མཁས་པའི་ཞལ་གདམས། ནང་བསྟན་གྱི་སྐོར།

481/545

ཁྱབ་འཇུག་ཁྱབ་པར་མི་འཇུག་ལ།།དབང་ཕྱུག་དབང་གིས་ཕྱུག་པ་མིན།།ཚངས་པ་ཚངས་པར་མི་སྤྱོད་ལ།།བརྒྱ་སྦྱིན་སྦྱིན་པར་ག་ལ་དགའ།།

ཐམས་ཅད་མཁྱེན་པས་འདི་མ་མཁྱེན།།སྤྱན་རས་གཟིགས་ཀྱིས་འདི་མ་གཟིགས།།འོད་དཔག་མེད་ཀྱིས་འདི་མ་དཔོགས།།ཀླུ་སྒྲུབ་ཞབས་ཀྱི་འདི་མ་བསྒྲུབས།།

—དཔལ་དོན་གྲུབ་རྒྱལ།

རང་ལ་ནད་པའི་འདུ་ཤེས། བླ་མ་སྨན་པའི་འདུ་ཤེས། ཆོས་ལ་སྨན་གྱི་འདུ་ཤེས། ཆོས་ཉམས་སུ་བླང་བ་ལ་ནད་འཚོ་བའི་འདུ་ཤེས། འཆད་ཉན་གྱི་ཚུལ་ལ་བསྟན་པ་རིང་དུ་གནས་པའི་འདུ་ཤེས། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་ཏེ་འདུ་ཤེས་དྲུག་བསྟེན་དགོས་སོ།།

—ཤེས་རབ་རྒྱ་མཚོ།

ང་ཚོས་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་ཁག་ལ་ཞིབ་འཇུག་ནན་ཏན་གནང་ན་དེའི་ནང་དུ་མི་ཡི་རིགས་ཀྱི་རིག་གནས་དང་ཚན་རིག་གི་སྙིང་བཅུད་ཕུན་སུམ་ཚོགས་པ་མང་པོ་ཞིག་འདུས་ཡོད།

—དུང་དཀར་བློ་བཟང་འཕྲིན་ལས།

ནང་སེམས་ལ་བལྟས་པས་འཛིན་པ་མ་མཐོང་།།ཕྱི་ཡུལ་ལ་བལྟས་པས་གཟུང་བ་མཐོང་།།

—ཤེས་རབ་རྒྱ་མཚོ།

གཙོ་ཕལ་མཐོང་བའི་སེམས་རྒྱ་གུ་ཡངས་པོར་བྱས་ནས་རིགས་གསར་﹙ཚན་རིག་﹚གྱི་སྲོལ་དང་མཉམ་དུ་བསྟན་པ་ཨེ་གནས་ཀྱི་ཐབས་ལ་འབད་དགོས།

—དགེ་འདུན་ཆོས་འཕེལ།

བསོད་ནམས་ཀྱི་སོར་མོ་མ་བདེ་ན།།ལྟ་བའི་གྲི་ལག་དུ་ལེན་ཐབས་ལེན།།

—ཤེས་རབ་རྒྱ་མཚོ།

ཆོས་ལུགས་ཡོད་པའི་སྟབས་ཀྱིས་ཡར་ཐོན་དུ་མ་སོང་བ་ཡིན་ན། འཇར་པན་ཡང་ཡར་ཐོན་ཡིན་མི་སྲིད། ཆོས་མེད་པས་ཡར་ཐོན་དུ་འགྲོ་རྒྱུ་ཡིན་ན། དབྱིས་རིགས་ཀྱང་ཡར་ཐོན་བླ་ན་མེད་པ་ཞིག་ཡིན་ཆོག

—དམུ་དགེ་བསམ་གཏན།

རྒྱུ་ལྟ་བ་རྣམ་པར་དག་པ་དེ་གཉིས་﹙འཇིག་རྟེན་པའི་ལྟ་བ་རྣམ་དག་དང་འཇིག་རྟེན་ལས་འདས་པའི་ལྟ་བ་རྣམ་དག་﹚མེད་ན་འབྲས་བུ་མཐོ་རིམ་དང་ཐར་བ་འབྱུང་བའི་གནས་མེད་པ་དུ་བ་མེ་དང་མེ་ཏོག་ས་བོན་ལ་ལྟོས་པ་ལྟ་བུ།

—ཤེས་རབ་རྒྱ་མཚོ།

བཀའ་དང་དགོངས་འགྲེལ་མང་ཐོས་མེད།།གནད་ཟིན་བསམ་སྒོམ་མ་མཆིས་པར།།རྩོམ་འཆད་རྩོད་འདོད་བཞད་གད་དུ།།མཁས་པ་རྣམས་ལ་རླུང་ལྟར་གྲགས།།

