དོ་དགོང་གི་ཨ་ཁུ་དོན་གྲུབ་ཚང་།

482/545

རྩོམ་པ་པོ། ཆོས་དབྱིངས་རྒྱ་མཚོ།

སྒྲུང་ཐུང་འདི་ནི་རྟོགས་བཟོ་དང་འཆར་ཡན་ཙམ་གྱིས་གྲུབ་པ་ཡིན་མོད། སྤྱི་ཚོགས་ཀྱི་ཟུར་གཅིག་ནི་འདི་འདྲའི་སྐྱུགས་བྲོ་ཞིང་ཞེ་མེར་བ་ཞིག་ཡིན་སྟབས། ཀུན་ལ་ཕན་པ་ཅུང་ཙམ་རེ་ཡོད་པར་སེམས་བསྐྱེད་དེ་བྲིས་པ་ཡིན། གཞན་སྒྲུང་ཐུང་འདིའི་ནང་གི་མི་སྣ་དང་ས་གནས་ཀྱི་མིང་རྣམས་རང་ཉིད་ཀྱིས་ཅི་དགར་སྦྱར་བ་ཡིན།—རྩོམ་པ་པོའི་གསལ་བཤད་ཀྱི་གཏམ།

ཨ་ཁུ་དོན་གྲུབ་ཚང་གི་བུ་ཆེ་བ་ཕུན་ཚོགས་ནི་གསེར་ལུང་དགོན་པའི་བཤད་གྲྭར་ཞུགས་ནས་དུས་ཡུན་རིང་པོ་ཞིག་མ་ལོན་མོད། མདང་དགོང་མུན་རུབ་ལ་ཉེ་དུས་འཕྲུལ་རྟ་རྙིང་པ་ཞིག་ལ་ཞོན་ཏེ་ཤམ་ཐབས་རླུང་གིས་སྐྱོད་བཞིན་རང་ཁྱིམ་ལ་སླེབས་བྱུང་། ཨ་ཁུ་དོན་གྲུབ་དང་ཨ་ནེ་ཕུར་སྒྲོན་གཉིས་ཀྱིས་བུ་ཆུང་ཕྱིར་ལ་ལོག་དོན་ཅི་ཡིན་ནམ་སྙམ་གྱིན་སྒོ་ཟོག་རྣམས་ལྷས་རར་བསྡུས་པ་དང་། སྔར་སྲོལ་ལྟར་ནུབ་ཇ་སྐོལ་བར་གྲ་སྒྲིག་བྱས། ཕུན་ཚོགས་ཀྱིས་སྐད་ཆ་ཅི་ཡང་མ་བཤད་པར་ངལ་དུབ་ཀྱི་ཉམས་ཤིག་སྟོན་གྱིན་སྒྱེད་འགྲམ་གྱི་རྩྭ་སྟན་ཧྲལ་བོར་ཁ་སྦུབས་ནས་གཉིད་དུ་ཡུར།
བུ་ཆུང་བ་བློ་གྲོས་དང་བུ་མོ་རིག་སྐྱིད་གཉིས་ཆུ་ལེན་དུ་སོང་ནས་ཕྱིར་སླེབས་དུས། ཟླ་བ་ཁ་ཤས་ལ་མ་འཕྲད་པའི་ཕུ་བོ་ཕུན་ཚོགས་སྒྱེད་འགྲམ་དུ་གཉིད་འདུག་པ་མཐོང་བས། དགའ་སྤྲོ་དང་བཅས“ཕུ་བོ། ཕུ་བོ”ཞེས་ལན་འགར་བོས་མོད། ཕུན་ཚོགས་ཀྱི་སྔུར་སྒྲ་ཇེ་ཆེ་དང་གཉིད་གཏམ་ཇེ་མང་དུ་ཕྱིན་ཏེ་གཉིད་ལས་སད་མ་ཐུབ། ཚུལ་དེ་མཐོང་བ་ན། ཨ་ནེ་ཕུར་སྒྲོན་གྱིས་ངག་འཇམ་པའི་སྒོ་ནས“འུར་མ་རྒྱག ཕུ་བོ་གཉིད་དུ་ཆུག”ཅེས་བཤད་པས། བློ་གྲོས་དང་རིག་སྐྱིད་གཉིས་ཀ་ཕུ་བོ་ལ་ཅེར་ནས་བསྡད་བྱུང་།
ཨ་ནེ་ཕུར་སྒྲོན་གྱིས་ཡུན་རིང་ཉར་བའི་ཕག་ཤ་སྣུམ་པོ་དེ་གཏིབ་ཞོར་དུ་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡོད་པ་དང་། ཨ་ཁུ་དོན་གྲུབ་ཀྱིས་ལག་གཡས་འཁོར་ལོ་དང་ལག་གཡོན་ཕྲེང་བ་བྱས་ཏེ་མ་ཎི་བགྲང་གིན་འདུག་པ་ལ་བལྟས་ན་ཕུན་ཚོགས་ཕྱིར་ཁྱིམ་དུ་ལོག་དོན་སྔ་མོ་ནས་ཤེས་ཡོད་པ་འདྲ། བར་སྐབས་དེར། བཟའ་མི་གང་བོས་ཕྱི་རོལ་གྱི་སྒོ་ཁྱིའི་ཟུག་སྐད་དང་རླུང་བའི་བསེད་སྒྲ་ལ་རྣ་བ་གླན་ཞིང་ཕན་ཚུན་ལ་ལྟ་ཙམ་རེ་བྱས་ཏེ་ཅི་བྱེད་འདི་བྱེད་མེད་པར་ལུས།
