ན་གཞོན་གླེང་བ། རྣག་རྡོ།

484/545

ལོ་ཁ་ཤས་ཀྱི་སྔོན་ནས་མི་བུའི་འཇོན་ནུས་དང་རྩིས་ཐང་སྐོར་གྱི་བློ་འབྱེད་བྱས་པར་མ་ཟད། མིར་སྦས་ནུས་སམ་ལྐོག་གྱུར་གྱི་ནུས་པ་ཡ་བྲལ་བ་ཞིག་ཡོད་པའང་ཆོས་ཚན་གཉི་ཀས་འབྲེལ་བཤད་བྱས་ཏེ། ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་པར་མ་ཟད་དེས་དགོས་ངེས་ཀྱི་སློབ་གསོའི་ནུས་པ་དང་མིའི་རང་སྟོབས་ཀྱི་སེམས་སྤོས་ཇེ་ཆེར་བཏང་ཡོད་པ་ནི་སྨོས་མེད་རེད། ད་བར་གྱི་གནས་ཚུལ་ལ་གཞུག་ཚེའང་སྔར་བཞིན་ས་གནས་གཙོས་པའི་ན་གཞོན་དག་གིས་རང་གི་འཇོན་ཚད་དང་མིའི་ལྐོག་གྱུར་གྱི་ནུས་པ་དེ་ལར་ནས་ངེས་ཀྱིན་མེད། དེ་གཙོ་ཆེ་སློབ་སྦྱོང་གི་གོ་སྐབས་ཙམ་རེག་མྱོང་བའི་མི་དག་ལས་གཞན་མི་འདུ། ཁྱོན་སློབ་སྦྱོང་གི་སྐལ་བ་ཙམ་ཐོབ་མྱོང་བ་ནི་ཆབ་སྲིད་ཀྱི་ར་བར་འཛུལ་མྱོང་བ་ལས་ཅི་ཡང་མིན་མོད། ད་བར་གྱི་ན་གཞོན་དག་ལ་ཆབ་སྲིད་རྟོག་པ་མ་ཟད་ཤེས་རིག་གི་འདུ་ཤེས་ཙམ་ཡང་བསྐྱེད་མེད་པས་ཧ་ཅང་ཁེགས་འདུག དེ་བས་ཀྱང་མི་སྒེར་གྱི་ཁེ་དབང་དང་རྩིས་ཐང་། གང་ལ་འཇུག་པའི་སྤོབས་པ་སོགས་ཀྱང་རྩ་བ་ནས་གཏིང་བརྗེད་དུ་གྱུར་འདུག
ད་བར་གྱི་ན་གཞོན་དག་ནི་སྲིད་གཞུང་དང་སློབ་གྲྭ་གཙོས་པའི་རང་ག་བའི་ལས་ཁུངས་དག་ཏུ་འབུ་འཚངས་འཚངས་བྱས་འདུག་པ་ནི་ངོ་མ་ཤ་ཚ་བོ་རང་རེད། རྒྱལ་ཡོངས་ཀྱི་ལོ་རེའི་སློབ་མཐར་ཕྱིན་པའི་སློབ་མ་ནི་བགྲངས་ཡས་པ་ཞིག་ཡིན་ཞིང་། དེའི་ནང་བོད་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མའང་ལྟོས་འཇོག་གིས་གྲངས་མང་དུ་བརྗོད་དགོས། ལོ་རེའི་སློབ་ཆེན་མཐར་ཕྱིན་སློབ་མར་རིགས་གཉིས་འདུ་སྟེ། རྒྱལ་གཞུང་གི་གཡོག་པོ་དང་སྤྱི་ཚོགས་ཀྱི་འཁྱམ་ཉུལ་པ་གཉིས་སོ།། སྔ་མ་ནི་ཆབ་སྲིད་ཀྱི་རྟོག་པ་བྲལ་ཞིང་བྲན་གཡོག་གི་ལམ་ལུགས་མི་ངེས་པའི་ཤེས་རྨོངས་བ་སྟེ། སྒོར་རྡོག་སྟོང