གློག་བརྙན་གྲགས་ཅན་གཟིག་ནག་བྱ་བ་ལ་བལྟས་རྗེས་ཀྱི་ཚོར་སྣང་།

486/545

རྩོམ་པ་པོ། ཆུ་སྒང་ཤཱཀྱ་ཤེས་རབ།

གློག་བརྙན<<གཟིག་ནག>>ནི་ཨ་རིའི”འཕགས་མི”གློག་བརྙན་གྲལ་གྱི་གསར་ཤོས་དེ་ཡིན་ཞིང་། ཕྱི་ལོ་༢༠༡༨ལོའི་ཟླ་བ་༢པའི་ཚེས་༡༦ཉིན་བྱང་ཨ་མེ་རི་ཁ་ནས་དངོས་སུ་གློག་བརྙན་ཁང་དུ་གཏོང་མགོ་བརྩམས། <<གཟིག་ནག>>ལ་ཨ་རི་ནས་དགའ་བསུ་ཆེན་པོ་ཐོབ་ཅིང་། གློག་བརྙན་གཟིགས་འབུལ་འཛིན་ཤོག་ཁོ་ནའི་ཡོང་སྒོ་ལ་ཨ་རི་ནས་ཨ་སྒོར་དུང་ཕྱུར་ལྔ་དང་། འཛམ་གླིང་ཡོངས་ནས་ཨ་སྒོར་དུང་བཅུ་ཡི་གྲངས་ལ་བསླེབས་ཟིན།
<<གཟིག་ནག>>གི་གཙོ་འཁྲབ་མི་སྣ་དག་ནི་མིང་དུ་གྲགས་པའི<<ཧཱོ་ལེ་ཝོ>>ཡི་གྲགས་སྐར་དག་ཡིན་ལ། གཞན་སྔར་གྱི་འཕགས་མི་གློག་བརྙན་དག་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་ད་ཐེངས་ཀྱི་གློག་བརྙན་ནང་གི་འཕགས་མི་འཁྲབ་མཁན་དེ་མི་ནག་དང་། འཕགས་མི”གཟིག་ནག”ཏུ་འབོད་པ་དེའང་མི་ནག་ལ་མགོན་སྐྱོབ་བྱེད་མཁན་དུ་བཞེང་སྐྲུན་བྱས་འདུག ། གློག་བརྙན་ཁྲོད་ཀྱི་ཡུལ་ལྗོངས་དང་གོམས་གཤིས་ནི་ཧླེ་གླིང་གི་ཡུལ་སྲོལ་རེད། འོ་རེད། འདི་ནས་གསལ་བཤད་དགོས་པ་ཞིིག་ནི“གཟིག་ནག”ཅེས་པ་དེ་མི་ཞིག་གི་མིང་མིན་པར་རྒྱལ་པོའི་ཐོབ་མིང་སྟེ། དཔེར་ན་ང་ཚོའི་ལུང་པ་ནས་རྒྱལ་པོའི་ཐོབ་མིང་གཞན་ལ་“བཙན་པོ”ཞེས་པ་ལྟ་བུ་རེད་འདུག །