ཐབ་ཀ་ནས་ཐུག་པ་ལྷོག་ལྷོག་ཏུ་གདུས་ཤིང་ནུབ་ཇ་འཐུང་རན་སོང་བས། ཨ་ཁུ་དོན་གྲུབ་ཀྱིས་ཁ་ཏོན་བྱེད་མཚམས་བཞག་སྟེ་གློ་ལུ་ཞིག་བྱས་ཤིང་ནུབ་ཇ་འཐུང་ཞེས་བཤད་པས་ལྷིང་འཇགས་ཀྱི་སྦྲ་ནག་དེ་གཞི་ནས་དཀྲོགས་སོང་། ཨ་ཁུ་དོན་གྲུབ་ཚང་གི་ཡར་སྒྱེད་དུ་རྩམ་སྒམ་སྣུམ་འོད་མ་ཞིག་བཞག་འདུག་པ་དང་། ཨ་ནེ་ཕུར་སྒྲོན་གྱིས་རྩམ་སྒམ་འགྲམ་ནས་དཀར་ཡོལ་བཞི་ལྔ་ཞིག་བླངས་ཏེ་ཐུག་པ་བླུགས་མོད། དཀར་ཡོལ་དེ་དག་གཅིག་ཀྱང་བཀྲུས་མི་འདུག ཕུན་ཚོགས་སྔར་བཞིན་རྨི་ལམ་གྱི་ཞིང་ཁམས་སུ་འཕུར་སྐྱོད་བྱེད་ཀྱིན་འདུག་པས་ཨ་ནེ་ཕུར་སྒྲོན་གྱིས“ཕུན་ཚོགས། ཕུན་ཚོགས། ནུབ་ཇ་འཐུང”ཞེས་ལན་འགར་བོས་མཐར། ཕུན་ཚོགས་ཀྱིས་ད་གཟོད་འགྲེ་ལྡོག་ཅིག་བྱས་ཏེ་མགོ་བོ་ཡར་བཀྱགས་བྱུང་ལ། མིག་ཟུང་ཕུར་ཕུར་དང་མགོ་བོ་བྱིལ་བྱིལ་བྱེད་ཀྱིན་ཡིད་སེམས་སྡུག་བསྔལ་གྱིས་མནར་བའི་དབུགས་རིང་ཞིག་འབྱིན་ཞོར་ཨ་ནེ་ཕུར་སྒྲོན་ལ་ལྟ་ཙམ་བྱས། ཨ་ནེ་ཕུར་སྒྲོན་གྱིས་ཕུན་ཚོགས་ལ་ཐུག་པ་ཕོར་གང་གཏད་ཞོར“གཅེས་ཕྲུག་ལྟོགས་ཨེ་ཐལ”ཞེས་བྱམས་དུང་དུང་གིས་དྲིས་པ་ན། ཕུན་ཚོགས་ཀྱིས་འགྱོད་གདུང་གི་ཉམས་ཤིག་སྟོན་པ་ལས་ཅི་ཡང་མ་བཤད་པར་མགོ་བོ་གཡུག་གཡུག་ཅིག་བྱས། ཨ་ནེ་ཕུར་སྒྲོན་གྱིས་སེམས་ཁྲལ་གྱི་མདངས་དང་ལྡན་པའི་མིག་ཟུང་གིས་ཕུན་ཚོགས་ལ་བལྟས་པར་གཞིགས་ན། སེམས་སུ་ཅི་ཞིག་རྟོགས་འདོད་ཀྱི་འདུན་མ་ལྷོག་ལྷོག་ཏུ་གདུ་བཞིན་ཡོད་པ་དང་འདྲ་བས། སྐད་ཆ་ཞིག་གི་མགོ་རྩོམ་པར་དབུགས་དབྱུང་གིན་འདུག སྐབས་དེར། བུ་ཆུང་བ་བློ་གྲོས་ཀྱིས“ཕུ་བོ། ཁྱོད་ཀྱིས་འཕྲུལ་རྟ་གང་ནས་ཉོས་པ་ཡིན། ནམ་ཞིག་ལ་ཞོན་ལོབ་སྦྱངས། ང་ཡང་འཕྲུལ་རྟར་ཞོན་ན་འདོད”ཅེས་དྲི་བ་དང་རེ་འདོད་བཤད་པ་ན། ཨ་ཁུ་དང་ཨ་ནེ་གཉིས་ཀྱི་དྲན་པའི་ཡོལ་ངོས་སུ་འདྲ་མིན་གྱི་དོགས་གཞི་སྣ་ཚོགས་ཤིག་འཕོས་བྱུང་སྟེ། དང་ཐོག་ཕུན་ཚོགས་གྲྭ་སར་འགྲིམ་དུས་འཕྲུལ་རྟ་མེད་པར་མ་ཟད་འཕྲུལ་རྟར་ཞོན་ཡང་མི་ཤེས། ཨ་ཁུ་དོན་གྲུབ་ཀྱིས་བརྒྱུད་རིམ་ཅི་འདྲ་ཞིག་ཡིན་ནམ་བསམས་ཏེ“ཞི་ལུ་་་ན་ནིང་བཤད་གྲྭར་ཞུགས་ནས་ད་བར་དུ་ལོ་གཅིག་ཀྱང་མ་ལོན་པས་ཁྱིམ་ལ་ལོག་དོན་ཅི་ཡིན། དགོན་པས་གུང་གསེང་བཏང་བ་རེད་དམ་ན་ཚ་བྱུང་བ་རེད”ཅེས་དྲིས་བྱུང་བས། ཕུན་ཚོགས་ཀྱི་ངོ་གདོང་དམར་པོར་གྱུར་ཅིང་དོགས་མི་བདེ་བའི་ངང་ནས་ནུ་བོ་དང་ཨ་ཕ་ཟུང་གི་གཅིག་ཐོག་གཉིས་བརྩེགས་ཀྱི་དྲི་བར་མགོ་བོ་གཡུག་ཙམ་བྱེད་པ་ལས་ལན་ཅི་ཡང་མ་སྦྱིན།
ཨ་ཁུ་དོན་གྲུབ་ནི་སྡེ་མི་དང་གཉེན་ཉེ་ཚོས་མི་ཡ་རབས་ཤིག་ཏུ་རྩི་བར་མ་ཟད་ཕུན་ཚོགས་ཆུང་དུས་སུ་པྲ་ཚག་ཡིན་པས་ཐེངས་མང་པོར་གཅར་རྡུང་རེག་མྱོང་བས། ལོ་ངོ་ཉེར་བདུན་ལ་སོན་པའི་ཕུན་ཚོགས་ད་ལྟ་ད་དུང་ཡང་སྒྱེད་འགྲམ་ན་སིག་སིག་ཏུ་འདར་གྱིན་འདུག ཨ་ནེ་ཕུར་སྒྲོན་གྱིས་སྐད་ཆ་གཅིག་ཀྱང་མི་བཤད་པར་ཐུག་པ་ཅན་སྐེད་ཅིག་ལག་ཏུ་བཟུང་ནས་ཕུན་ཚོགས་ཀྱིས་ཅི་ཞིག་བཤད་པར་རེ་སྒུག་བྱེད་ཀྱིན་འདུག ཨ་ཁུ་དོན་གྲུབ་ཀྱི་སྐད་གདངས་ཇེ་མཐོར་སོང་ནས་ཕུན་ཚོགས་ལ“དོན་དམ་མར་དོན་དག་ཅི་ཞིག་བྱུང་སོང་”ཞེས་ནན་ཏན་གྱི་ཚུལ་གྱིས་དྲིས་བྱུང་བས། ཕུན་ཚོགས་ལ་དངངས་སྐྲག་ཆེན་པོ་ལངས་ཀྱང་དོན་དག་འདི་ཅིས་ཀྱང་སྨྲ་བར་འགྱུར་ལ། སྔ་ཕྱི་ཙམ་མ་གཏོགས་ཁྱད་པར་ཅི་ཡང་མེད་པས་ཅི་བྱུང་ན་བྱུང་དུ་ཆུག་བསམ་ནས་རང་ཉིད་ཀྱི་གཏམ་རྒྱུད་ཐུང་ཐུང་ཞིག་འདི་ལྟར་གླེང་མགོ་བརྩམས།
