ། ཕྱུགས་ར་ཆེན་པོ་ཞིག་འདུག་པ་དེར་ཕྱིན་པས་ཕྱུགས་རྣམས་ཉལ་འདུག་ཅིང་། སྒོ་འགག་དེ་ན་གཡག་གུ་ཁམ་པ་ཞིག་ཉལ་འདུག་པས་དེ་ལ་བསྐོར་ནས་འགྲོ་ས་ནི་མེད། འགམས་ནས་ཕྱིན་པས་ཁོ་ཧར་དེ་ལངས་ནས་མོ་སྟོན་པ་འགྱེལ་ལོ། མོ་སྟོན་པ་ཚིག་པ་ཟོས་ནས་གཡག་དེ་བརྡུངས་པས་ཁོ་རྟབ་རྟོབ་ལ་སྒོ་ཕྱེ་ནས་བྲོས་ཕྱིན། དུད་འགྲོས་སྒེ་ཕྱེ་ཤེས་པ་གང་ཡིན་བསམས་ནས་མགྱོགས་པར་བལྟ་བར་ཕྱིན་པས་སྒོ་ཕྱེ་མཁན་བཙུན་མོ་དེ་ཡིན་པས་སྐས་ལ་འཛེགས་ནས་ཕྱིན་སོང་ངོ་། མོ་སྟོན་པས་ལྐོག་ཉན་བྱས་པས། མོ་ན་རེ། ཁྱོད་ལ་ཅི་བྱུང་ཟེར་བ་དང་། གཡག་ན་རེ། མངོན་ཤེས་མཁན་གྱིས་རིག་ནས་ང་འཚོལ་དུ་སླེབས་བྱུང་། གཉའ་བ་ནས་བཟུང་། གང་དུ་ཡིབས་ཀྱང་རྡོ་རྡུང་བཏང་། བྲོས་ས་མ་རྙེད་པར་གསོད་གྲབས་བྱས་བྱུང་ཟེར་བས། བཙུན་མོ་སྐྲག་ནས་ད་ཇི་ལྟར་བྱས་པ་དྲག་ཟེར། ཁོ་ན་རེ། ད་རང་རེ་གཉིས་འཆི་ལུགས་ལེགས་པོ་ཞིག་ཡོང་བཟོ་མི་འདུག་པས་བྲོས་ཕྱིན་ན་མི་དྲག་གམ་ཟེར། མངོན་ཤེས་མཁན་དེ་ཆོ་འཕྲུལ་ཅན་ཞིག་འདུག་པས་བྲོས་པས་ཐར་ས་མེད། ད་འཆི་ལུགས་འདི་འདྲ་ཡོང་། སང་ཉི་མ་ཤར་བ་དང་མངའ་འོག་གི་མི་རྣམས་ལ་ལག་ཆ་བསྐུར་ནས་ཕུ་ལ་ཤིང་གཅོད་དུ་གཏོང་། གཡག་གུ་འདེ་ལ་སྒ་རྒྱོབ་ཟེར་ཅིང་མངོན་ཤེས་མཁན་པོས་བཞོན་ནས་བཅག་བརྡུངས་གཏོང་གིན་ལུང་པའི་ཕུ་མདའ་མེད་པར་དེད་ཡོང་། ཤིང་ལམ་བྱེད་དུ་བཅུག་ནས་ཐང་ཆད། མར་སླེབས་པ་དང་སྦྱིན་སྲེག་བྱེད་ཟེར། ཕྱི་མ་གིར་ཤིང་རྣམས་བརྩིགས་ནས་རང་རེ་གཉིས་བཀྱིགས་ཏེ་མེ་སྲེག་གཏོང་ཟེར། གཅིག་ལ་གཅིག་བཅངས་ནས་རང་རེ་གཉིས་སྲིན་པོའི་རྒྱལ་པོས་འདིར་བཏང་བ་ཐབས་རྡུགས་ཟེར་ཁ་སྦྱར་ནས་ངུ་གིན་བསྡད་དོ། མོ་སྟོན་ཁོ་དགའ་ནས་གཟིམ་ཆུང་དུ་ལོག