༡. <<གཟིག་ནག>>དང་སྐྱེ་ཁུངས།

གློག་བརྙན<<གཟིག་ནག>>གི་བྱུང་རིམ་ནི<<ཨ་རིའི་རུ་དཔོན། རབས་༣>>པའི་དོན་རྐྱེན་ཞིག་ལ་འཕྲོ་མཐུད་པར་མཐོང་། དེའང་བདག་གིས་ཟླ་གཅིག་གི་སྔོན་ནས་བལྟས་པའི་གློག་བརྙན<<ཨ་རིའི་རུ་དཔོན། རབས་༣པ>>ནང་ཐུ་ཐྲ་ལའི་ཕ་རྒན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ནས་གཏམ་བཤད་སྤེལ་སྐབས་འབར་རྫས་ཀྱི་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་སོང་བ་དང་། དེ་རྗེས་ཨ་རིའི་རུ་དཔོན་དང་ལྷན་དུ་ཕ་གསོད་ལག་དམར་གྱི་དགྲ་ཤ་ལེན་པའི་ལམ་ལ་ཞུགས། ད་ཐེངས་ཀྱི<<གཟིག་ནག>>ནང་ནས་ཐུ་ཐྲ་ལ་རང་རྒྱལ<<ཝ་ཁན་དཱ>>རུ་ལོག་པ་དང་། ཤ་འཁོན་རྩོད་མཚམས་རེ་ཞིག་བཞག་ནས་ཕ་ཤུལ་བུ་འཛིན་གྱིི་ཚུལ་ཏུ་ཝ་ཁན་དཱའི་རྒྱལ་པོའི་ཁྲི་གསོལ་གྱི་མཛད་སྒོའི་ཆོ་ག་ལ་ཞུགས་ནས་རྒྱལ་པོ་བྱས། གློག་བརྙན་ཁྲོད་ཀྱི་ཝ་ཁན་དཱ་རྒྱལ་ཁབ་ནི་ཧྥེེ་གླིང་གི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱལ་ཁབ་འདིར་སྔར་ནམ་མཁའི་ཁམས་ནས་ནུས་ཤུགས་བླ་ན་མཐོ་བའི་སྐར་རྡོ་གཅིག་ལྷུང་ཞིང་། ཝ་ཁན་དཱའི་འབངས་མི་རྣམས་ཀྱིས་སྐར་རྡོ་དེའི་རྫས་ནུས་བེད་སྤྱད་དེ་ཚན་རྩལ་དང་བརྡ་འཕྲིན། འགྲིིམ་འགྲུལ། གསོ་སྨན། དམག་དོན་སོགས་གང་ཐད་ནས་ཐོད་རྒལ་རང་བཞིན་གྱི་ཡར་རྒྱས་སུ་ཕྱིན། ཏག་ཏག་སྐབས་དེར་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་དག་ཀྱང་རིམ་བཞིན་ཡར་རྒྱས་སུ་སོང་སྟེ་ཕན་ཚུན་དམག་འཁྲུག་བརྒྱབས་པར། ཝ་ཁན་དཱའི་རྒྱལ་པོ་སྔོན་མ་ཡིས་ཕྱི་འབྲེལ་སྲིད་ཇུས་ལ་འགྱུར་བ་བཏང་སྟེ་ཐུན་མིན་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ཧྲིལ་པོ“གབ་སྦས”བྱས་ཏེ། ཕྱི་རྒྱལ་གྱིས་རང་ཉིད་ལ་གནོད་མི་ཐུབ་པར་བྱས་ཤིང་རང་རྒྱལ་གྱིས་ཕྱི་རྒྱལ་ལའང་གནོད་པ་མི་བཟོ་རྒྱུའི་སྲིད་ཇུས་ལག་བསྟར་བྱས། ཡིན་ན་ཡང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དག་སྟོབས་ཇེ་ཆེར་སོང་སྟེ། ཝ་ཁན་དཱ་དང་བར་ཐག་ཇེ་ཐུང་ལ་སོང་བར་བསྟུན། རྒྱལ་རྒན་གྱི་སྲིད་ཇུས་ལ་བསྐྱར་ཞིབ་དགོས་པའི་གནས་ཚུལ་དོོོན་ཞིང་། རྒྱལ་རྒན་ཁོ་རང་གི་སྤུན་ཟླ་ངོ་མས་ཐོག་མར་སྲིད་ཇུས་དེ་ལ་རྒོལ་བ་བྱས། རྒྱལ་རྒན་སྐུ་དངོས་ཀྱིས་མི་འདོད་བཞིན་རྒྱལ་སྤུན་གསོོད་དགོས་བྱུང་བ་རེད། རྒྱལ་སྤུན་གྱིས་རྒྱལ་རྒན་གྱི་སྲིད་ཇུས་ལ་རྒོལ་དགོས་དོན་ནི། ཝ་ཁན་དཱ་ལྟ་བུའི་མི་ནག་གི་སྟོབས་ཆེན་རྒྱལ་ཁབ་ཅིག་གིས་རང་ཉིད་དང་ཤ་ཁྲག་གཅིག་པའི་མི་ནག་འབུམ་ཚོ་དུ་མར་རོགས་རམ་དང་རྒྱབ་སྐྱོར་མི་བྱེད་པས་ཡིན་འདུག འདི་ལྟ་བུའི་བྱུང་རིམ་ཞིག་བརྒྱུད་ནས་ཚན་རྩལ་གློག་བརྙན་<<གཟིག་ནག>>གི་ངོ་མཚར་བའི་བརྙན་མིག་དག་མིག་ལམ་ནས་ཟད་པ་མེད་པར་ཤར་བྱུང་།

༢<<གཟིག་ནག>>དང་མི་ནག་གི་མགོན་པོ”གཟིག་ནག”

