ཤེས་རབ་དང་རྨོངས་དད།

488/545

ཤེས་ནས་དད་པ་དང་མ་ཤེས་པར་རྨོངས་ནས་དད་གུས་བྱེད་པ་གཉིས་ནི་ནོར་འཁྲུལ་འབྱུང་རྐྱེན་པ་ཞིག་ཡིན། རྨོངས་དད་ནི་གདོད་མའི་དུས་རབས་སུ་བྱུང་བའི་མིའི་འཇིགས་པ་བསྐྱབ་པར་རེ་བའི་བསམ་བློ་ཞིག་སྟེ། མིས་སྒྲུབ་མི་ཐུབ་པའི་བྱ་བ་དག་ལྷ་ལ་སྐྱབས་འཚོལ་བའི་ལུགས་སྲོལ་ཞིག་ཡིན་པར་བསྟན་ཡོད།

གདོད་མའི་དུས་སྐབས་སུ་མི་རྣམས་པ་སྒྲ་ཇག་ཆོམ་རྐུན་གྱིས་འཇིགས་པས་གཙེས་དྲགས་པས་འཇིགས་པ་དེ་བསྐྱབ་པའི་ཐབས་ལམ་གཞན་མ་རྙེད་པར ། ལྷ་དང་རི་བྲག་ཆུ་ཤིང་སོགས་ལ་འཇིགས་པ་བསྐྱབ་ཕྱིར་རྒྱུ་མཚན་ཅི་ཡང་མ་རྙེད་རུང་དེ་ལ་དད་པ་དང་། མཆོད་གསོལ་དང་སྐྱབས་འཚོལ་བར་བྱས་པ་ནི་མིའི་རིགས་ཀྱི་རྨོངས་དད་ལམ་ལུགས་ཀྱི་ཐོག་མ་ཡིན། རིམ་བཞིན་འདི་ལ་རྨོངས་དད་ཅེས་པའི་བརྡ་ཆད་བྱུང་སྟེ་འདི་ནི་སྐྱེ་བོ་ཐུན་མོང་གི་སེམས་ལ་འཆར་རུང་བ་ཞིག་སྟེ། མགོ་སྐོར་ཐེབ་པའམ་ཡིད་རྨོངས་བཞིན་བྱ་བ་ག་གེ་མོར་ཞུགས་པ་དང་གཞན་ལ་ཡིད་ཆེས་བྱེད་པའི་འདུ་ཤེས་དེ་ནི་རྨོངས་དད་རེད། མ་གཞི་ནས་དམིགས་འབེན་དེ་ལ་རྒྱུ་མཚན་དང་གནས་ལུགས་ཡོད་མེད་མ་ཡིན་པར་རང་གིས་གང་ཡང་མ་ཤེས་པའི་སྒོ་ནས་བདེན་པར་རློམ་པ། དད་པ་དང་ཡང་ན་ཡིད་ཆེས་བྱས་པ་ཡིན་ནའང་རང་ལ་མཚོན་ན་ཚང་མ་རྨོངས་དད་རེད།