མོ་སྟོན་པས་རག་ཤའི་ཕྲེང་བ་དེ་རྒྱལ་པོའི་དབུ་ལ་བཅག་པ་ཞིག་བྱས་ནས། རྒྱལ་པོ་སྐུ་དྭངས་སྐྱེད་ཅི་འདྲ་བྱུང་འདུག་ཞུས་པས། བླ་མ་ཕེབས་ནས་ཟུག་རྣམས་ཆག ལུས་ཁམས་ཀྱང་བདེ་འབོལ་བྱུང་གསུངས། ནམ་ཐོ་རེངས་དུས་སུ་བཙུན་མོ་དེས་ཆང་ཡང་ལ་ཡང་བསིངས་དམ་བི་གང་དྲངས། མོ་སྟོན་པར་ཕྱག་གཅིག་ཕུལ། རྒྱལ་པོ་སྐུ་དྭངས་སྐྱེད་གང་འདྲ་བྱུང་ཡོད་ཞུས་པར། མོ་སྟོན་པས། རྒྱལ་པོ་སྙུང་བ་གདོན་ཚབས་ཆེན་ཞིག་གིས་ཟིན་འདུག་པས་སྦྱིན་སྲེག་བྱ་དགོས་པ་འདུག མར་སྣུམ་ཟས་སྣ་སོགས་ཐམས་ཅད་གྲབས་ཡག་པོ་མཛོད་ཟེར། དེ་ནས་མོ་རྒྱལ་པོའི་རྩར་ཕྱིན་ནས་མདང་སྐུ་ཁམས་བདེ་བ་ཨེ་བྱུང་ཞུས་པར། བླ་མ་ཕེབས་པ་དེ་ནས་བདེ་འབོལ་སོང་། བླ་མས་གང་གསུང་གི་རྫས་རྣམས་མགྱོགས་པོ་སྒུབས་ཤིག་ཟེར་ཞལ་ཏ་གནང་། མོ་སྐྲག་སྣང་སྐྱེ་བཞིན་པར་ཕྱིར་དོན། ནམ་ལངས་ནས་བློན་པོ་དྲག་པ་རྣམས་དང་། ཡུལ་གྱི་གཙོ་བོ་རྒན་རིམ་རྣམས་དེར་འདུས་ནས་སྟོན་པ་ཕག་མགོ་ཅན་ཕེབས་ནས་རྒྱལ་པོ་སྐུ་ཁམས་དྭངས་སྐྱེད་ཅི་འདྲ་བྱུང་ཡོད་བསམས་ནས་ཐམས་ཅད་དེར་འཛོམས་ཏེ་གླེང་མོ་བྱེད་ཅིང་། ཁོང་ཚོས་གཟིམ་དཔོན་ཞིག་ལ་ཞུ་བ་བསྐུར་ནས་ཞལ་འཇལ་ཨེ་ཡོང་ཟེར། རྒྱལ་པོས་ང་དྲག་སྐྱེད་ཆེན་པོ་བྱུང་། ཡོང་ཆོག་མིན་མོ་སྟོན་པར་བཀའ་འདྲི་ཞུས་ཟེར་བས། བླ་མས་གདོན་གྲོལ་བྱས་ཚར་བས་སྐུ་ཁམས་དྭངས་སྐྱེད་བྱུང་། ཁོ་རང་ཚོ་ནང་དུ་བོས་ཤོག་གསུངས་པས་ཁོང་རྣམས་ནང་དུ་བོས། སྐབས་དེར་གཟིམ་ཆུང་གི་སྒོ་བསྡམས་ཏེ་བླ་མའི་ཞལ་ནས། རྒྱལ་པོ་རྩ་བ་ནས་སྙུང་གཞི་དྭངས་འདོད་དམ་མི་འདོད་བྱས་པར། རྒྱལ་པོས་ལོས་ཀྱང་འདོད་ཟེར། འོ་ན་རང་རེའི་བཙུན་མོ་འདི་དང་མོའི་བཟའ་ཟླ་གཉིས་སྲིན་ཡུལ་ནས་རྒྱལ་རབས་གཅོད་པ་ལ་བཏང་བ་ཡིན་འདུག་པས་འདི་གཉིས་མེ་ལ་བསྲེགས་ན་རྒྱལ་རབས་ཀྱང་མི་ཆད་པར་རྒྱལ་སྲིད་དར་ཞིང་རྒྱས་པ་ཡོང་། རྒྱལ་པོ་ཁྱོད་ཀྱིས་གསོད་ཨེ་ནུས་གསུངས་པར། རྒྱལ་པོས། བཙུན་མོ་འདིས་ངེད་སྤུན་རྣམས་ཀྱི་ཆུང་མ་བྱས་པས་བསྲེགས་ན་སྙིང་རྗེ། འདིའི་ཁྱོ་བོ་བསྲེགས་ན་ཁྱད་མེད་ལས་ཆེ་བ་ཁྱོ་བོ་དེ་ག་ན་ཡོད་པ་ཡིན་ཞུས་པས། ཁྱོ་བོ་མོ་རང་དང་བསྡེབས་ནས་ཡོང་བའི་གཡག་ཡུ་བོ་དེ་ཡིན། ང་ལ་ཉན་ན་གཉིས་ཀ་བསྲེག་དགོས་བྱས་པས། དེར་བློན་པོ་རྣམས་ཀྱིས། བླ་མ་མངོན་ཤེས་མངའ་བ་ལགས་པས། བླ་མས་གང་གསུང་ལ་ཉན་ནས་གཉིས་ཀ་བསྲེག་པ་དྲག་ཟེར་བས། རྒྱལ་པོས་ཀྱང་བླ་མའི་བཀའ་མ་ཆོག་པར་དེ་ལྟར་བྱ་རྒྱུ་དང་དུ་བླངས། དེར་ཁོང་རྣམས་སུས་ཀྱང་ཕྱིར་ལབ་རྒྱུ་མེད་པའི་མནའ་བསྒགས། དེའི་ཕྱི་ཉིན་མངའ་འོག་གི་འབངས་འཁོར་གཡོག་ཁལ་མ་དང་བཅས་པ་རྣམས་སྦྱིན་སྲེག་ལ་མཁོ་བའི་ཤིང་གཅོད་དུ་ལུང་པའི་ཕུར་ཕྱིན། བླ་མས་ཀྱང་གཡག་གུ་ལ་སྒ་རྒྱོབ་ཅིག་ང་ཡང་འགྲོ་གསུངས་ནས་ཕག་མགོ་ཏོག་ཡུ་བྱས་པ་ཕྱག་ཏུ་བླངས། རག་ཤའི་ཕྲེང་བ་བསྣམས། གཡག་གུར་ཆིབས་ནས་བྱོན། ཚང་མ་བྲེལ་ཟིང་ངང་ཤིང་གཅོད་ཀྱི་ཡོད་ཙ་ན། བླ་མ་མངོན་ཤེས་མཁན་གྱིས་ཁྱོད་རང་རྣམ་པ་འོ་བརྒྱལ། གཡག་ཡུ་བོའི་སྒ་བཤུས། ཁོའི་ལག་ཏུ་སྟ་གྲི་གཏོད་ལ་ཤིང་གཅོད་དུ་ཆུག ཁོས་སྒོ་འབྱེད་པ་དང་སྐས་འཛེགས་པ་བྱུང་བས་ཤིང་གཅོད་པ་ལོས་ཡོང་གསུངས། སྟ་གྲི་ལག་ཏུ་སྤྲད་ནས་ཤིང་གཅོད་དུ་བཅུག་པས་མི་རྣམས་ཡིད་ཆེས་སོ། ཤིང་རྣམས་ཆོད་རྗེས་གཡག་གུ་ལ་བཀལ་ནས་ཕོ་བྲང་དུ་སླེབས། བློན་པོ་མངའ་འོག་རྣམས་ལ་བཀའ་གནང་ནས་ཤིང་གི་ཁང་པ་གྲུ་བཞི་ཞིག་བརྩིག་ཏུ་བཅུག་སྟེ། སྟོན་པ་རྒྱལ་པོའི་དྲུང་དུ་ཕྱིན་པས། བཙུན་མོ་དེ་རྒྱལ་པོས་བསླུ་བར་རེ་ནས་དེ་ན་སླེབས་འདུག་ཅིང་། དེར་མོ་སྟོན་པས་ལིངྒ་ཧོམ་ཁུང་གྲབས་བྱས་ཚར་ཡོད་པས། བཙུན་མོས་སྣུམ་དང་ཁ་ཟས་རྣམས་གྲ་སྒྲིག་བྱས་ཚར་ཡོད་ཤས་ཆེ། ད་ལྟ་མགྱོགས་པར་ཁྱེར་ཤོག་བྱས་པར། དེར