གོོང་ནས་ཞུས་པ་ལྟར”གཟིག་ནག”ནི་མི་ནག་གི་རྒྱལ་ཁབ་ཝ་ཁན་དཱའི་རྒྱལ་པོའི་ཐོབ་མིང་ཞིག་ཡིན་འདུག་ཅིང་། རྒྱལ་ཁབ་དེ་ནི་ཕྱིའི་རྒྱལ་ཁབ་གང་གིས་ཀྱང་མི་སེར་སྤེལ་ཡུལ་དུ་གྱུར་མ་མྱོང་བར་བཞེང་སྐྲུན་བྱས་ཏེ་ཧྥེང་གླིང་གི་ཐུན་མིན་སྲོལ་རྒྱུན་དང་དེང་རབས་རང་བཞིན་གྱི་བཟོ་བཀོད་གཉིས་ཟུང་འཇུག་ཚད་ལྡན་དང་སྦྲགས། གློག་བརྙན་གྱི་བར་སྐབས་རོལ་དབྱངས་དང་བྲོ་གླུ་དག་ཀྱང་ཧྥེ་གླིང་གི་སྲོལ་རྒྱུན་གླུ་བྲོ་བཀོད་འདུག་པས། གློག་བརྙན་འདི་ལྟ་དུས་ཧྥེེ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་རང་ཉིད་དངོས་སུ་ཐོན་པའི་ཚོར་བ་བསྐྱེ་ཡོང་།
དེ་ནས་གློག་བརྙན་འདི་ཡི་མིང་ལ<<གཟིག་ནག>>དང་རྒྱལ་པོའི་མིང་ལའང<<གཟིག་ནག>>ཝ་ཁན་དཱ་རྒྱལ་ཁབ་ཀྱི་ཡུལ་ལྷ་ཡང”གཟིག་ནག”ཅིག་ཡིན་པར་བཞེང་སྐྲུན་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ། ཅིའི་ཕྱིར་ཆེད་དུ”གཟིག་ནག”ཅེས་པའི་ཐ་སྙད་འདི་བདེེམས་པ་ཡིན་པར་བསམ་བློའི་རྟ་ཁ་དཀྱུས་ན།
དེའང་ལོ་རྒྱུས་ཀྱི་པོད་ཏི་ཆེན་མོར་ཅུང་ཙམ་མིག་ཟུང་ཕྱོགས་ནས་རིགས་རྒྱུད་ལོག་གཅོད་དང་མི་ནག་བྲན་བཀོལ་གྱི་དུས་རབས་ནག་པོའི་ཤོག་ལྷེ་བཀྱག་ཚེ་འདི་ལྟར་མཐོང་རྒྱུ་འདུག་སྟེ། ༡༩༦༦-༡༩༨༢བར་དུ<<གཟིག་ནག་སྲིད་ཚོགས>>ཞེས་པའི་མི་ནག་གི་རང་དབང་དང་འདྲ་མཉམ་བརྩོན་ལེན་གྱི་ལངས་ཕྱོགས་འཛིན་པའི་ཆབ་སྲིད་ཤོག་ཁག་ཅིག་བྱུང་མྱོང་འདུག    ད་ཐེངས་ཀྱི་མི་ནག་གི་མགོན་པོ་དང་འཕགས་མི་རུ་གྱུར་པ“གཟིག་ནག”ལ་གཟིག་ནག་འབོད་དོན་ནི་ཏག་ཏག་འདི་དང་འབྲེལ་བ་རེ་ཨེ་ཡོད་ན་བསམས། ལོས་ཡིན་ད་དུང<<གཟིག་ནག་སྲིད་ཚོགས>>ཀྱིས་ཁོ་རང་ཚོའི་ཚོགས་པའི་མིང་ལའང“གཟིག་ནག”ཅེས་པ་འདི་བཀོར་དོན་ག་རེ་ཡིན་ནམ་ཞེ་ན། ཧ་ཧ་ཧ། དྲང་མོར་བཤད་ན་ངས་ཀྱང་མི་ཤེས།
ཡང་གཅིག་བྱས་ཚེ། དཔེར་ན་བོད་ཀྱིས་གངས་སེང་དང་དགྱ་ནག་གིས་གཡུ་འབྲུག །  མི་རིགས་ལ་ལས་ཤྭ་བ། ལ་ལས་སྤྱང་ཀི་དང་གླག་རྒོད་སོགས་ལ་མཆོད་བསྟོད་བྱེད་པ་བཞིན། མི་ནག་ཚོས་ཀྱང“གཟིག་ནག”བླ་རྟགས་སུ་བརྩིས་ནས་མཆོད་བསྟོད་བྱེད་སྲོལ་ཡོད་པ་ཨེ་ཡིན་ནམ་སྙམ། གོང་གི་ཚོད་དཔག་གཉིས་ལས་སུ་ཞིག་འཐད་མིན་མ་ཤེས་ཀྱང་། གང་ལྟར“གཟིག་ནག”གི་མིང་ཁུར་བའི་འཕགས་མི་དེ་ནི་ཏག་ཏག་མི་ནག་གི་མགོན་པོ་ཡིན་འདུག

