གཅན་མེ་སྟག་ལགས་ཀྱི་སྙན་ངག་<<ཁེར་རྐྱང་གི་མཚན་མོར་>>ཞེས་པའི་བཀླགས་བྱང་། རྨ་སྟོད་ཚེ་རིང་རྒྱལ།

485/545

ཡིད་ཁོང་སྐྱོ་སྣང་དང་སེམས་ཁམས་ཧྲིལ་བོ་འདས་དོན་གྱི་མོག་རིས་གང་ཞིག་གིས་ཡོངས་སུ་བསྒྲིབས་པར་བྱས་ཏེ། བརྩེ་དུང་རྣམ་དག་གི་སྣང་བ་གསོན་པོའམ་ཡང་ན་འཇིག་རྟེན་འཚོ་བའི་དངོས་ཡོད་ཀྱི་གྲིབ་གཟུགས་གང་ཞིག་གི་འོག་ནས་རྐྱེན་དང་རྒྱུ་རྐྱེན་དུ་མས་བོར་བརླག་ཏུ་སོང་བའི་ནང་སེམས་ཀྱི་ནོར་བུ་གང་དེར་ལག་སྙོབ་ཐེངས་གཅིག་བྱེད་དུས། ངས་ད་གཟོད་གཅན་མེ་སྟག་ལགས་ཀྱི་<<ཁེར་རྐྱང་གི་མཚན་མོར་>>”ཁེར་རྐྱང་གི་ལག་པ་”དང་”ཁེར་རྐྱང་གི་མིག་འབྲས་གཡས་གཡོན་གཉིས་ཕན་ཚུན་ཅེར་ཏེ། ཆུས་བརླན་པའི་སེམས་པ་ཞིག་ཤེད་ཀྱིས་བཙུར་”བའི་ཡུས་ཁོང་གི་མཆི་མ་དང་། དྲན་པའི་གཏིང་སར་ཉལ་བའི་ཞེ་འདང་གི་ངོ་གདོང་གང་དེར་དོན་ཟབ་མོས་གོ་བ་ལན་གཅིག་རྙེད་ཡོང་བ་འདྲ། དེ་ནི་སྙན་ངག་གི་རྩོམ་པ་པོ་དང་ཀློག་མཁན་གཉིས་ཀའི་ཡིད་སེམས་ཀྱི་སྐྱོ་ཡུས་རིགས་ཤིག་དང་འབྲེལ་བ་ཡོད་དེ། སྙན་ངག་འདིའི་མགོ་མཇུག་བར་གསུམ་ཀུན་དུ་ཡང་རྒྱ་ཆེ་བའི་སྐྱོ་སྣང་གི་སེམས་ཁམས་ཤིག་གིས་བྲིས་ཡོད་པས་ཚིག་སྦྱོར་དང་། གོ་བ་ལོན་དཀའ་བའི་སྒྱུ་རྩལ་གྱིས་སེང་རས་སྤྱད་དེ་དོན་གྱི་རི་མོ་མོག་པོར་ལྷད་མེད་པས། སོ་སོའི་སེམས་ཁམས་ཀྱི་ཁྲག་རྩ་རེ་རེའི་རྒྱུན་ལམ་ཡང་སྙན་ངག་གི་འགྱུར་བ་ཞིག་དང་འགྲོགས་ཏེ་འགྲོ་ཐུབ་ན་ད་གཟོད་སྙན་ངག་འདི་ནི་སུ་ཞིག་དགའ་བར་བྱེད་ཅིང་སྐྱོ་བར་བྱེད་ལ། ཡང་ན་ཚིག་དོན་གྱི་འདྲེན་ཤུགས་རེ་རེས་ཡིད་ཁོང་གི་མཆི་མ་ངང་གིས་བརྡོལ་བར་བྱེད་པ་ཞིག་ཡིན།