་གཅིག་ལྷག་ལ་རེ་བཅོལ་འཆའ་ཞིང་སྲིད་ཀྱི་བཀོད་འདོམས་ཏུ་འདུ་ཆེ་བར་མ་ཟད། དུས་ཚོད་གཅིག་གི་གནང་བ་ཙམ་ཡང་ཞུ་མི་ཕོད་པའི་གཞུང་རྒྱུད་དྲང་བའི་གླ་བ་སྟོང་རིན་མ་དེ་རེད། ཕྱི་མ་ནི་ཞིང་འབྲོག་གི་ལས་ཀ་གཏིང་བརྗེད་དུ་གྱུར་ཞིང་བསླབས་ཟིན་པའི་ཤེས་བྱ་དག་ཀྱང་སྤྱོད་སྒོ་ཡེ་མེད་དུ་གྱུར་ནས་གྲོང་མཐའི་ཁྱི་ལྡོམ་བཞིན་ཏུ་ཉི་མ་གཏོང་མཁན་དག་ཡིན། ཁོ་ཚོ་ནི་ཕུགས་བསམ་གྱིས་སྟོང་ཞིང་མིའི་རིན་ཐང་ལ་མནར་གཅོད་གཏོང་མཁན་གྱི་རིགས་ཏེ། ཇ་ཁང་དང་སྟེགས་གྲུག་ཁང་དུ་ལོ་ཟླ་གཏོང་ཞིང་། ཐ་ན་དུད་རྐང་གཅིག་ཙམ་ཡང་ཉོ་མི་ནུས་པའི་གསར་བུ་སྣང་མཐོ་དག་རེད། དེ་ནི་སློབ་གྲྭར་སོང་དང་མ་སོང་གཉིས་མ་སོང་བའི་དགོས་དབང་གིས་ཆེ་བར་མ་ཟད། ད་སྐབས་གྲ་དག་ཡང་དག་གི་འཁོར་འཛིན་པ་ཞིག་ཀྱང་མི་ཉན་པའི་གནས་སུ་ལྷུང་འདུག གནད་དོན་འདི་གཉིས་པོ་ནི་མ་གཞི་སློབ་གྲྭར་སློབ་གསོ་མ་དར་བ་དང་སློབ་གསོའི་ལས་ཀ་ཆེད་སྦྱངས་ཅན་གྱི་མི་བུ་དཀོན་པས་སོ།།
དེ་བས་ཀྱང་།རྒྱལ་ཁབ་གྱི་སློབ་གྲྭ་ནི་ཆབ་སྲིད་ཀྱི་བཟོ་གྲྭ་ཞིན་ཡིན་རྐྱེན། དེ་གར་གཞུང་ལ་མཁོ་བའི་མི་དང་མིའི་བསམ་བློ་བསྐྲུན་པ་ལས་གཞན་ཅི་ཡང་མེད་པ་ནི་ཟུར་བལྟས་ལེབ་མཐོང་རེད ། སྲིད་ཙང་། མི་རུས་པ་ཅན་ནི་སྐབས་བབས་ཀྱི་ཁོར་ཡུག་དང་སློབ་གསོ། ཆབ་དཔལ་སྲིད་གསུམ་དང་འབྲེལ་བ་ལར་ནས་མེད་པར་ཁེར་ཚུགས་ཀྱིས་བགྲོད་པར་ནུས་མོད།། ད་བར་གྱི་ན་གཞོན་དག་ལ་ཤེས་འཇོན་དང་ཟབ་ཚད་མེད་པར་མ་ཟད། མིའི་རུས་པའི་རྒྱུ་སྤུས་ཧ་ཅང་ཞན་པོ་འདུག

ཡིན་ཙང་། ཁོ་ཚོས་སྒོར་རྡོག་སྟོང་གི་ལག་བབ་ལ་སྐྱབས་འཆོལ་ཞིང་བྱ་བ་དེ་ཙམ་པོ་དེ་ལག་ནས་ཤོར་ཚེ། རང་སྲོག་གཏན་གཅོད་བྱེད་པའི་གནས་ཚུལ་ཡང་མཆིས་སྲིད། དེས་ན་གཞོན་ལ་ན་གཞོན་གྱི་སྤོབས་ཚད་མེད་པ་མཚོན་པར་མ་ཟད། ན་གཞོན་ནི་རུས་པའི་སྒྱུ་སྤུས་གཞན་ཞིང་ལད་ཟློས་དང་ཨ་གསར་ལས་ཅི་ཡང་མེད་པ་ཞིན་ཡིན་པ་མཚོན་ནུས། གང་ལྟར །ད་བར་གྱི་སྲིད་གཞུང་དང་ལས་ཁུངས། ཇ་ཁང་དང་སྟེགས་གྲུག་ཁང་གི་ཞབས་ཕྱི་བ། མགྲོན་ཆེན་མོ་དང་སྤྱིར་བཏང་བའི་མགྲོན་ཁང་གི་ལྭ་བ་བཀྲུ་མཁན་ནི་སློབ་གྲྭ་ཆེན་མོའི་མཐར་ཕྱིན་ལག་རྟགས་ལོན་ཞིང་། མི་ལོ་བཅུ་ཕྲག་གི་ཤེས་རིག་སློབ་གསོ་མྱོང་མཁན་གྱི་བོད་སློབ་གྲྭ་ཆེན་མོ་དེ་དག་རེད། མ་གཞི་རྒྱལ་ཁབ་གྱིས་རྒྱ་ཁབ་ལ་མཁོ་བའི་མི་བསྐྱེད་བསྲིང་བྱེད་པ་ལས་གཞན་གང་ལའང་མནོ་བསམ་མི་བཞེས་པས་རང་ཚོས་རྒྱལ་ཁབ་གྱི་བྱ་བ་སྒྲུབས་པ་ནི་ཆབ་སྲིད་ཀྱི་བྱ་བར་སྐྱོར་ཡ་བྱས་པ་རེད། འོ་ན། རྒྱལ་ཁབ་གྱི་ལས་བྱེད་པའམ真事工གོ་གནས་ཚད་ངེས་ཅན་ཞིག་ལ་མཚོན་ན་མི་རིགས་ཀྱི་སློབ་གསོ་དང་སྐད་ཡིག་རིག་གནས། ཡང་ན། ཁོར་ཡུག་གི་གནས་བབ་དང་མི་སེར་གྱི་དཀའ་སྡུག་ལ་ཐུགས་བསམ་བཞེས་ཆོག་པ་རེད། འོན་ཀྱང་དེ་འདྲ་རྩ་བ་ཉིད་ནས་ཡོད་པ་མ་རེད་ཅེས་ཁ་ཚོན་གཅོད་ཆོག དེ་མིན་ལས་ཁུངས་སོ་སོའི་བཀོད་འཇོག安置生དག་ནི་ལས་ཁུངས་ཀྱི་དགོས་མཁོ་ལ་གཞིག་ནས་བཀོལ་སྤྱོད་བྱེད་པ་ལས་གཞན་པའི་དགོས་ངེས་གྱི་ལས་ཐོབ་དང་བྱ་བ་གཉེར་བའི་དབང་ཆ་གཉིས་ཀ་ཡོད་པ་མ་རེད། དེ་བས་ཀྱང་། རང་གིས་ཅི་ཞིག་སྒྲུབས་པའི་དབང་ཆ་རྨང་ནས་འཕྲོག་པར་མ་ཟད། གཅིནའང་བཏང་མི་ཆོག་པའི་དུས་ཚོད་དུས་ཀྱང་མངའ་བའི་ལས་ཀ་འདི་ནི་རང་ཉིད་རང་གིས་དམྱལར་བར་འཕངས་བ་དང་གཉིས་སུ་མེད།
འོ་ན་ག་རེ་གནང་དགོས་སམ་ཟེར་ན། མ་གཞི་མི་ནི་གསར་གཏོད་ལ་མཁས་ཤིང་སྔོན་བསྐྱོད་ཀྱི་རིག་སྟོབས་ཀྱི་མངའ་བ་ཞིག་ཡིན་པས ། ན་གཞོན་ཞིག་ཡིན་ཕྱིར་གཏོར་བཤིག་དང་ཐོད་བརྒལ། ཟབ་འཇུག་བཅས་ཀྱི་བློ་སྤོབས་དང་ཡིད་ཆེས་བརྟན་པོ་ཡོད་དགོས། དེའི་ཕྱིར། བོད་ཀྱི་རུས་རྒྱུད་ཀྱི་མི་རབས་ཤིག་ཡིན་པའི་ཆ་ནས་མི་རིགས་ཀྱི་རིག་གནས་ལ་ངེས་ཆ་དང་ཆབ་དཔལ་སྲིད་གསུམ་ལ་ཟབ་འཇུག ། སྐད་ཡིག་དང་རིག་གནས །སློབ་གསོ། ཚོང་ལས་དཔལ་འབྱོར། འཁོར་ཡུག་གི་གནས་བབ་བཅས་ལ་མནོ་བསམ་བཞེས་ནས་མི་རིགས་རང་བཞིན་གྱི་བྱ་བར་འགན་ལེན་བྱ་ཕོད་མཁན་ན་གཞོན་སྐྱེ་བོ་རབ་ཡིན།