ཁོ་བོ་བཤད་གྲྭར་ཞུགས་ནས་ཟླ་གཉིས་གསུམ་ཙམ་གྱི་རིང་འཆད་རྩོད་རྩོམ་གསུམ་ལ་དགོང་ཕྱི་ཉལ་དང་ནངས་སྔ་ལངས་བྱས་ཏེ་འབད་པ་ལྷུར་ལེན་བྱས་པ་ཡིན། སྐབས་འགར་གཉིད་ཆག་ཟས་བརྗེད་དུ་གྱུར་ཏེ་ཉིན་གང་བོར་དཔེ་ཆའི་ངོས་སུ་ཅེར་ནས་བསྡད་པའང་ཐེངས་མང་ཡིན། དེའི་རྗེས་སུ་སྟབས་བདེའི་ཆེད་དུ་ཁ་པར་གསར་པ་ཞིག་ཉོས་ཤིང་ཡར་མར་ཀུན་གྱི་ཨང་གྲངས་ཀྱང་རྙེད་པས། དགོས་མེད་ཀྱི་ཁ་བརྡ་གང་མང་ཞིག་གིས་དུས་ཚོད་འདའ་བར་བྱེད་པའི་མགོ་བརྩམས། ཁ་པར་གསར་དུ་ཉོས་པ་ནས་བཟུང་ཁོ་བོས་དཔེ་ཆར་ལྟ་བའི་དུས་ཚོད་ཇེ་ཐུང་དུ་སོང་ལ་ལེ་ལོ་དང་སྒྱིད་ལུག་གི་རྣམ་པར་གཡེང་སྟེ་མིག་ཟུང་དཔེ་ངོས་སུ་ཅེར་ཡང་སེམས་པ་འདི་གཤོག་ཐོགས་ཀྱི་རྟ་ཕོ་ཞིག་དང་འདྲ་བར་གང་སར་ཤོར་འགྲོ་བ་ཞིག་ཏུ་གྱུར། ཐ་ན་མཁན་པོ་དང་སྐྱོར་དཔོན་རྣམ་པས་ཆོས་ཁྲིད་བྱེད་པའི་གནས་སྐབས་ནའང་སེམས་པ་རྣམ་གཡེང་གི་དབང་དུ་ཤོར་ནས་ཁ་པར་ནང་གི་རྩེད་མོ་སྣ་ཚོགས་བརྩེས།
ཉིན་ཞིག་ལ། ཁོ་རང་གིས་ཁ་པར་ཨང་གྲངས་ཤིག་གང་བྱུང་དུ་མནན་ཏེ་འབོད་བརྡ་བཏང་བ་ཡིན། སྟབས་མ་ལེགས་པ་ཞིག་ལ་དེ་ནི་ཁོ་བོ་གྲྭ་ས་དང་གཏན་དུ་བཀྱེད་པའི་རྒྱུ་རྐྱེན་ཞིག་ཏུ་གྱུར་འདུག སྐད་གདངས་ལ་ཉན་ན་བུད་མེད་ཅིག་ཡིན་པ་ཧ་གོ་ཡང་འདྲིས་ཆ་ཡོད་མདོག་མདོག་གིས“ཨ་རོག ག་རེ་གནང་གིན་ཡོད”ཅེས་དྲིས་པར“དཔེ་ཆར་ལྟ་བཞིན་ཡོད། ཁྱོད་སུ་ཡིན།” “གྲོགས་པོ་ཞིག་ཡིན་མི་ཤེས་སམ། ཁྱོད་གང་དུ་ཡོད།” “དགོན་དུ་ཡོད་་་་་་”ཅེས་སོགས་ཕན་ཚུན་སྐད་ཆ་ཉུང་ཙམ་ཞིག་བཤད་རྗེས་ཁོ་བོའི་བསམ་པར། དགོན་དུ་ཡོད་ལུགས་དང་དཔེ་ཆར་ལྟ་བཞིན་པ་ལ་གཞིགས་ན་ཕལ་ཆེར་ཇོ་མོ་ཞིག་ཡིན་པ་འདྲ་བས་མི་རུང་ངོ་བསམས་ནས་ཁ་པར་སྒོ་གཏན། ཕྱི་ཉིན་དགོང་མོར་ནུབ་ཇ་འཐུང་ཚར་རྗེས་དཔེ་ཆར་ལྟ་བའི་མོས་པའང་མེད་པས་ཉལ་རྩིས་བྱས་པ་ཡིན། གློ་བུར་དུ། “ཁ་པར་ཐོན་ཐལ། ཁ་པར་ཐོན་ཐལ”ཞེས་པའི་འབོད་བརྡ་སྙན་མོ་དེ་གྲགས་ཀྱིན་མདུན་ཅོག་གི་སྟེང་ནས་ཁ་པར་འགུལ་བྱུང་། ཁོ་བོས་གཅིག་བལྟས་ཙ་ན་ཨང་གྲངས་དེ་རིག་མྱོང་མྱོང་འདྲ་ཡིན་མོད་སུ་ཡིན་གཏན་ཁེལ་མ་ཐུབ་པས་ཡ་མཚན་དང་ཐེ་ཚོམ་ཞིག་གིས་ཁ་པར་ལ་ཉན་པ་ཡིན། དེ་ནི་ཏག་ཏག་ཁ་སང་བཏང་བའི་ཁ་པར་གྱི་བདག་མོ་ཡིན་འདུག་སྟེ་སྐད་གདངས་ལ་ཉན་ན་གསལ་བོ་ཤེས།
“ཨ་རོག དྲང་མོ་ཤོད་དང་ཁྱོད་སུ་ཡིན།”