ངས་སྙན་ངག་འདིར་མྱོང་བའི་ཚེ་ན་ཕྱི་ཡི་དོན་དངོས་ཀྱིས་སྤྱད་པའི་ཉིན་གཅིག་གི་ལས་ཀའི་སྣོན་ཚེགས་མཐའ་དག་རྒྱང་དུ་དོར་ཞིང་། ནང་གི་ཡིད་སེམས་ཀྱི་སྒྲོམ་དུ་ཉར་བའི་བྱ་དངོས་གང་རུང་གི་འགལ་འདུ་དང་སེམས་ཁུར་ཡོད་ཚད་ལ་ཡང་རྒྱབ་ཀྱིས་དོར་ཏེ། རང་གི་སེམས་ཀྱི་གནས་བབས་གང་དེ་ཧ་ཅང་ཞི་བ་དང་ཤིན་དུ་དམིགས་པ་རྩེ་གཅིག་ལ་འཇོག་ཐུབ་པ་ཞིག་བྱས་ནས་སྙན་ངག་གི་ཚིག་དོན་གྱི་གསེང་རེ་རེར་གྲིམ་ཞིང་ལྷོད་པའི་སྒོ་ནས་འཇུག་པ་ཡིན་ལ། དེ་ལྟར་ལྷོད་ཡངས་ཀྱི་ཁམས་དེ་ཡང་སྙན་ངག་རང་གི“ཉམས་འགྱུར”གྱི་སྟོབས་ཤུགས་ཤིག་གིས་བཙུར་སྣོན་གྱིས་འདེད་པའི་ཚེ་ན་ད་གཟོད་ཡིད་ལ་གང་ཡང་མི་དྲན་པ་ལྟ་བུའི་སེམས་ཁམས་ཀྱི་རས་གཞི་གང་དེར་སྣ་ཚོགས་པའི་ཚོན་རིས་ཀྱི་སྡེབ་ཁ་ངང་གིས་དོད་དེ་ཡིད་ཁམས་མ་ལུས་སྙན་ངག་འདི་ཡི་འཁོར་དུ་འགྲོ་བ་ཡིན། སྤྱིར་བཏང་ལ་ཡང་སྙན་ངག་ཅིག་ཀློག་པའི་སེམས་ཁམས་ནི་གཞུང་ལུགས་གང་གི་འགྲོས་ལྟར་ཐིག་རྩ་ཅི་ཡོད་ལ་ཚོན་གྱི་པིར་མགོ་ཡང་དེ་ལྟར་བརྡར་ནས་འགྲོ་བ་ཞིག་མ་ཡིན་པར་རང་གི་སེམས་རྒྱུད་ཀྱི་འཇིག་རྟེན་གང་དེར་སྦྱོར་ཅི་ཐུབ་བྱེད་རྒྱུ་ནི་རྩ་དོན་ཆེ་ཞིག་ཡིན་པ་འདྲ་ལ། དེ་ལྟར་ནུས་པའི་རིག་པ་གང་དེས་ད་གཟོད་འདིའམ་འདི་འདྲའི་ཡིད་དུ་འོང་བའི་སྙན་ངག་གི་ཁམས་སུ་ཀློག་པ་པོ་རང་ཉིད་ངམ་ངམ་ཤུགས་ཀྱིས་འགྲོ་ཐུབ་པས་སོ། ། འོན་ཀྱང་གཞུང་ལུགས་ཀྱི་ཁྲིད་སྟོན་གང་གི་སྟོབས་ཀྱིས་ཀྱང་མ་ཤན་པའི་ཕྲན་པར་མཚོན་ན་ལེགས་སྐྱེས་འདི་ནི་ཡིད་མེར་བར་བྱེད་པ་དང་། ཞེ་སུན་པར་བྱེད་པའི་ཐ་སྙད་ཀྱི་ཚོགས་ཤིག་ལས་གང་ཡང་མིན་པར་སྙམ་ན་ཆེས་ཐོག་མར་ཁྱོད་ལ་དགོངས་འགལ་མེད་པར་ཞུ་བའི་སྐད་ཆ་ཞིག་ཀྱང་ཞར་བྱུང་དུ་ངག་ནས་ཐལ་དགོས་བྱུང་།
དེས་ན་སྙན་ངག་འདིའི་ཚིག་འགྲོས་དང་འགྱུར་བའི་སྣེ་རེ་རེ་ནས་རེ་རེར་ཉམས་སུ་མྱོང་ཚེ་སྙན་ངག་འདི་ནི་རྩོམ་པ་པོ་རང་ཉིད་ཀྱི་འདས་ཟིན་པའི་དོན་བྱ་གང་ཞིག་དང་། སེམས་སུ་གབ་སྦས་ཡུན་རིང་ཐེབས་པའི་བརྩེ་དུང་གི་རྨ་ཁ་གང་དེར་བསྐྱར་དུ་ཡིད་དཔྱད་ཀྱིས་མྱོང་བའི་དུས་ཤིག