༣<<གཟིག་ནག>>དང་མི་ནག་གི་རེ་འབོད།

གློག་བརྙན<<གཟིག་ནག>>མགོ་ནས་མཇུག་བར་མིག་དང་སེམས་ཀྱིས་ལོངས་སུ་སྤྱད་ཚེ། གཟིགས་མོ་བ་ཁོ་རང་བསམ་བློ་ཅན་ཞིག་ཡིན་ན་མི་ནག་གི་ལས་དབང་ཡིད་ལ་འཁོར་ངེས། དེའང་དུས་རབས་བར་མ་ནས་ད་བར་དུ། མ་རྩ་རིང་ལུགས་དར་རྒྱས་ཀྱི་སྐབས་སུ་མི་ནག་ཚོང་རྫས་དང་བྲན་གཡོག་བྱས་ཤིང་། དེ་རྗེས་རིགས་རྒྱུད་ལོག་གཅོད་ཀྱི་སྐབས་སུ་མི་ནག་འདྲེ་རུ་བརྩིས་མྱོང་། དེའི་རྗེས་ནས་ད་བར་མི་ནག་ལ་འདྲ་མཉམ་གྱི་སྐལ་བ་ངོ་མ་ཞིག་ཐོབ་མེད་ཅིང་། ཧྥེ་གླིང་གི་རང་བྱུང་ཁོར་ཡུག་གིས་ཀྱང་མུ་གེའི་ཐོག་ལ་ཟླ་ལྷག་གི་ཚུལ་དུ་འགོས་ནད་དང་ཡམས་ནད། ཆུ་དང་ལོངས་སྤྱོད་ཀྱི་ཐོན་ཁུངས་རྫོགས་པའི་སྡུག་བསྔལ་མྱོང་བཅུག་མུས་སུ་ཡིན། མཚམས་འདིར<<ལོ་ངོ་༡༢ཀྱི་བྲན་གཡོག་གིི་མི་ཚེ>>ཞེས་པའི་དངོས་ཟིན་གློག་བརྙན་ཞིག་འོས་སྦྱོར་བྱེད་ན་འདོད་བྱུང་།
དེ་ལྟ་བུའི་ལོ་རྒྱུས་རྒྱབ་ལྗོངས་ཤིག་ལ་བརྟེན་ནས། གློག་བརྙན་གྱི་ཁྲོད་ནས་ཝ་ཁན་དཱ་ནི་ཕྱི་རྒྱལ་དང་ཕྱི་ཕྱོགས་མི་རིགས་ལ་དགྲ་དང་གནོད་འཚེ། རོགས་སྐྱོར་དང་ལྟ་སྐྱོང་སྤངས་པའི་རྒྱལ་ཁབ་ཅིག་ལ་གཞེང་སྐྲུན་བྱས་ཤིང་། རྒྱལ་ཁབ་དེ་ཡི་སྲིད་ཇུས་ལ་རྒྱལ་སྤུན་དང་རྒྱལ་སྤུན་གྱི་སྐུ་སྲས་གཙོས་པས་ངོ་རྒོལ་བྱས་པ་དང་། སྲིད་ཇུས་དེ་ལ་བཅོས་བསྒྱུར་བཏང་ནས་ཤ་མདོག་གཅིག་པའི་མི་ནག་གྲངས་མང་པོ་ཞིག་གི་ཆེད་དུ་ཅིས་ཀྱང་ལས་འགུལ་སྤེལ་དགོས་པའི་ལྟ་ཚུལ་བཏོན་པ་དང་། ད་རུང་གསར་དུ་རྒྱལ་པོའི་ཁྲི་ལ་བཞུགས་པའི་ཐུ་ཐྲ་ལ་མཆོག་གི་དགའ་རོགས་ཀྱིས་ཀྱང་ཐེངས་གཅིག་ནས་གཉིས་ལ་རྒྱལ་པོ་ཐུ་ཐྲ་ལར་རེ་ཞུ་ཕུལ་ནས་མི་ནག་ལ་རོགས་སྐྱོར་བྱེད་པར་འབོད་སྐུལ་ཞུ་ཡི་འདུག །
གོང་སྨོས་འཁྲབ་ཚན་འདི་དག་གིས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་དང་འཛམ་གླིང་མི་མང་ལ། གནོད་འཚེ་ཐེབས་པའི་མི་ནག་ཁྲི་ཁྲི་འབུམ་འབུམ་ལ་ཁྲིམས་ཀྱི་ཐད་ནས་མི་ནག་མི་གྲལ་ལ་འཇོག་པ་དང་། རྒྱུ་ཟས་ཀྱི་རོགས་སྐྱོར། དམག་དོན་གྱི་རོགས་སྐྱོར། སྨན་རྫས་ཀྱི་རོགས་སྐྱོར་གནང་བའི་རེ་འབོད་བྱེད་ཀྱིན་པར་སྣང་།
གཞན་ཝ་ཁན་དཱ་ལྟ་བུའི་དྲང་བདེན། འདྲ་མཉམ། ཁྲིམས་སྐྱོང་། དམག་དོན། དཔལ་འབྱོར་དང་ཚན་རྩལ་ཚད་མཐོར་བསླེབས་པའི་མི་ནག་གི་རྒྱལ་ཁབ་འདི་འདྲ་ཞིག་ནི་ཁོ་ཚོའི་ཆེས་མཛེས་སྡུག་གི་རྨི་ལམ་ཞིག་ཡིན་ཡང་སྲིད།

༤.<<གཟིག་ནག>>དང་མི་ནག་གི་ཕོ་མོ་འདྲ་མཉམ།

མི་ནག་གི་ཡུལ་སྲོལ་ལ་ཕོ་མཆོག་མོ་དམན་གྱི་ལྟ་བའི་ཤུགས་རྐྱེན་རབ་ཏུ་ཆེ། དཔེར་ན་བུ་མོ་ལོ་ན་༡༥ལ་སོན་དུས་ནས་བྱ་ལེ་བྲེག་པའི་ཆོ་ག་སྤེལ་བ་ལྟ་བུ་ནི་དཔེ་མཚོན་ཆུང་ཆུང་ཞིག་རེད། དེ་དང་དེ་ལྟ་བུའི་བུད་མེད་ལ་དམན་ལྟའི་སྲོལ་རྒྱུན་མང་ཞིང་འདུ་ཤེས་བཙན། དེ་བས་ན་མི་ནག་དང་འབྲེལ་ཡོད་གློག་བརྙན་གང་ཡིན་ནའང་མི་ནག་དང་མི་ནག་གི་བུད་མེད་ནི་ཐོབ་ཐང་དམན་པའི་གྲལ་རིམ་ཞིག་ལ་བཞེང་སྐྲུན་བྱས་ཡོད་པ་རེད། འོན་ཀྱང་ད་ཐེངས་ཀྱི་གློག་བརྙན<<གཟིག་ནག>>ལས་མི་ནག་གི་བུད་མེད་ལ་ཐོབ་ཐང་མཐོ་པོ་སྤྲད་འདུག །
དེའང་གློག་བརྙན་ནང་ནས། རྒྱལ་ཁབ་ཧྲིལ་པོའི་ཚན་རྩལ་དབུ་ཁྲིད་པ་ནི་བུ་མོ་ལོ་ཆུང་ཞིག་ཡིན་པ་དང་། མོ་རང་ཚན་རིག་ལ་རབ་ཏུ་མཁས། རྒྱལ་པོའི་ཕོ་བྲང་གི་སྲུང་དམག་དཔོན་པོ་དང་དམག་མི་ཆ་ཚང་ཡང་བུད་མེད་ཡིན་པ་དང་། བུད་མེད་དེ་དག་ནི་སྐྱེས་པ་ལས་ནུས་མཐུ་ཆེ་བར་བཞེང་སྐྲུན་བྱས་འདུག་ལ། དེ་བཞིན་གློག་བརྙན་ཁྲོད་ལ་བུད་མེད་ཀྱི་བློན་ཆེན་དང་བུད་མེད་ཀྱི་གསང་ཉུལ་བ་བཅས་མང་དུ་མཐོང་རྒྱུ་འདུག །  མ་ཚད་མི་སེར་ཕལ་བའི་བུད་མེད་དག་ལའང་མཐོང་ཆུང་གི་ཟུར་ཙམ་མཐོང་མ་བྱུང་།
ངོ་མ་གློག་བརྙན་ནང་གི་ཝ་ཁན་དཱ་རྒྱལ་ཁབ་ནི་མི་རིགས་ནག་པོའི་ཕུགས་བསམ་རྒྱལ་ཁབ་ཏུ་བཞེངས་འདུག་ཅེས་མི་བརྗོད་ཀ་མེད་བྱུང་ལ། གློག་བརྙན་འདི། འདྲ་མཉམ་མེད་པའི་མི་ནག་རྒྱལ་ཁབ་དག་ནས་གཟིགས་འབུལ་ཆོག་ཚེ། གཉའ་གནོན་དང་བྲན་གཡོག་ཏུ་གྱུར་པའི་མི་ནག་ག་ཚོད་ཅིག་ཝ་ཁན་དཱ་རྒྱལ་ཁབ་ལ་ཡིད་སྨོན་ཤོར་སྲིད་ཨང་།