“འོ། འུ་གཉིས་ཕན་ཚུན་ངོ་མི་ཤེས། ཁ་སང་ཁ་པར་ཨང་གྲངས་འདི་གང་བྱུང་དུ་མནན་པ་ཡིན་པས་དགོངས་དག་ཞུ།” ཁོ་མོ་དགོད་ཞོར་དུ། “འོ། སྐྱོན་མེད། ཁྱོད་གང་ནས་ཡིན”ཞེས་དྲིས་བྱུང་།
“ང་གསེར་ལུང་དགོན་པའི་གྲྭ་བ་ཞིག་ཡིན། ཁྱོད……”ཅེས་སྐད་ཆ་བཤད་མ་ཚར་ཡང་ཚིག་སྣེ་བཅད་དེ“ཨ་ལ་ལ……ང་ཡང་གསེར་ལུང་དགོན་པ་ནས་ཡིན། ལས་དབང་ཟེར་བ་འདི་དངོས་གནས་ཡ་མཚན་པ་ལ་ཨང”ཞེས་བློ་ཡུལ་དུ་ཤོང་དཀའ་བའི་སྐད་ཆ་ཞིག་ཀྱང་བཤད་བྱུང་།
དུས་དེ་ནས་བཟུང་ཁོམ་ལོང་ཅུང་ཙམ་རེ་ཡོད་ཚེ་ཁ་བརྡ་བྱས་ཤིང་ཕན་ཚུན་བར་རྒྱུས་ལོན་ཡང་མི་ཉུང་བ་རེ་བྱུང་། ཁོ་མོའི་མིང་ལ་སྒྲོལ་མ་ཟེར་ཞིང་རང་གི་བཟའ་ཟླ་དང་མ་འགྲིག་ནས་གསེར་ལུང་དགོན་པར་བྲོས་ཡོང་བ་ཞིག་ཡིན་ལ་ཆུང་དུས་ནས་ཕ་མ་དང་ཁ་བྲལ་སོང་བས་གཉེན་ཉེ་དང་མཛའ་གྲོགས་སོགས་ཅི་ཡང་མེད།
དུས་ཡུན་རིང་བོ་ཞིག་ལ་ཁོ་མོ་དང་འབྲེལ་འདྲིས་བྱས་ཤིང་རང་དབང་མེད་པར་འདོད་སྲེད་ཀྱི་སྐད་ཆ་མི་ཉུང་བ་ཞིག་ཀྱང་བཤད་པ་ཡིན་ལ། ཉིན་ཞིག་གི་ཕྱི་དྲོར་ངེད་གཉིས་དགོན་པའི་འདུ་ཁང་གི་ལྟག་རྒྱབ་སྟེ་ནམ་རྒྱུན་མི་གཅིག་ཀྱང་མེད་ས་ནས་ངོ་འཕྲད་པའི་དུས་བཏབ་པ་ཡིན། ཁོ་རང་གིས་དོན་དག་འདི་ཆོས་གྲོགས་དང་དགེ་བསྐོས་རྣམ་པས་གོ་བར་སྐྲག་ནས་སྐེ་དཀྲིས་དམར་པོ་ཞིག་གིས་མགོ་བོ་དམ་པོར་གཅུད་དེ་མུན་རུབ་ལ་ཉེ་ཁར་རྐང་འཇབ་ལག་འཇབ་ངང་འདུ་ཁང་ཕྱོགས་སུ་ཕྱིན། ཁོ་མོའང་དུས་ཆད་ལྟར་སླེབས་པར་མ་ཟད་ང་དང་འདྲ་བར་གཞན་གྱིས་ཤེས་པར་དོགས་ནས་མིག་ཟུང་མ་གཏོགས་ཅི་ཡང་མི་མཐོང་བ་ཞིག་བྱས་འདུག ཁོ་མོས་ང་རང་མཐོང་མ་ཐག་ཏུ་མགོ་དཀྲིས་མར་ཕུད་ནས་དོགས་མི་བདེ་བའི་རྣམ་འགྱུར་ཞིག་དང་བཅས་ཡིད་འོང་གི་འཛུམ་ཆུང་ཞིག་བསྟན་བྱུང་། འཛུམ་ཆུང་དེ་ནི་གྲྭ་སྨྱོན་ངའི་ཆེས་ཐོག་མའི་སེམས་པ་སྒུལ་བྱེད་དུ་གྱུར། དཀར་ལ་དམར་མདངས་ཆགས་པའི་བཞིན་རས་མཛེས་པོ་དེ་ཁོ་བོའི་མཐོང་ལམ་དུ་ཐོག་མར་བརྒྱུད་དུས་ཚོན་འཕྲིན་དུ་བསྐུར་བའི་འདྲ་པར་དེ་ཡིད་ལ་ཝ་ལེར་དྲན་བྱུང་སྟེ། ཁོ་བོས་འདྲ་པར་དེ་ཐོག་མར་མཐོང་དུས་བག་ཆགས་ཟབ་མོ་ཞིག་མ་བཞག་མོད་དེ་ནི་པར་ཆས་ཀྱི་ཁྱད་པར་ཞིག་ཡིན་པ་ལས་ཁོ་མོ་ནི་ཅི་འདྲའི་ཡིད་འོང་ཞིག་རེད་ཨང་། ཁོ་བོས་ཀྱང་མགོ་དཀྲིས་དམར་པོ་དེ་མར་ཕུད་ནས་ཁོ་མོ་ལ་འཛུམ་ཞིག་སྟོན་གྱིན་ལག་འཇུ་བྱས་རྗེས། དུས་ཚོད་ཁ་ཤས་ཀྱི་ཡུན་ལ་ཁ་བརྡ་མི་ཉུང་བ་ཞིག་བྱས།
དེ་ལྟར། ཁོ་མོ་དང་ཡུན་རིང་དུ་འབྲེལ་བ་བྱས་པས་སློབ་གཉེར་གྱི་མོས་པ་གཏན་ནས་མེད་ཅིང་གྲྭ་བ་ཞིག་གི་ཚུགས་ཀའང་རྨང་ནས་ཤོར་བས་སྐྱུགས་བྲོ་ཞིང་ཞེ་མེར་བའི་འདོད་དོན་མང་པོ་ཞིག་སྒྲུབ་པར་ཤོར། སྟེས་དབང་ཞིག་གམ་ལས་དབང་ཞིག་གིས་ཁོ་མོ་ངོ་ཤེས་ཤིང་ཡུན་རིང་འབྲེལ་བ་བྱས་པར་བསྟེན། ཆགས་གཏམ་འདྲ་མིན་གྱིས་དུས་ཚོད་གཟད་ཅིང་འཆལ་གཏམ་སྣ་ཚོགས་ཀྱིས་སྐད་རིན་གཟད་པ་ཡིན། སྐབས་ཤིག་ནས་བཟུང་ཕན་ཚུན་ལ་ཡིད་སེམས་ཆགས་རབས་དང་འདུན་མ་མཐུན་ལུགས་སོགས་ཚུལ་མིན་གྱི་སྐད་ཆ་མང་པོ་ཞིག་ཀྱང་བཤད་པར་མ་ཟད། ཉིན་ཞིག་དགོན་པ་དང་ཁ་བྲལ་ཞིང་ཡུལ་ཕྱོགས་གཞན་པ་ཞིག་ནས་མཉམ་གཅིག་ཏུ་འཇིག་རྟེན་གྱི་འཚོ་བ་རོལ་བའི་སེམས་ཐག་བཅད་དེ། དགོན་པའི་ནང་གི་ཁང་པ་དང་ཁྱིམ་ཆས། དཔེ་ཆ་སོགས་ཐམས་ཅད་བཙོང་ཞིང་སྒོར་མོ་མང་ཙམ་བསགས་ཏེ་ཟླ་དེའི་ཚེས་དྲུག་གི་མཚན་མོར་ལམ་དུ་བགྲོད་པའི་ཁ་ཐུག་པ་ཡིན། ཁོ་བོ་ཆེས་བློ་གཏད་ཆོག་སའི་གྲོགས་པོ་རྒྱལ་མཚན་ལ་དོན་དག་ཡོད་ཚད་མ་གསང་གསོང་པོར་བཤད་པས། གྲོགས་པོས་ང་ལ་མ་འགྲོ་ཞེས་སློབ་གསོ་མང་པོ་ཞིག་བཏང་ཡང་། ཁོ་བོས་ཨུ་ཚུགས་མཐར་སྐྱེལ་གྱིས་གྲོགས་པོ་ལ“གང་ལྟར་དོན་དག་འདི་སྒྲུབ་རྒྱུ་ཡིན་པས་གཞན་སུ་ལའང་བཤད་མི་ཆོག”ཅེས་ནན་བཤད་བྱས་པས་གྲོགས་པོའང་ཅི་བྱ་གཏོལ་མེད་དུ་གྱུར་ནས་མི་འདོད་བཞིན་ཡ་ལན་བཏབ་བྱུང་། དེ་ནས་ཁོ་བོས་ཁང་པ་དང་ཅ་ལག་ཡོད་ཚད་གོང་བདེ་མོ་བྱས་ཏེ་བཙོང་ཞིང་འགྲོ་བར་གྲ་སྒྲིག་བྱས། ཚེས་པ་དྲུག་གི་ཕྱི་དྲོར་སྒྲོལ་མར་ཁ་པར་ཞིག་བཏང་ནས“གྲ་སྒྲིག་བྱས་ཨེ་ཚར”ཞེས་དྲིས་པར“གྲ་སྒྲིག་བྱས་ཚར་སོང་། ཨ་ན་མ་ན་བྱས་ཡོད། དགོང་མོ་དུས་ཚོད་བརྒྱད་པའི་སྟེང་རླངས་འཁོར་ས་ཚུགས་ནས་ཐུག”ཅེས་བཤད་ནས་ཁ་པར་སྒོ་གཏན་བྱུང་།
དགོང་མོའི་དུས་ཚོད་བརྒྱད་པ་ཡས་མས་སུ་སླེབས་པ་ན་གྲོགས་པོ་རྒྱལ་མཚན་ལ་བདེ་མོ་བཞག་ཅིང་རང་ཤག་དྲོན་མོ་དང་ཁ་བྲལ་ནས་རླངས་འཁོར་ས་ཚུགས་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར། རླངས་འཁོར་ས་ཚུགས་སུ་སླེབས་དུས་ཡར་ལྟ་མར་ལྟ་ཞིག་བྱས་ཀྱང་ཁོ་མོ་མཐོང་ལམ་དུ་མི་འདུག་ལ། ཁ་པར་ཞིག་བཏང་ཡང་ཁོ་མོའི་ཁ་པར་ལ་འཕྲིན་བརྡ་མི་འདུག་ཅེས་གྲག་བྱུང་བས། རླངས་འཁོར་ས་ཚུགས་ཀྱི་ངལ་གསོའི་སྟེགས་བུ་ཞིག་ཏུ་བསྡད་དེ་བསྒུགས་པ་ཡིན། མུན་ཡོངས་སུ་རུབ་ཅིང་ཆར་བ་ཟམ་ཟིམ་ཞིག་ཀྱང་བབས་བྱུང་། ཁོ་བོས་ཕྱོགས་བཞིར་ལྟ་བཞིན་སྒྲོལ་མ་ཡོང་བར་བསྒུགས་ཀྱང་མཐོང་ལམ་དུ་གྱུར་བ་ནི་གྲྭ་ཁང་སོ་སོ་ནས་གསལ་ཡོང་བའི་ཁྲ་ལམ་ལམ་གྱི་གློག་འོད་དེ་ཡིན་པ་ལས་གཞན་ཅི་ཡང་མ་མཐོང་། དུས་ཚོད་གཉིས་ཡས་མས་ཀྱི་རིང་ལ་ཁ་པར་བཏང་ཞིང་རེ་སྒུག་བྱས་མོད་ཁ་པར་གློག་སྒོ་གཏན་རྒྱག་བྱེད་འདུག་ལ་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད་པས། སེམས་ལའང་འཚུབ་ཆ་ཞིག་ལངས་ཏེ་ཁོ་མོས་རྫུན་བཤད་པ་ཡིན་མིན་ལ་དོགས་པ་སྐྱེས། དུས་ཚོད་ཡུན་རིང་ཞིག་འགོར་སོང་ལ་ཆར་བ་ཡང་ཤག་ཤག་ཏུ་བབས་བྱུང་བས་ཁོ་བོ་རླངས་འཁོར་ས་ཚུགས་ཀྱི་རླངས་འཁོར་འཇོག་ས་སྟོང་བ་ཞིག་ཏུ་གབ་ཅིང་ངལ་གསོས་པས་དེ་གར་གཉིད་དུ་ཡུར་སོང་། མཚན་དཀྱིལ་གྱི་དུས་ཚོད་དང་པོ་ཡས་མས་སུ་རླངས་འཁོར་ས་ཚུགས་དེའི་འཁོར་སྲུང་པ་ཡོང་ནས་ཁོ་བོ་གཉིད་ལས་སློང་བཞིན“གྲོགས་པོ”ཞེས་བོས་པ་ཐོས་བྱུང་། ཁོ་བོ་དངངས་སྐྲག་དང་བཅས་གཉིད་ལས་སད་པ་ན་སིག་སིག་ཏུ་འདར་གྱིན་འདུག