་ཏུ་བྲིས་པར་སྙམ་ལ། དེ་ནི་ཤིན་དུ་ཞི་ཞིང་འཇགས་པའི་མཚན་མོའི་དུས་སྐར་གྱི་མཚམས་ཤིག་ཡིན་ཡང་ཆོག་ལ་ཁོ་རང་ཡངས་བའི་རྩྭ་ཐང་གི་ཞིང་ཞིག་ཏུ་ལྷོད་ཀྱིས་སྡོད་པའི་སྐབས་ཤིག་ཡིན་ཡང་རུང་། གང་ལྟར་ནང་གི་སེམས་ཁམས་ཀྱི་འགྱུར་བག་དེ་ནི་ཧ་ཅང་སྐྱོ་སྣང་དང་ཁེར་རྐྱང་ཉམ་ང་བའི་དུས་ཤིག་ནི་ཅི་ནས་ཀྱང་ཡིན་པར་སྙམ། དེ་ནི་སྙན་ངག་གི་མགོ་ནས་མངོན་པའི་ཐོག་མའི་ཡིད་འགྱུར་གྱི་སྐད་ཆ་སྟེ“དོ་དགོང་གི་རླུང་བུ་ལ་རྗེས་ཤུལ་མེད་པ་དང་། མུན་པ་ལ་གཡོ་འགུལ་མེད་པ། ཁེར་རྐྱང་དང་ཁེར་རྐྱང་གི་སྐད་ཆ་ཡོད་ཚད། མགྲིན་པ་ནས་རྦད་ཀྱིས་འགགས་སོང”ཞེས་པའི་སྐད་ཆའི་སྣེ་རེ་རེས་སྐབས་བབ་ཀྱི་ཁོ་རང་ཉིད་ཀྱི་ཡིད་ཁོང་གི་སྐྱོ་སྡུག་གང་དེ་དུས་དང་གནས་སྐབས་ཀྱི་ཁེར་རྐྱང་དང་ལྷིང་འཇགས་ཀྱི་སྐབས་རེ་རེ་ནས་དལ་གྱིས་མཆེད་ཡོང་བ་གསལ་དུ་ཤེས་ཐུབ་ལ། འདི་ལྟའི་སེམས་ཁམས་ཀྱི་མུན་ནག་ཁོ་་ནས་སྙན་ངག་འདིའི་རྗེས་ཀྱི་ཚན་པ་སོ་སོའི་ཡིད་འགྱུར་རེ་རེ་དང་འགྲོགས་ཏེ་སོང་ཚེ་རྩོམ་པ་པོའི་ཡིད་གདུང་དང་ཡིད་འགྱུར་ལ་ངང་གིས་མ་ངོ་བུ་འཕྲད་ཀྱི་ཚུལ་དུ་གོ་བ་རྙེད་ཡོང་།
སྙན་ངག་འདིའི་ཚིག་འགྲོས་གང་ལ་ཡང་ཁེར་རྐྱང་ཞེས་པའི་ཐ་སྙད་ཅིག་ཡང་དང་བསྐྱར་དུ་མངོན་ཏེ་ཐོན་ཡོད་ལ་དེ་ནི་བཞུད་ཟིན་པའི་འདས་དོན་གྱི་ཉག་ཁ་གང་གི་མིའམ་ཡང་ན་སྙན་ངག་པའི་ནང་སེམས་ཀྱི་འཁྲེང་ཞེན་དང་། དུང་བ། ཕྱིར་རྟོགས། རེ་ལྟོས། བརྩེ་དུང་སོགས་འཛིན་པའི་ཡུལ་དེར་གདུང་སེམས་ཀྱི་ཤན་མ་བཅོས་པ་ཐེབས་པའི་མངོན་རྟགས་ཤིག་དང་། ཁོའི་སྙན་ངག་འབྲི་ཡུལ་གྱི་དྲན་པའི་ནང་རུམ་གྱི་”རློན་ཤིག་ཤིག་གི་མིག་ཆུ་”དང་། “སྨྲེང་ཤད་ཤད་ཀྱི་ཞལ་རས་”དེར་ཕྱོགས་པའི་ཞེ་འདང་དང་མནོང་འགྱོད། ལེ་བདའ་སོགས་ཀྱིས་མ་ཟིན་པའི་བརྩེ་དུང་གི་རོལ་མོ་འཁྲོལ་སྟངས་ཤིག་ཀྱང་ལོས་ཡིན་སྙམ། སྙན་ངག་འདིས་རང་ལ་བྱིན་པའི་བླའམ་སྲོག་གི་གནས་སའམ་དབུགས་རྩ་ཡང་དེ་རུ་ཡོད་པར་འདོད།
ཡང་ན་སྙན་ངག་འདིའི་ཕྱི་ཤུན་གྱི་ཚིག་སྦྱོར་རེ་རེ་ལ་ནི་ལྷོད་བག་གི་ཉམས་ཀྱིས་ཁྱབ་ཡོད་ཅིང་། དེ་མིན་སྐྱོ་སྣང་དང་འུ་ཐུག་ཐབས་ཟད་ཀྱིས་གྲུབ་པ་ཡང་འདུས་པར་སྙམ། འདིའི་ཐུན་མིན་གྱི་བརྡ་དོན་ཏེ“རླུང་བུ”དང“མུན་པ་ལ་གཡོ་འགུལ”མེད་པ། “ཁེར་རྐྱང་གི་ལག་པས་ཕན་ཚུན་བསྣོལ་ཞིང་ཁེར་རྐྱང་གི་མིག་འབྲས་ཕན་ཐུན་ཅེར་བ”སོགས་ཀྱི་ཚིག་འདི་དག་གིས་ནི་རྩོམ་པོ་པོའི་ཁེར་རྐྱང་དང་གདུང་བ། ཕྱིར་དྲན་གྱི་སྣང་བ་དང་དེའི་ཁུགས་སོ་རེ་རེ་ནས་རྙེད་པའི་གཏིང་ཟབ་ཀྱི་ཡིད་ཁམས་རེ་རེར་གབ་སྦས་དང་བསྡུས་དོན་གྱིས་མཚོན་ཡོད་པར་སྙམ། འདིའི་ཐ་སྙད་ཀྱི་བརྡ་དོན་གཞན་ཏེ“ཆུས་བརླན་པའི་སེམས་པ”ཞེས་པ་དང་། “སྙིང་ཆུང་གི་རྩེ་རུ་ཟུག་པའི་ཚེར་མདུང་མཉེན་མོ།” “སྙིང་ཁ་རུ་སྐད་ཅིག་ལྡང་བའི་མག་མོག་གི་ཡིག་འབྲུ། ” “མོག་ཁོངས་སུ་ཡུན་རིང་འཁྲུགས་པའི་བརླན་བཤེར་གྱི་སྐད་ཆ”སོགས་ནི་རྩོམ་པ་པོ་རང་ཉིད་ཀྱིས་ད་ལྟ་ཕྱིར་དྲན་གནང་བཞིན་པའི་དུས་སྐར་དེ་དག་གི་ཁུངས་དང་སྣེ་རེ་རེ་ནས་རྙེད་པའི“སྐར་མ་དབྱངས་ཅན”དང་ཁོ་མོ་དང་འབྲེལ་ཡོད་ཀྱི་བྱ་དངོས་དང་ལོ་རྒྱུས་དག་ནི་སྙིང་ཁར་ཟུག་པའི་ཚེར་མདུང་མཉེན་མོ་ཞིག་དང་འདྲ་བར་ན་ཟུག་དང་སྡུག་བསྔལ་གྱིས་གྲུབ་པ་ཞིག་ཏུ་བསྟན་ཡོད། འོན་ཀྱང་སྙན་ངག་འདི་རུ་རྩོམ་པ་པོས་རང་གི་གདུང་སེམས་འཆང་ཡུལ་གྱི་ཁོ་མོར་འཁང་ར་དང་སྡུག་ཡུས་གང་ཡང་བསྟན་མེད་ལ་ད་དུང་ཆེས་མཐའ་མཇུག་གི་ཚན་པ་དེ་རུ“སྐར་མ་དབྱངས་ཅན། དོ་དགོང་། ང་གཅིག་པུ་ཁྱོད་དང་མཉམ་དུ་གཉིད་དགོས”ཅེས་བསྟན་པ་དེས་དུས་ཚོད་དང་དངོས་ཡོད་ཀྱི་འཛིང་སྣེ་གང་ནས་ཀྱང་བོར་མ་ཐུབ་པའི་བརྩེ་དུང་ར྄གྣམ་དག་ཅིག་གི་ནང་ཁམས་དེ་བསྟན་ཡོད་པར་སྙམ། རྩོམ་པ་པོའི་སྐྱེ་བ་འདིའི་སྒང་གི་ཆེས་ཆེ་བའི་རེ་འདུན་གྱི་སྒོ་མོ་ཡང་ཕྱོགས་དེར་ཤུགས་དང་སྟོབས་ཀྱིས་ཕྱེ་ཡོད་པར་གོ་བ་བླངས་ཆོག་པར་འདོད།