༥.<<གཟིག་ནག>>དང་གནའ་དེང་ཟུང་འབྲེལ།

འུ་ཅག་བོད་ལ་མཚོན་ན་གཅིན་སྐྱག་གཏང་སའི་ཆབ་ཁང་ཞིག་བསྐྲུན་ནའང“གནའ་དེང་ཟུང་འབྲེལ”དགོས་པའི་འབོད་སྐུལ་བྱེད་མཁན་མང་མོད། འོན་ཀྱང་ཆབ་ཁང་དེ་ཇི་ལྟར་ཟུང་འབྲེལ་གྱི་ལམ་ནས་བཟོ་སྐྲུན་དགོས་པ་ཤེས་མཁན་ཧ་ཅང་དཀོན། དེ་བས་ང་ཚོར་མཚོན་ན་གློག་བརྙན་འདི་ཡི་ཁྲོད་ལྟད་མོ་གཞན་ཞིག་བལྟ་རྒྱུ་འདུག །
ཝ་ཁན་དཱའི་རྒྱལ་པོའི་ཁྲབ་ཀྱི་བཟོ་དབྱིབས་ནི”གཟིག་ནག”ཅིག་གི་ལུས་དབྱིབས་ལྟ་བུ་ཞིག་རེད། ཡིན་ནའང་ཁྲབ་ནག་དེ་ནི་དེང་རབས་ཚན་རྩལ་གྱིས་བཟོས་པ་ཡིན་པས་ན། མདའ་དང་མདེའུ་བཀག་པས་མ་ཚད། ཁྲབ་ཐོག་ལ་ཕོག་པའི་མཚོན་ཆའི་ནུས་ཤུགས་དེ་རང་ཉིད་ཀྱིས་བསྐྱར་དུ་བེད་སྤྱོད་ཆོག་པའི་ནུས་པ་ལྡན། དེ་བཞིན་དོ་སྣང་བྱེད་དགོས་པ་གཞན་ཞིག་ནི། གློག་བརྙན་ཁྲོད་ཝ་ཁན་དཱའི་དམག་མིས་འཁྱེར་རྒྱུའི་མཚོན་ཆ་དག་ནི་གྲི་དང་སྟ་རེ། མདུང་དང་ཐོ་བ་རེད། འོན་ཀྱང་མཚོན་ཆ་དེ་དག་ལ་ཐུན་མིན་ཚན་རྩལ་གྱི་ནུས་མཐུ་བསྐྲུན་འདུག་པས། སྤྱིར་བཏང་གི་མེ་མདའ་དང་མེ་སྒྱོགས་ལས་ཀྱང་ནུས་པ་ཆེ་བར་གདའ། ཁང་པའི་བཟོ་དབྱིབས་ནས་མི་མང་གི་ཆས་གོས། མི་མང་གི་ཆས་གོས་ནས་རྒྱལ་པོའི་ལྷམ་ཡན་ཆོད་ལ”གནའ་དེང་ཟུང་འབྲེལ”གྱི་བྲོ་བ་ཕུན་སུམ་ཚོགས་འདུག །
དེའི་ཕྱིར་གནའ་དེང་འགལ་བ་སྨྲ་མཁན་དག་ལའང་གློག་བརྙན་འདིས་ཞར་དང་ཞོར་ལ་འགྲམ་ལྕག་ཅིག་གཞུས་པ་ལགས།