དོན་དག་ཡོད་ཚད་དྲང་པོར་བཤད་བཞག་ན་རང་ཉིད་ཀྱི་ངོ་ཚ་ཞིག་ཡིན་པས་རྫུན་གཏམ་ཞིག་བཤད་པར་བསམ་བློ་བཏང་སྟེ། “ང་ས་ཐག་རིང་པོ་ཞིག་ནས་དགོན་ཆེན་འདིར་མཇལ་སྐོར་དུ་ཡོང་བ་ཡིན། མདང་དགོང་ཕྱིར་ཕ་ཡུལ་དུ་འགྲོ་འདོད་ནས་རླངས་འཁོར་བཙལ་དུ་ཡོང་མོད། ཆར་བ་ཆེན་པོ་ཞིག་བབས་ཏེ་རླངས་འཁོར་གྱི་འགྲོ་འོང་མེད་པས་འདིར་ལུས་སོང” ཞེས་གཉོམ་དུང་དུང་གི་སྐད་ཆ་ཞིག་བཤད་པར། “འོ་ཡ་ཡ། ཁྱོད་ག་ཤེད་ནས་རིག་མྱོང་མྱོང་ཞིག་རེད། ཕ་ཡུལ་གང་ནས་ཡིན།” “ཧ་་་ཧ། ང་ཕ་ཡུལ་ཟི་ལིང་ནས་ཡིན།” ཞེས་བསྐྱར་རྫུན་ཞིག་བཤད་དགོས་བྱུང་། “ཡ་་་ད་ཁྱིམ་ལ་འགྲོ། དོ་ནུབ་ངེད་ཚང་དུ་མལ་གསོ་གྱིས་དང་སང་ཉིན་ངས་ཁྱོད་ལ་རླངས་འཁོར་བཙལ་རོགས་བྱེད་ཆོག”ཅེས་ལྷག་བསམ་གྱིས་སྤུད་པའི་སྐད་ཆ་ཞིག་བཤད་བྱུང་། དེ་ནས་ང་ཁོང་ཚང་དུ་ཉལ་བ་ཡིན་མོད་སེམས་པ་ཁྲ་ཁྲ་རིག་རིག་གིས་ཁེངས་ཏེ་གཉིད་ཁུག་ཐབས་བྲལ། སྒྲོལ་མས་ཁོ་བོའི་མགོ་བསྐོར་སོང་བ་ཡིན་ནམ་ཡང་ན་ཁོ་བོ་གཉིད་སོང་བའི་སྐབས་སུ་སླེབས་ཀྱང་ང་རང་མ་མཐོང་བར་ཕྱིར་བུད་སོང་བ་ཡིན། གལ་ཏེ་སྒྲོལ་མས་ཁོ་བོས་མགོ་བསྐོར་བ་ཡིན་ན་ངས་ཅི་ཞིག་བྱེད་དགོས་པ་རེད། ཕྱིར་སོང་ན་འགྲོ་ས་མེད་ལ་ངོ་ཚའང་ཡིན། འདི་ལྟར་ཕ་ཡུལ་དུ་ལོག་སོང་ན་ཕ་མ་དང་གཉེན་ཉེ་རྣམས་ཀྱི་རེ་བ་གཟད་པ་ཡིན་ལ་གཤེ་གཤེ་ཡང་རག་ངེས་ཡིན། ད་ཅི་བྱས་ན་ལེགས་སམ་སྙམ་སྟེ་ཕྱོགས་མང་པོ་ཞིག་ལ་བསམ་བློ་བཏང་ཡང་ཅི་བྱ་གཏོལ་མེད་དུ་གྱུར། ཁོ་བོའི་ཡིད་སེམས་ལ་ཐེ་ཚོམ་དང་དོགས་པ། དྲི་བ་མང་པོ་ཞིག་གིས་ཅོ་འདྲི་བྱས་ཏེ་གཟེབ་ཏུ་ཚུད་པའི་བྱེའུ་ཆུང་བཞིན་མུན་ནག་གིས་དུབ་པའི་ཁང་མིག་ཆུང་ཆུང་དེ་ནས་མཚན་གོང་བོར་གཉིད་མ་ཁུག་ལ་མིག་མཐའ་མཆི་མས་བརླན། མཚམས་མཚམས་སུ་སྒྲོལ་མའི་ཕྱོགས་སུ་ཁ་པར་རེ་བཏང་ཡང་སྔར་བཞིན་སྒོ་གཏན་འདུག ཕྱི་ཉིན་ཞོགས་པར་འཁོར་སྲུང་རྒད་པོ་དང་ལྷན་དུ་སྔ་མོ་ནས་མལ་ལས་ལངས་ཏེ་ཁ་ལག་བཀྲུས་ཤིང་ནངས་ཇ་འཐུང་། སླང་ཡང་གཅིག་འཕྲོར་གཉིས་མཐུད་ཀྱིས་སྒྲོལ་མ་ལ་ཁ་པར་ཐེངས་མང་ཞིག་བཏང་ཡང་ཁོ་མོར་གྲགས་འགུལ་ཅི་ཡང་མེད་ལ་འཁོར་སྲུང་གིས་ཀྱང་གླ་འཁོར་ཞིག་གྲ་སྒྲིག་བྱས་ཟིན་པས། ཁོ་བོ་དམིགས་ཡུལ་ཅི་ཡང་མེད་པའི་ལྡོམ་པོ་ཞིག་དང་འདྲ་བར་ཟི་ལིང་དུ་འགྲོ་བའི་རླངས་འཁོར་ཞིག་ལ་བསྡད་དེ་ལམ་ལ་ཆས། དམ་བཅའ་བྲག་རི་འདྲ་ཞིག་བཞག་པའི་བུ་མོ་སྒྲོལ་མའི་སེམས་ཁ་སུ་ཞིག་གིས་བསྒྱུར་བ་ཡིན་ནམ། ཡང་ན་ཁོ་མོས་ངའི་སྤྱོད་ངན་ལ་ཐ་ཚིག་བསྒྲགས་པ་ཡིན། གང་ལྟར་ཁོ་མོ་དང་ལྷན་དུ་འཚོ་བ་རོལ་རྒྱུ་ནི་རྨི་ལམ་དུ་གྱུར།