རྨོང་དད་ལ་གཞི་ནས་མི་སྲིད་པ་ལ་ཡོད་པར་འདོད་པའི་རྨོངས་དད། རྒྱུ་མཚན་མ་ཤེས་རུང་བདེན་པར་ཞེན་པའི་གཡམ་རྒྱུག་གི་རྨོངས་དད་གཉིས་ཡོད། ཆོས་ལུགས་དང་ཚན་རིག བྱ་བ་གྲོགས་པོ་ཡང་ན་དངོས་པོ་དང་སྐད་ཆ་སོགས་ལའང་རྨོངས་དད་ཀྱི་བསམ་བློ་སྐྱེ་རུང་བ་ཡིན། ལྷག་ཏུ་ཆོས་ལ་བརྟེན་ནས་རྨོངས་དད་བྱེད་པ་ནི། དད་པ་བྱེད་ཡུལ་དེ་ལ་རིགས་པས་མ་དཔྱད་མ་བརྟགས་པའམ། ཡང་ན་ཡིན་མིན་དང་ཡོད་མེད་བདེན་རྫུན་སོགས་དབྱེ་འབྱེད་ཀྱི་ཤེས་རབ་མི་ལྡན་པར་ཡུལ་སྲོལ་གོམས་གཤིས་དང་། སྲོལ་རྒྱུན་ཙམ་ལ་བསྟེན་ནས་ཆོས་ལུགས་གང་རུང་ལ་དད་པ་བྱེད་པ་དང་། བཟང་ངན་གྱི་རྒྱུ་མཚན་གང་ཡང་མི་ཤེས་པར་ཡིད་ཆེས་བྱེད་པ་ནི་རྨོངས་དད་ཟེར་བ་ཡིན། རྨོངས་དད་དེས་རང་གི་འདོད་དོན་གང་ཡང་མི་འགྲུབ་པར་རང་ཉིད་བརླག་སྲིད་པར་མ་ཟད། ཡོད་ཚད་ཕུང་བྱེད་ཀྱི་རྩ་བ་རུ་འགྱུར་སྲིད། མ་ཟད་ནམ་ཞིག་རྨོངས་དད་ཡིན་པ་རྟོགས་རྗེས་སྔར་སོང་ལ་འགྱོད་སེམས་དང་རང་ཉིད་ལ་འཁང་ར་བྱེད་པ། ངོ་གནོང་དགོས་པའི་དུས་ཤིག་སླེབ་སྲིད་པ་ཡིན། དེས་ན་སྤྱི་ནས་གླེང་ན་རྨོངས་དད་ནི་ཅི་ཡང་མི་ཤེས་མཁན་གྱི་བྱ་བ་སྟེ་ཨུ་ཐུག་ཐབས་ཟད་ཀྱི་བསམ་བློ་གཡམ་རྒྱུག་མཁན་ཏེ་འཇིགས་སུ་རུང་བ་ཞིག་ཡིན། འོན་ཏེ་སངས་རྒྱས་ཆོས་ལུགས་ལྟ་བུའི་ལྟ་སྒོམ་སྤྱོད་འབྲས་ཡང་དག་པའི་ཆོས་ལུགས་ཅིག་ལ་རྨོངས་དད་བྱེད་པ་ནི་ལེགས་ཉེས་ཀྱི་ཆ་གཉིས་ཡོད་པ་ཡིན། ཆོས་གཞུང་རྣམས་སུ། རྟོག་ཅིང་དཔྱོད་པའི་རྟོག་གེ་པ། །དེ་ལ་དངོས་གྲུབ་ཤིན་ཏུ་རིང༌། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །ཞེས་སངས་རྒྱས་ཀྱི་ཆོས་ལ་འཇུག་པའི་ལམ་ག་གཉིས་བསྟན་ཡོད། གཅིག་ནི་ཐོས་བསམ་སྒོམ་གསུམ་གྱི་གོ་རིམ་བརྒྱུད་དེ་རྣམ་དཔྱོད་ཀྱིས་ལེགས་པར་བརྟགས་ཤིང་དཔྱད་པ་སྔོན་དུ་བཏང་ནས་ཤེས་ནས་དད་པ་བྱས་ན་དི་བཞིན་འབྲས་བུ་ས་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེ་ཚུལ་ཞིག་དང་། ཅིག་ཤོས་ནི་རང་ལ་དེ་འདྲའི་རྣམ་དཔྱོད་མི་ལྡན་པའམ་ཐོས་བསམ་སྒོམ་གསུམ་གྱི་གོ་རིམ་མཐའ་ཆོད་པ་ཞིག་བྱེད་ཐབས་བྲལ་བ་ཡིན་ན། འགྱུར་བ་མེད་པའི་རྨོངས་དད་བརྟན་པོ་ཞིག་ཡོད་ན་སྐྱེས་བུ་དེ་ལའང་གོང་བཞིན་ས་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེ་བར་བསྟན་ཡོད་པ་ཡིན། དེ་མིན་ཟབ་དང་རྒྱ་ཆེ་བའི་ཆོས་གཞུང་ལ་སྦྱང་བ་སྔོན་སོང་མེད།

ཡིད་ཆེས་ཀྱི་དད་པ་བརྟན་པོའང་མེད་པའི་མི་རྣམས་ལ་འབྲས་དུ་ཅི་ཡང་མེད་པར་གསུངས་ཡོད་པས། སངས་རྒྱས་ཀྱི་ཆོས་ལ་འཇུག་མཁན་གྱི་མི་ཞིག་ལ་མཚོན་ན་རྨོངས་དད་བྱེད་པ་ནི་དེ་འདྲའི་འཇིགས་སུ་རུང་བ་ཞིག་མིན་པར་མ་ཟད། དབང་རྣོན་མ་ཡིན་པའི་རིགས་ལ་ཆེས་མེད་དུ་མི་རུང་བའི་ཐབས་ལམ་ཞིག་ཡིན་ཞེས་བཤད་ནའང་ཆོག་ཆོག་ཏུ་འདུག དེས་ན་རྨོངས་དད་བྱེད་པ་ལ་ལེགས་པའི་ཆ་དང་ཉེས་པའི་ཆ་གཉིས་ཡོད་པས་མཐའ་གཅིག་ཏུ་ཕྱོགས་འཛིན་བྱས་ན་རང་ཉིད་ཀྱི་མཁྲེགས་འཛིན་དམར་རྗེན་མ་དེ་ཕྱིར་ངོམ་པ་ལས་གྲུབ་ཆ་ཚང་བའི་བསམ་བློ་ཞིག་མིན།