མི་སྒེར་གྱི་ཤེས་རབ་དང་འཇོན་ནུས་ལ་བརྟེན་ནས་འཚོ་བར་རྒོལ་ཞིང་། སྤྱི་ཚོགས་ཀྱི་གདོང་ལ་ཡི་མངའ་བ། མི་སྒེར་གྱི་རྩིས་ཐང་དང་རྩ་དོན་ལྡན་པ། གཡོག་རྒྱུག་གི་འདུ་ཤེས་དང་རེ་བཅོལ་གྱི་སེམས་པ་སྤུ་སུད་ཙམ་ཡང་མེད་པར་སྒེར་གཤིས་མངའ་བའི་ཤེས་ཡོན་ཅན་དང་། མི་ཉིད་ཀྱིས་རྩ་འཛུགས་དང་ཚོགས་པར་སྦྲེལ་ནས་སློབ་གསོ་དང་དཔལ་འབྱོར། ཚོང་ལས་དང་མ་རྐང་ངེས་ཅན་གྱི་ཚད་ལྡན་ལས་ཀ་གཉེར་བ་ནི་ན་གཞོན་སྐྱེས་བུ་རབ་འབྲིང་ཡིན། གཞན་དུ། རྒྱལ་ཁབ་གྱི་བྲན་རྒྱུགས་དང་ཚོང་དཔོན་ག་གེ་མོའི་གཡོག་པོར་ཡིན་ནའང་། ཚད་ངེས་ཅན་གྱི་གླ་དངུལ་དང་ལས་ཐོབ། བྱ་བའི་ཁེ་དབང་དང་འབྱུང་འགྱུར་གྱི་དམིགས་པ་ཆེར་ལྡན་པ། སྤྱི་ཚོགས་ལ་ཁེ་དབང་བསྐྲུན་་པའི་བྱ་བ་ཕྲན་ཙམ་སྒྲུབ་ནུས་ཡོད་པ། ཡང་ན། རྒྱལ་གཞུང་ལ་རེ་མི་འཆའ་བར་མི་སྒེར་ལས་ཁུངས་སམ་སློབ་གྲྭར་བྱ་བ་སྒྲུབས་ཤིང་འཇོན་ཚདའང་འབྲིང་ཙམ་ཡོད་པ་ནི་ན་གཞོན་སྐྱེས་བུ་འབྲིང་ངོ་།

ལར་མི་སྒེར་གྱི་རྩིས་ཐང་དང་ཁེ་དབང་མི་རྟོག་ཤིང་རིག་གནས་ཀྱི་ཟབ་ཚད་གཞན་པ། རྒྱལ་ཁབ་གྱི་སྲིད་གཞུང་གཙོས་པའི་ལས་ཁུངས་དག་གི་སྒོར་རྡོག་སྟོང་ལྷག་ཙམ་དེའང་བློས་གཏོང་མི་ཐུབ་ཞིང་། ཐ་ན་དུས་ཚོད་གཅིག་ཙམ་ཡང་རྗེས་ལས་ཁུར་མི་ཕོད་མི་པར་མ་ཟད། ནང་མི་དང་གཉེན་ཉེ་དག་ལ་ངས་ད་བར་ལས་ཁུངས་ག་གེ་མོར་ལས་ཞུགས上班་བྱེད་ཡོད་ཅེས་རྫིག་གཏམ་སྨྲ་བ། མི་ཉིད་ཕུགས་བསམ་སྟོང་བར་མ་ཟད་མི་སྒེར་དང་ཁྱིམ་ཚང་གི་ལྟོ་རྒྱབ་ཙམ་ཡང་འགན་མི་ཕོད་ཅིང་། མཐའ་ཁོབ་གྱི་ཡུལ་ཚོ་དག་ནས་མི་སེར་ལ་ཤེས་མདོག་སྟོན་མཁན་གྱི་ཅང་མེད་རིང་ལུགས་པ་དེ་དག་ནི་ན་གཞོན་སྐྱེས་བུ་མཐའ་མའོ།།

༢༠༡༧ ༡༡ ༢༠