མི་ཚེའི་ལས་དབང་ཞིག་གི་ཁ་ལོ་སྒྱུར་བའི་མཚམས་འདི་ལ་ཐོན་དུས་ཁོ་བོའི་ཡིད་སེམས་འགྱོད་གདུང་གིས་བརྣངས་ཤིང་སྐྱོ་གདུང་གིས་མནར་ཏེ། ལྷག་བསམ་དང་དྲོད་ཁོལ་གྱིས་ཁེངས་པའི་གསེར་ལུང་དགོན་པ་དང་གྱེས་ཕྱག་ཕུལ་ཞིང་སྒྲོལ་མ་ཞེས་པའི་བུ་མོ་དེ་དང་དངོས་སུ་བྲལ་ཏེ་མི་འདོད་བཞིན་གནམ་མཁར་ཟི་ལིང་གི་ཕྱོགས་སུ་བགྲོད་པ་ཡིན། ཁོ་བོའི་ཡིད་སེམས་སྐྱོ་གདུང་གིས་ཁེངས་ཤིང་བསམ་བློ་འདྲ་མིན་ཞིག་གཏོང་གིན་དུས་ཚོད་བཞི་ལྔའི་ཡུན་གྱི་ལམ་ཐག་རིང་མོ་དེ་བགྲོད་མཐར་ད་གཟོད་ཟི་ལིང་དུ་སླེབས་བྱུང་། ཁོ་བོ་ནི་ཟི་ལིང་ལ་ཐོག་དང་པོར་སླེབས་པ་ཡིན་ལ། ཁྱད་པར་དུ་འདི་འདྲའི་གྲོང་ཁྱེར་ཆེན་པོ་ཞིག་ལ་ཆེས་ཐོག་མར་སླེབས་པ་ཡིན་པས་གྲོང་ཁྱེར་གྱི་རྣམ་པ་མཛེས་པོ་དེ་མིག་ལམ་དུ་བརྒྱུད་དུས་ཧ་ཅང་ཡག་སྣང་ཞིག་སྐྱེས། ཁོ་བོ་རླངས་འཁོར་ལས་བབས་རྗེས་ཐད་ཀར་ཟ་ཁང་ཞིག་ཏུ་འཛུལ་ནས་ཟ་མ་སྟབས་བདེ་ཞིག་བཟས། དེ་ནས་རྒྱབ་ཁུག་ནག་རིལ་མ་ཁུར་ཏེ་ཉེ་འགྲམ་ནས་ཉལ་ཁང་སྟབས་བདེ་ཞིག་ཐག་གཅོད་བྱས། སྐབས་དེར་ཕྱི་དྲོའི་དུས་ཚོད་གཉིས་པ་ལས་མིན་པས་ཕྱི་རོལ་དུ་འཆམ་འཆམ་ལ་ཕྱིན་པ་ཡིན། ཁོ་བོ་ཕྱི་རོལ་གྱི་ཡུལ་ལྗོངས་མཛེས་པོ་དང་རྩེད་རིགས་འདྲ་མིན་ལ་སེམས་པ་གཡེང་པས་ཉིན་གང་བོར་ཁུར་བའི་སྐྱོ་གདོང་གི་ཁྲེས་པོ་དག་རྨང་ནས་བརྗེད་ཅིང་ཉི་མའང་ལ་མགོའི་ལྟག་རྒྱབ་ཏུ་བཞུད་སོང་། མུན་རུབ་ལ་ཉེ་ཁར་ཁོ་བོ་ཕྱིར་ཉལ་ཁང་དུ་ལོག་ནས་ལུས་པོ་གཙང་བཀྲུ་ཐེངས་ཤིག་བྱས་ཏེ་ཉལ་བ་ཡིན། ཉལ་ཁང་དེ་ནི་གཞི་རྒྱ་ཆེན་པོ་ཞིག་རེད་ལ་ཉལ་ཁྲིའང་མང་པོ་ཞིག་ཡོད་མོད་ཉལ་མཁན་ནི་ང་གཅིག་པུ་ལས་མེད་པས་ཧ་ཅང་ལྷང་འཇགས་ཤིག་རེད། ཁོ་བོ་ཉལ་ཁྲི་མཐོན་པོ་དེར་ཁེན་ནས་ཡུད་ཙམ་བསྡད་པ་ན་སླར་ཡང་སོས་མི་ཐུབ་པའི་རྨ་ཁ་གསོན་པོ་ཞིག་སེམས་ཀྱིས་བསྒུལ་ཏེ་འདས་སོང་གི་དོན་དག་མང་པོ་ཞིག་དྲན་པའི་ཡོལ་ངོས་སུ་བརྙན་རིས་བཞིན་ཝ་ལེར་ཤར་ལ། ཁེར་རྐྱང་གི་སེམས་པུ་གཉོམ་པོ་དེའང་གྲང་ཤར་ཤར་དུ་གྱུར་ཏེ་མིག་ཀོང་མཆི་མས་བསྐོར་བྱུང་། མི་ཡུལ་གྱི་ས་མཐའ་འདི་ན་ཁོ་བོར་རྟེན་ས་དང་ཁེན་ས་མེད་ལ་གཉེན་ཉེ་དང་མཛའ་བཤེས་ཀྱང་མེད་པས་ཡུན་རིང་དུ་འདུག་དགོས་ན་ཕྱོགས་གང་ཐད་ནས་དཀའ་ངལ་ཡོད་སྲིད་པས་ཅི་ལྟར་བྱས་ན་ལེགས་སམ་བསམ་པ་ཡིན། སྐབས་དེར་གློ་བུར་དུ་གྲོགས་པོ་ཞིག་ཡིད་ལ་ཤར་བྱུང་སྟེ། ཁོ་ནི་ང་རང་དང་འདྲ་བར་ཟླ་བ་ཁ་ཤས་ཀྱི་སྔོན་དུ་ཇོ་མོ་ཞིག་དང་མཉམ་དུ་དགོན་པ་དང་ཁ་བྲལ་ནས་བུད་སོང་བ་ཞིག་ཡིན་ལ། གོ་ཐོས་སུ་གཟའ་མི་གཉིས་ཀྱིས་ཟི་ལིང་དུ་ཚོང་གཉེར་བྱེད་བཞིན་ཡོད་པས། དེ་མ་ཐག་གྲོགས་པོ་ཟླ་བ་ལ་ཁ་པར་བཏང་བ་ཡིན། ཡུན་རིང་དུ་འབྲེལ་བ་མ་བྱས་པའི་གྲོགས་པོའི་སྐད་གདངས་འགྱུར་འདུག་ལ་འདྲེ་སྐད་ཀྱང་མི་ཉུང་བ་ཞིག་གསུང་གིན་འདུག