༦. <<གཟིག་ནག>>དང་ཨ་རི་སོགས་ལ་ཟུར་ཟ།

ཁ་སང་གློག་བརྙན་འདི་མ་བལྟས་སྔོན། འདི་ཉིད་དང་འབྲེལ་ཡོད་ཀྱི་བརྩམས་ཆོས་ཐུང་ངུ་ཞིག་བཀླགས་པ་ཡིན། དེའི་ནང་གློག་བརྙན་འདིའི་འཁྲབ་ཚན་འགའ་ཞིག་གིས་ཨ་རི་ཡི་ལམ་ལུགས་དང་ཨ་རི་ལྟ་བུའི་རྒྱལ་ཁབ་ཧྲིལ་པོ། དེ་བཞིན་རྒྱལ་རྒྱུད་རྒྱུད་འཛིན་ལམ་ལུགས་ལ་ཟུར་ཟ་ཉུང་རྒྱུ་མེད་པ་ཞིག་བྱས་ཡོད་པར་བཤད་འདུག་པས། འོག་ཏུ་དེའི་སྐོར་ནས་ཙུང་ཙམ་བྲི་བར་བྱ།
གློག་བརྙན་འདི་ཡི་ཁྲོད་ཝ་ཁན་དཱ་རྒྱལ་ཁབ་ནི་རྒྱལ་རྒྱུད་རྒྱུད་འཛིན་ལམ་ལུགས་ཀྱི་རྗེ་བོའི་རྒྱལ་ཁབ་ཅིག་ལ་བཞེང་སྐྲུན་བྱས་ཤིང་། རྒྱལ་རྒན་འདས་རྗེས་རྒྱལ་པོའི་ཁྲག་རྒྱུན་མངའ་བའི་རྒྱལ་སྲས་ཐུ་ཐྲ་ལ་ཁྲི་གསོལ་བྱས་ནའང་། རྒྱལ་སྤུན་འདས་པོའི་སྐུ་སྲས་གང་ཉིད་ཀྱང་ཁྲི་རྩོད་ཀྱི་ལས་ལ་ཞུགས་པ་དང་། ཁོ་རང་ལའང་རྒྱལ་ཚང་གི་ཟུངས་ཁྲག་མངའ་བས་ན་རྒྱལ་སྲས་ཐུ་ཐྲ་ལར་སྟོབས་རྩལ་འགྲན་ཏེ་ཁོ་རང་ཕམ་པར་གཏང་ནུས་ཚེ། རྒྱལ་སྤུན་གྱི་སྐུ་སྲས་ཀྱང་རྒྱལ་པོ་བྱེད་ཆོག་པའི་སྣང་བརྙན་བཞེངས་འདུག འདི་ནི་དོན་ངོ་མའི་རྒྱལ་རྒྱུད་ལམ་ལུགས་ལ་ཟུར་ཟ་ཞིག་རེད། དེ་ནས་བརྙན་མིིིག་འདིས་ཇི་ལྟར་རྒྱལ་རྒྱུད་རྒྱུད་འཛིན་ལམ་ལུགས་ལ་ཟུར་ཟ་བྱས་ཡོད་པའི་སྐོར་ནི་གཟིགས་མོ་བ་ཁྱེད་ལ་བཞག་པའི་བསམ་གཞིག་གི་བར་སྟོང་ཆུང་ངུ་ཞིག་ཡིན།
གོང་ནས་ཞུས་པའི་རྒྱལ་པོའི་ཁྲི་རྩོད་ཀྱི་ལམ་ལ་ཞུགས་པའི་སྲས་པོ་གཉིས་ཀྱི་ཆབ་སྲིད་ལྟ་གྲུབ་དང་ལངས་ཕྱོགས་གཏན་ནས་ཁ་ཁ་ཡིན། ཁོ་གཉིས་ཀྱི་ཆབ་སྲིད་ལྟ་གྲུབ་ཀྱིས་ཨ་རིའི“སྲུང་འཛིན་རིང་ལུགས”དང”མཆོང་སྐྱོད་རིང་ལུགས”ཀྱི་ལངས་ཕྱོགས་བཞེང་སྐྲུན་བྱས་འདུག་སྟེ། རྒྱལ་རྒན་གྱི་སྐུ་སྲས་ཐུ་ཐྲ་ལ་ཡིས་བསམ་པར་སྲོལ་རྒྱུན་རྒྱུད་འཛིན་བྱས་ཐོག་རྒྱལ་ཁབ་ནང་ཁུར་ནས་ཚན་རྩལ་ཡར་རྒྱས་སུ་གཏོང་བ་དང་ཕྱི་ཕྱོགས་རྒྱལ་ཁབ་དག་གི་ནང་འཁྲུག་དང་གནོད་འཚེ་ཐེབས་པའི་མི་མང་ལ་རོགས་རམ་གྱི་ལག་ཟུང་མི་སྲིང་པ་དང་། ལྷག་ཏུ་གནོད་འཚེ་ཐེབས་པའི་མི་མང་དག་རྒྱལ་ཁབ་ནང་ཁུལ་དུ་མི་གཏང་བའི་འདོད་ཕྱོགས་འཛིན་ཡོད། འོན་ཀྱང་རང་ཉིད་ཀྱི་བསམ་བློའི་ལངས་ཕྱོགས་དེ་ལ་མི་ཆོས་རིང་ལུགས་ཀྱིས་རྒོལ་བ་ཐེབས་མུས་ཡིན་ལ། ཁོ་རང་ཉིད་ཀྱང་སྲུང་འཛིན་གྱི་སྲིད་ཇུས་ལ་ཐེ་ཚོམ་ཟ་མུས་སུ་ལགས།
གཞན་རྒྱལ་སྤུན་གྱི་སྐུ་སྲས་ཀྱིས་རང་རྒྱལ་ལ་མཐུ་ནུས་ལྡན་པའི་སྟོབས་ཆེན་དམག་ཤུགས་དང་། ལྷག་པར་དུ་སྐར་རྡོའི་ནུས་ཤུགས་མངའ་བའི་མཚོན་ཆ་ལ་བརྟེན་ནས། གནོད་འཚེ་ཐེབས་པའི་རྒྱ་ཆེན་མི་ནག་ཁྲི་ཁྲི་འབུམ་འབུམ་ལ་རོགས་སྐྱོར་དང་། ད་སྔོན་བར་མི་ནག་སྡུག་ལ་སྦྱོར་མཁན་གྱི་མི་དཀར་གཙོས་པའི་མི་རིགས་གཞན་པ་དག་བྲན་ལ་བཀོལ་ཏེ། རང་ཉིད་འཛམ་གླིང་གི་རྒྱལ་པོ་བྱེད་པའི་ལྟ་ཚུལ་འཛིན་ཡོད། ལྟ་བ་འདི་ནི་ཆད་མཐའ་ལ་ལྷུང་བའི“མཆོང་སྐྱོད་རིང་ལུགས”པའི་འདོད་ཚུལ་ཞིག་ཡིན། འཛམ་གླིང་ཐོག་ལྟ་བ་འདི་བཟུང་ནས་དམག་འཁྲུག་སློང་མཁན་རབ་ཏུ་མང་ནའང་། གཙོ་བོ་ནི་ཧི་ཐི་ལི་དང་མོའོ་ཙི་ཏུང་སོགས་རེད། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་དག་ལ་གོང་ནས་སྨོས་པའི་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ་འདི་གཉིས་མཉམ་གནས་སུ་ཡོད་ལ། སྐབས་རེ་རེའི་སྲིད་འཛིན་འདེམས་སྐོ་དག་ལ་ལངས་ཕྱོགས་འདི་གཉིས་རྡུང་ཁ་རྒྱག་པའི་དུས་ལ་ཁེལ་ཡོད། དེའང་ཨ་རི་ལ་ཆ་མཚོན་ན་འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པ་གང་གི་དུས་ལ་ཡིན་ནའང་། ཕྱི་སྲིད་ཀྱི་ཇུས་གཙོ་བོ་ནི་ཁེར་སྡོད་བྱེད་རྒྱུ་དེ་ཡིན་པ་རེད། མདོར་ན་གློག་བརྙན་འདིའི་དུམ་ཚན་འདི་ཡིས་སྟོབས་ཆེན་རྒྱལ་ཁབ་ཁག་གི་གནོད་འཚེ་ཐེབས་པའི་མི་མང་ལ་རོགས་སྐྱོར་མི་བྱེད་པའི་སྲིད་ཇུས་དང་། རང་འབངས་མཆོག་འཛིན་གྱི་ལྟ་བ་ལ་ཟུར་ཟ་བྱས་ཡོད་པ་མཚོན་ནོ།།

༧.<<གཟིག་ནག>>དང་འཛམ་གླིང་ཞི་བདེའི་སྨོན་ལམ།

འཛམ་གླིང་ཞི་བདེ་དང་། འཛམ་གླིང་སྲུང་སྐྱོབ། འཛམ་གླིང་སྲོག་སྐྱོབ་སོགས་ནི་ད་སྐབས་ཧཱོ་ལེ་ཝོའི་གློག་བརྙན་གྱི་བརྗོད་བྱ་གཙོ་བོ་ཡིན་པས། གྲགས་ཅན་གློག་བརྙན<<གཟིག་ནག>>ལས་ཀྱང་བརྗོད་བྱ་དེ་དག་གི་བརྙན་མིག་མཐོང་རྒྱུ་འདུག གོང་ནས་སྨོས་པ་བཞིན་ཝན་ཁན་དཱ་རྒྱལ་ཁབ་ལ་ནུས་མཐུ་ཆེ་བའི་སྐར་རྡོ་ཞིག་ཡོད་ཅིང་། སྐར་རྡོ་དེ་ལ་བརྟེན་ནས་ཁོ་རང་ཚོ་ཕྱོགས་ཡོངས་ནས་ཡར་རྒྱས་དཔེ་མེད་ཕྱིན་པ་དང་། སྐར་རྡོའི་ནུས་པ་མངའ་བའི་མཚོན་ཆ་དག་ནི་འཛམ་གླིང་སྔོན་ཐོན་གྱི་མཚོན་ཆ་ཡིན་པར་བཞེང་སྐྲུན་བྱས་ཡོད་པ་རེད།
དེ་ནས་རྒྱལ་སྤུན་གྱི་སྐུ་སྲས་ཀྱིས་མི་དཀར་བྲན་བཀོལ་དང་འཛམ་གླིང་དབང་སྒྱུར་གྱི་འདུ་ཤེས་བཟུང་ནས། སྐར་རྡོའི་ནུས་པ་མངའ་བའི་མཚོན་ཆ་དག་ཕྱིར་འདྲེན་བྱེད་པར། རྒྱལ་སྲས་ཐུ་ཐྲ་ལ་ཡིས་བཀག་འགོག་ནན་མོ་བྱས་ནས་འཛམ་གླིང་ཞི་བདེ་དང་འཛམ་གླིང་སྲུང་སྐྱོབ་ཀྱི་ཆེད་དུ་ཁོང་བུ་སྤུན་གཉིས་དམར་འཛིང་ཡ་ང་བ་ཞིག་བྱས་མཐར། རྒྱལ་སྤུན་གྱི་སྐུ་སྲས་སྲོག་ཤོར་བའི་དུམ་ཚན་འདི་ནི་ཏག་ཏག་འཛམ་གླིང་སྲུང་སྐྱོབ་ལ་ཕུལ་བའི་བསྔོ་བ་དང་སྨོན་ལམ་དུ་མཐོང་བྱུང་བ་ལགས་སོ།།
ལྷན་རྒྱས་བཀྲ་ཤིས།
ཐ་སྙད་ཤན་སྦྱར།

གཟིག་ནག黑豹
འཕགས་མི།超人
ཨ་རིའི་རུ་དཔོན། རབས་༣པ།美国队长3
རྒྱལ་རྒན老国王
རྒྱལ་ཁབ། ཝ་ཁན་དཱ།瓦坎达
རྒྱལ་སྲས། ཐུ་ཐྲ་ལ །特查拉
ཧཱོ་ལེ་ཝོ། 好莱坞