་བཙུན་མོ་ཕྱག་མཛོད་དུ་ཕྱིན་ནས་སྣུམ་དང་བཟའ་ཆ་རྣམས་ཁྱེར་བྱུང་ངོ་། དེར་རྒྱལ་པོས་སྟོན་པ་ལ། ཐབས་དང་བསུང་བ་བཞིན་བྱས་ན་ཇོ་མོ་དེ་འཇོག་ཨེ་ཐུབ་བྱས་པས། མོ་སྟོན་པས། ཕྱིའི་ཡི་དམ་ལྷ་སྲུང་གི་ཁ་གནོན་མོའི་ཁྱོ་བོ་འདིས་བྱེད་པ་ཡིན། ཁྱོད་ཀྱི་སྤུན་མཆེད་རྣམས་མོས་ཟོས་པ་ཡིན། ཁྱེད་རང་ཡང་ང་མ་སླེབས་ན་བཟའ་བ་ཡོད། རྒྱལ་པོ་ཁྱོད་རང་ཁང་ཐོག་ནས་གཟིགས་པ་ཞུ་ཞུས་ནས་སྟོན་པ་མར་བྱོན་ནོ། མི་རྣམས་ཀྱི་ནང་ནས་ཕོ་དཔའ་རྩལ་ཆེ་བ་རྣམས་ཀྱིས་སྲིན་པོ་བཟའ་མི་གཉིས་བཟུང་ནས་དམ་པོར་བཀྱིགས་ཏེ་ཁྱོད་གཉིས་ཀྱི་རང་གཟུགས་སྟོན་མི་སྟོན་ཟེར་མགོ་ནས་མཇུག་བར་ཏོག་མས་བརྡུངས་པས། མོ་ན་རེ། ངོ་ཚ་ཡང་རང་གཟུགས་བསྟན་པ་དྲག སྡུག་ཐག་ཐུང་ན་དགའ་ཟེར། དེར་གཡག་ཁམ་པ་དེ་སྲིན་པོ་མགོ་གཉིས་པ་མཆེ་བ་ལན་ཕུར་ཙམ་བྱས་པ་ཞིག་ཏུ་གྱུར། ཐག་པས་ཡང་བཀྱིགས་བྱས་པ་དང་། མོ་ཡང་མཆེ་བ་ལན་ཕུར་ཙམ་རྩིག་པ། ནུ་མ་ཕྲག་ལ་བཀལ་བ་ཞིག་ཏུ་གྱུར་རོ། ཤིང་ཁང་དེར་མེ་སྤར་ཏེ་ཁོང་གཉིས་བསྐྱུར་བས་སྲིན་མོ་ན་རེ། སྲིན་པོའི་རྒྱལ་པོས་རང་རེ་གཉིས་ལ་འདི་ལྟ་བུའི་སྡུག་བསྔལ་སྦྱར་བྱུང་ཟེར་ནས་ཆོ་ངེ་ཆེན་པོ་བཏོན་ནོ། རང་གཟུགས་རྗེན་པར་ཐོན་པས་མི་རྣམས་ཀྱང་ཡིད་ཆེས་སོ། མར་སྣུམ་རྣམས་ཁོ་གཉིས་ཀྱི་མགོ་ལ་བླུགས་པས་སྐད་ཅིག་ཉིད་དུ་ཚིག་གོ། རྒྱལ་བློན་ཐམས་ཅད་ཀྱིས་བླ་མ་ལ་ཕྱག་ཕུལ། རྒྱལ་པོས་བླ་མ་ཁྱེད་ལ་འབུལ་བ་ཅི་དགོས་ཐུགས་ལ་འཇོག་པ་ཞུ། ཁྱེད་ལས་སྐུ་དྲིན་ཆེ་བ་མེད་པས་རང་རེའི་མངའ་འོག་ན་འདུག་པ་དང་། ཕྱག་མཛོད་དུ་ཡོད་པ་གང་དགོས་འབུལ་ཞུས་སོ། དེར་སྟོན་པས། ང་ལ་ཐགས་ཆ་མ་མད་བཅུ་གཉིས་དང་སྣ་འཇུ་དང་བཅས་བཅུ་གསུམ་དགོས་ཟེར་བས། དེ་རྣམས་ལས་སླ་ཟེར་ཐགས་ཆ་ཕུལ་ལོ། དེ་མིན་བེན་ཐུལ་རིང་ཐུང་། ཞྭ་མོ་ལ་སོགས་པ་དང་། གོས་ཆེན་ར་ཧུན་ལས་བྱས་པའི་རིང་འགག་སོགས་དངོས་རྫས་ཁལ་རྒྱབ་ཁ་ཤས་ཕུལ། དེར་བླ་མ་ལ་སྐྱེལ་མ་དང་བཅས་བརྫངས། དེར་རྒྱལ་བློན་རྣམས་ཀྱང་དཔག་ཚད་གསུམ་བཞིའི་མཚམས་སུ་སྐྱེལ་མ་མཛད་དོ། སྟོན་པ་ཁོ་རང་གི་ཆུང་མའི་སར་སླེབ་སྐབས་ཆུང་མས་བསུ་བ་བྱས། རྒྱལ་པོ་སྙུང་གཞི་དྭངས་ལགས་བྱས་པས། རྒྱལ་པོའི་སྙུང་གཞི་དྭངས་སོང་། ཁྱོད་རང་གི་དོན་ཡང་བསྒྲུབས་ཡོད་ཟེར། དེའི་ནུབ་མོར་སྐྱེལ་མི་རྣམས་ལ་བཟའ་བཏུང་གི་སྣེ་ལེན་གཟབ་པ་དང་སྦྲགས། ཐགས་ཆ་མ་མད་བཅུ་གཉིས་པོ་འདི་ནི་རྒྱལ་རྒྱུད་བཅུ་གཉིས་ཀྱི་བར་དུ་དར་ཞིང་རྒྱས་པ་ཡོང་བའི་རྟགས་ཡིན། སྣ་འཇུ་དང་བཅས་བཅུ་གསུམ་ཡོང་བ་ནི་ཁྱེད་རང་དང་བཅུ་གསུམ་ཡོང་བའི་རྟགས་ཡིན། རྒྱལ་པོས་ཐུགས་ལས་བཅད་པའི་གནང་སྦྱིན་གང་གནང་རྒྱལ་པོ་རང་གིས་མཁྱེན་ཟེར་བའི་ཞུ་ཡིག་ཅིག་སྐྱེལ་མི་རྣམས་ལ་བསྐུར་རོ། སྐྱེལ་མི་རྣམས་ཡར་སླེབས་ནས་རྒྱལ་པོ་ལ་བླ་མའི་གསུང་ཤོག་ཕུལ་བ་དང་། རྒྱལ་བློན་ཐམས་ཅད་ཀྱིས་དེ་བདེན་པར་འདུག་ཟེར་བཀའ་གྲོས་མཛད་ནས་ནོར་བུ་རིན་པོ་ཆེས་འགོ་བྱས་པའི་སྤྱི་ནོར་གསེར་དངུལ་ཟངས་ལྕགས་རྟ་དང་གླང་པོ་མ་ཧེ་ལ་སོགས་པ་དང་ས་གཞིས་གོས་དང་བཅས་པ་གནང་ངོ་བྱས་པས། རྒྱལ་པོའི་ཁ་ནས་མི་དེ་ལམ་འགྲོ་རྒྱུགས་པའི་ཐོག་ལ་ཆུང་མ་དེས་ཁོའི་འགོ་བཏོན་འདུག་ཟེར་བ་ཁ་ནས་ཤོར་བས། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར་ནས་རྡུལ་འཕྱུར་རེ་ཤོར་རོ། རྒྱལ་བུའི་བསམ་པ་ལ། ཁོའི་ལབ་ལབ་དེ་མང་བས་སེམས་ཡེངས་ཏེ་གཏམ་ཤོར། རོ་དེ་མེད་པར་ཕྱིན་ན་ནི་བཀའ་བཀྱོན་ཕོག་ཡོང་བསམས་ཏེ་ཡང་དུར་ཁྲོད་དེར་ཁ་བལྟས་ནས་ཕྱིན་ནོ། རོ་ཧ་ལ་ཟེར་བ་རྣམས་ལ་འགམས་ནས་ཕྱིན། ཧུ་ལུ་ཟེར་བ་རྣམས་རྡོག་པས་བརྡུངས། ཤིང་སྡོང་དེའི་རྩར་སླེབས་སོ། །