ཁོ་བོས་གྲོགས་ཟླ་བ་ལ་དོན་དག་ཡོད་ཚད་སྒྲོ་འདོགས་དང་སྐུར་འདེབས་མེད་པར་དྲང་མོར་བཤད་ཅིང་སང་ཉིན་ཐུག་རྒྱུ་བྱས་ཏེ་ངལ་གསོས། དོན་དག་མང་པོ་ཞིག་ལ་འགྱོད་གདུང་དང་འཁང་ར་བྱས་ན་ཕྱིས་ཟིན་པ་ཤེས་ནས་རང་སེམས་རང་གིས་གསོས་ཏེ་སེམས་ལྷོད་ལ་ཕབས་པས་གཉིད་དུ་ཡུར།
ཕྱི་ཉིན་སྔ་དྲོར་མལ་ལས་ལངས་མ་ཐག་གྲོགས་ཟླ་བ་ལ་ཁ་པར་བཏང་བས་ཁོ་བོ་བསུ་རུ་ཐོན་བྱུང་། ཟླ་བ་ཁ་ཤས་ལ་མ་འཕྲད་པའི་གྲོགས་ཟླ་བ་ནི་ཡོངས་སུ་འགྱུར་ཟིན་ཏེ། ལུས་ཀྱི་གྲྭ་ཆས་ཕུད་འདུག་ལ་མགོ་བོའི་སྐྲ་ལོའང་སེར་པོར་བསྒྱུར་འདུག ད་དུང་ཐ་མག་རྐང་གཅིག་ཤེད་ཀྱིས་རྔུབ་ཀྱིན་འཕྲུལ་རྟ་ལས་བབས་ཏེ་ཁོ་བོར“དཀའ་ཨེ་ཐལ”ཞེས་འཚམས་འདྲི་བྱེད་ཞོར་ལག་པས་འཇུས། གྲོགས་པོ་དང་ངེད་གཉིས་འཕྲུལ་རྟ་ལ་ཞོན་ཏེ་ཁོང་ཚང་ལ་བུད་སོང་། དེ་ནས་ཉིན་བཅུ་ཕྲག་གཅིག་ཙམ་གྱི་རིང་གྲོགས་པོ་ལ་བསྟེན་ཏེ་ཟི་ལིང་ནས་འཚོ་བ་རོལ་ཞིང་གྲོང་ཁྱེར་གྱི་ག་ས་གང་ལ་འཆམ་འཆམ་དུ་ཕྱིན། ཆང་ཁང་དང་བྲོ་ཁང་མང་པོ་ཞིག་ལ་རྟག་ཏུ་འཁྱམ་པས་གྲོགས་པོའི་སྒོར་རྡོག་ཡོད་ཚད་བརླགས་ཟིན་ལ་ང་རང་གི་གྲྭ་ཁང་སོགས་བཙོང་རིན་གྱི་སྒོར་རྡོག་འགའ་བོས་ཀྱང་འཕྲུལ་རྟ་འདི་ཉོས་པས་ཟད་སོང་། ཉིན་དེ་དག་གི་རིང་ལ་ཁོ་བོའི་སེམས་ནང་གི་སྡུག་བསྔལ་དེའང་ནམ་མཁའི་འཇའ་ཚོན་བཞིན་ཡལ་སོང་ལ་མི་ཡུལ་གྱི་ལྡོམ་འཁྱམ་པ་ཞིག་གི་འཚོ་བ་གསར་དུ་རོལ་བ་ཡིན། དེ་ལྟར་ཉིན་ཁ་ཤས་ཀྱི་རིང་ལ་བསྡད་ཀྱང་ཉིན་རེ་བཞིན་འཚོ་ཐབས་ཇེ་སྡུག་ཏུ་གྱུར་ཅིང་ཁྱིམ་ལ་ལོག་འདོད་ཀྱི་འདུན་མ་རབ་ཏུ་སྐྱེས་ཏེ་གྲོགས་པོ་ལ་ཁྱིམ་དུ་ལོག་རྒྱུ་ཡིན་ཞེས་བཤད་པས། གྲོགས་པོའང་འུ་ཐུག་ཐབས་ཟད་དེ་སྒོར་མོ་ཉུང་ཤས་ཤིག་གཞན་ནས་གཡར་ཏེ་ཁོ་བོར་བྱིན། དེ་རིང་སྔ་མོ་ནས་མལ་ལས་ལངས་ཏེ་གསར་དུ་ཉོས་པའི་འཕྲུལ་རྟ་ཞིག་གི་ཁ་ལོ་སྒྱུར་ཨེ་ཐུབ་མི་ཐུབ་ཀྱིས་ལམ་ལ་ཆས། ལམ་ཐག་རིང་བ་དང་འཕྲུལ་རྟ་ཞོན་པར་བྱང་ཆ་མེད་པ་སོགས་ཀྱིས་དཀའ་སྡུག་མང་པོ་ཞིག་མྱངས་ཤིང་འཁྱག་ལྟོགས་སྐོམ་གསུམ་གྱི་བྲོ་བ་མང་པོ་ཞིག་བརྒྱུད་རྗེས་ཁྱིམ་ལ་སླེབས་བྱུང་། ཕུན་ཚོགས་ཀྱིས་དབུགས་རིང་ཞིག་འབྱིན་ཞོར་མིག་ཀོང་མཆི་མས་བསྐོར་ཏེ་སྐད་ཆ་བཤད་མཚམས་བཞག་བྱུང་། བློ་གྲོས་དང་རིག་སྐྱིད་གཉིས་སྒྱེད་འགྲམ་དུ་གཡས་ལོག་གཡོན་ལོག་བྱས་ནས་གཉིད་དུ་ཡུར་འདུག ཨ་ནེ་ཕུར་སྒྲོན་གྱིས་མགོ་བོ་བསྒུར་ཏེ་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར་གྱིན་ཡོད་ལ་ཨ་ཁུ་དོན་གྲུབ་ཀྱིས་མིག་ཟུང་གྲོག་གྲོག་དང་རྣ་བ་རོག་རོག་གིས་ཕུན་ཚོགས་ལ་ལྟ་ཞིང་ཉན་འདུག