གོང་དུ་གོ་བ་འཕྲོད་དཀའ་བའི་ཡིག་ཚོགས་ཀྱི་སྡེབ་ཁ་རེ་རེ་ནི་ཕྲན་པས་སྙན་ངག་འདིའི་འགྱུར་བའི་ཆ་ལ་ཅུང་ཟད་གཞིགས་པར་བརྗོད་ཆོག་ན་ད་ནི་ཚིག་ངོས་ཀྱི་སྒྱུ་རྩལ་དང་དེའི་མཛེས་ཆ་ལ་ཡང་ཅུང་བགྲོ་བར་སྙམ། ཡིན་ཡང་དོན་དངོས་གནས་ལ་སྙན་ངག་འདི་ནི“ཚིག་དོན་རྐྱ་འཐབ་པའི་ཡིད་འོང་གི་མཛེས་ཆ”ཞེས་སུ་བརྗོད་ཀྱང་ཆོག
སྙན་ངག་འདིའི་ཡིད་འགྱུར་ནི་ཡིད་འགྱུར་སྤྱིར་བཏང་བ་ཞིག་སྟེ་འདས་དོན་ལ་ཕྱིར་དྲན་བྱས་ཤིང“མོག་ཁོངས་སུ་ཡུན་རིང་འཁྲུགས་པའི་བརླན་བཤེར་གྱི་སྐད་ཆ”ཞིག་ལས་གནས་ལུགས་ཟབ་མོ་དང་གཏན་ཚིགས་རྒྱ་ཆེ་བ་ཞིག་གཏན་ནས་མིན་ན་ཡང་། ཚིག་ངོས་ཀྱི་བསྡུས་ཆ་དང་ཐ་སྙད་ཀྱི་འཕྲོད་སྡེབ་རེ་རེས་འདི་ཉིད་མི་ཡིད་འཕྲོག་པར་བྱེད་པའི་དྭངས་གསལ་གྱི་སྐད་ཆ་ཞིག་ཏུ་བཏང་བ་རེད་ཅེས་བརྗོད་ན་ཡང་མི་རུང་བ་མེད་པར་སྙམ། དེ་ནི་དཔེར་ན་རྩོམ་པ་པོས་ད་ལྟ་ཕྱིར་དྲན་བྱེད་ཀྱིན་པའི་དོན་དག་གང་དེ་ད་ལྟ་ཤིན་ཏུ་སྐྱོ་གདུང་གི་ཟབ་ཚད་ཅན་ཞིག་ཡིན་པར་བསྟན་པའི་ཚིག་ནི་སྙན་ངག་གི་སྐད་ཆ་རུ“ཚེར་མའི་དབུས་ཀྱི་སྐད་ཆ”ཞེས་པ་དང་། ཡང་ན“ཁེར་རྐྱང་དང་ཁེར་རྐྱང་གི་སྐད་ཆ་ཡོད་ཚད། ངའི་མགྲིན་པ་ནས་རྦད་ཀྱིས་འགགས་སོང”ཞེས་པ་སོགས་ཀྱིས་སྐབས་ཐོག་དེའི་ཡིད་འགྱུར་ལ་མདའ་མོ་སྒོ་ཡིས་རྒྱན་པའི་ནུས་པ་མངོན་ཡོད་པར་འདོད།
མདོར་ན་སྙན་ངག་འདི་ནི་ཁེར་རྐྱང་དང་འདས་ཟིན་པར་ཕྱིར་མིག་འཕེན་པའི་སྐྱོ་སྣང་གི་ཁམས་ཤིག་ལས་མྱོང་ཚེ“ཆང་རག་ཡོད་ཚད་ལ་ཆང་ཕོར་གཅིག”ཡོད་པ་ནང་བཞིན་སྙན་ངག་ཁྲོད་ཀྱི་ཡིད་གདུང་དང་སེམས་ཁམས་ལ་ཡང་ངོ་བོ་རོ་གཅིག་ཏུ་གྱུར་ནས་ནང་གི་ཡིད་འགྱུར་གྱི་བར་གསེང་རེ་རེར་ངང་གིས་བགྲོད་ཐུབ་པ་ཡིན་ནོ། །
༢༠༡༨.༨.༦ལ།