—ཤེས་རབ་རྒྱ་མཚོ།

བྱང་ཕྱོགས་དྷི་ཚ་དང་སྐུ་འབུམ་སོགས། ལྷོ་ཕྱོགས་མཛོད་དགེ་རྔ་བ་སོགས་ཀྱི་ཕྱི་ནང་གི་རིག་གནས་ཐམས་ཅད་ཀྱི་འབྱུང་ཁུངས་ཆུ་འགོ་ལྟ་བུ་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་ནོ།།

—དམུ་དགེ་བསམ་གཏན།

དམ་ཚིག་དང་སྡོམ་པ་ཚུལ་བཞིན་མ་བསྲུངས་པར་འདོད་རྒུར་འཚང་རྒྱ་བའི་ཐབས་ཟབ་ཅིག་མདོ་སྔགས་གང་ནས་ཀྱང་མ་རྙེད་དོ།།

—ཤེས་རབ་རྒྱ་མཚོ།

བོད་ཀྱི་རིག་གནས་གཞན་དང་གཞན་ལ་སྦྱངས་པ་རེ་བྱས་པ་ཡིན་ནའང་། བོད་ཀྱི་རིག་གནས་ཡོད་ཚད་ཀྱི་ནང་དུ་ཆོས་སྐོར་རེ་བསྲེས་ཡོད་པས། ཆོས་སྐད་མ་གོ་ན། བོད་ཀྱི་རིག་གནས་མཐར་ཕྱིན་པ་ཞིག་གོ་མི་ཐུབ།

—ཚེ་ཏན་ཞབས་དྲུང་།

ཆོས་ཀྱི་བློ་གྲོས་ཕྲ་ཞིབ་ཐོབ་འདོད་ན།།ཆོས་ཀྱི་བློ་གྲོས་འབར་བའི་མཁས་པ་བསྟེན།།

—ཤེས་རབ་རྒྱ་མཚོ།

ནུབ་ཕྱོགས་ཀྱི་བསམ་བློའི་ཁྱད་ཆོས་གཙོ་བོ། དངོས་པོའི་གནས་ལུགས་གཙོ་བོར་བྱེད་པ་དང་། སྔོན་གྱི་ལས་དབང་ཁས་མི་ལེན་ཅིང་། རང་གི་བདེ་སྡུག་ཚང་མ་ཚེ་འདིའི་བྱ་སྤྱོད་དང་ཧུར་བརྩོན་ལ་རག་ལས་པར་ལྟ་བ་དང་། ལྷའི་ནུས་པ་ལ་བརྟེན་པ་མ་ཡིན་པར་མི་རྣམས་རང་དབང་རང་ཚུགས་ཀྱིས་རང་གི་འཚོ་བ་སྒྲུབ་པ་དང་། སྤྱི་ཚོགས་ཀྱི་དོན་ལ་ཞུགས་པ་དང་། མི་རབས་སྔ་མའི་གྲུབ་འབྲས་ལ་ཆོག་ཤེས་མི་བྱེད་པར་རང་གིས་བརྟག་དཔྱད་བྱས་ནས་གསར་གཏོད་བྱེད་པར་ཤུགས་བསྐྱེད་པ་སོགས་སོ།།

—དོར་ཞི།

འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐམས་ཅད་དུ་མི་དགེ་བཅུ་བོ་དེ་འབུར་དུ་མ་འཇུག་པར་གཙང་སིང་ངེར་བཞུགས། དེ་ལས་དགེ་སྦྱོར་རླབས་ཆེ་བ་ཞིག་གང་དུའང་མི་རྙེད་པས་རྟག་པར་འབུངས། འདྲ་ཆགས་བཏོན་བཏོན་མང་པོའི་བསླུ་བྲིད་ལ་མ་འཁོར། ནང་ནས་མི་བདེ་བཅུ་སྤོང་དང་། ངེས་འབྱུང་དང་། སེམས་བསྐྱེད་དང་། ཡང་དག་པའི་ལྟ་བ་འཕེལ་ན། ཁ་ནས་ཚིག་གཅིག་མ་བཏོན་ནའང་ཆོག་སྟེ། ཚིག་སྐྱོར་བ་ནི་དོན་ལ་དྲན་གསོ་བའི་ཆེད་ཡིན་པའི་ཕྱིར།

—ཤེས་རབ་རྒྱ་མཚོ།

ཡང་དག་པའི་དད་པ་དང་། ཡང་དག་པའི་རིག་པ་དང་། ཡང་དག་པའི་ལས་ཀྱི་མཐའ་ལས་སྐྱེ་འགྲོ་གཞན་གནོད་འཚེ་སྤངས་པའི་མཐུས་མི་རྣམས་ཀྱི་སེམས་རྒྱུད་གཙང་དག་དུ་བཅོས་པ་རེད།

—དགེ་འདུན་ཆོས་འཕེལ།

པཎྜི་ཏ་དྲན་པ་ཡེ་ཤེས་གྲགས་པ་ཡན་ཆད་ཀྱི་རྒྱུད་ལ་གསང་སྔགས་སྔ་འགྱུར་རམ་རྙིང་མ་དང་། ལོ་ཆེན་རཏྣ་བྷ་དྲ་མན་ཆད་ཀྱི་རྒྱུད་ལ་གསང་སྔགས་ཕྱི་འགྱུར་རམ་གསར་མ་ཟེར་གྱི། མདོ་ལ་དེ་ལྟར་མི་འབྱེད་པས་གསར་རྙིང་གི་ཁྱད་པར་དང་། རང་ཉིད་གསར་རྙིང་གང་ཡིན་ཙམ་ཡང་མི་ཤེས་པར་ཡལ་ག་ཞོན་ནས་རྩ་བ་གཅོད་པའི་འགན་ཁུར་ཐོགས་པ་མང་དུ་སྣང་བ་ལྔ་བདོའི་རྟགས་སོ།།

—ཤེས་རབ་རྒྱ་མཚོ།

མི་རིགས་ཧྲིལ་བོའི་བསམ་པའི་ཡུལ་ཁམས་དེར་དངོས་ཡོད་ལ་འདས་པའི་སྟོབས་ཤུགས་ལ་རེ་དོགས་འཆང་བའི་ལྐོག་གྱུར་གྱི་བག་ཆགས་ཟབ་མོ་གཞན་དང་དང་མི་འདྲ་བ་ཞིག་བཞག་ཡོད།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

སྤྱིར་ཡང་དམ་པའི་ཆོས་ཞེས་པ།།གཏན་གྱི་འདུན་མ་ཡིན་པའི་ཕྱིར།།ལེགས་པར་བརྟགས་ནས་བྱེད་དགོས་ཀྱི།།ཧོར་རྒྱུག་ཁྱི་འདྲས་ག་ལ་འོང་།།

—ཤེས་རབ་རྒྱ་མཚོ།

དེང་སང་ཕལ་ཆེར་གྱིས་རྙིང་རྫོགས་གཉིས་དོན་གཅིག་གསར་དགེ་གཉིས་ཀྱང་དེ་ལྟར་གོ་འདུག་པ་ནི། ལུས་དང་ལག་པ་གཅིག་ཏུ་འཁྲུལ་བས་སྟེ། ཡ་ང་བའི་ཡུལ་ལོ།།

—ཤེས་རབ་རྒྱ་མཚོ།

འཇིག་རྟེན་གྱི་བྱ་བ་དགྲ་འདུལ་གཉེན་སྐྱོང་། མིང་གོ་ས། ཚོང་ཁེ་སྤོགས་སོགས་ཐམས་ཅད་འབྲུ་ལ་རེ་སྟེ་སྦུན་པ་འཕྱར་བ་བཞིན་དུ་བཞད་གད་ཀྱི་གནས་སུ་ཤེས་པར་གྱུར་ནས་ཉིན་མཚན་ཀུན་ཏུ་དམ་པོ་ཆོས་ཀྱིས་སྙིང་པོ་ལེན་དགོས་པ་ཡིན།

—ཤེས་རབ་རྒྱ་མཚོ།

ཚིག་གི་གོ་བ་ནམ་མཁའི་མཐའ་ལྟར་ཡངས།།དོན་གྱི་ཞིབ་ཆ་ཀུ་ཤའི་རྩེ་ལྟར་ཕྲ།།རིགས་པའི་གཏད་སོ་གྲུབ་མཐའི་རྫོང་ལ་འཁྲིལ།།ཐུབ་བསྟན་མི་འགྱུར་སྲོག་གི་ཀ་བ་ཡིན།།

—ཤེས་རབ་རྒྱ་མཚོ།

རང་གི་དཔྱད་པས་ངེས་པ་མ་རྙེད་པར།།ཟེར་སྒྲོས་བཏུས་པའི་ལམ་གྱིས་འཚང་མི་རྒྱ།།

—ཤེས་རབ་རྒྱ་མཚོ།

དགེ་འདུན་དཀོན་མཆོག་བཙུན་གཟུགས་དམར་ལོག་རང་ཡིན་ན།།དཀོན་དང་མི་དཀོན་ཕྱི་ཚུལ་ནང་ཉམས་ལ་རྟོགས་ཤིག།མཆོག་གསུམ་ཁ་ལ་སྒྲོགས་པས་སྐྱབས་འོག་ཏུ་ཚུད་ན།།དགོན་སྡེའི་ནེ་ཙོ་དག་ཀྱང་འཕགས་ལམ་ལ་ཞུགས་སོ།།

—དོར་ཞི།

ཙ་རིའི་གནས་སྐོར་བྱེད་པ་མིང་གི་དོན།།ཚ་གྲང་དཀའ་ཐུབ་བྱེད་པ་ལྟོ་ཡི་དོན།།ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན།།ཝ་ལེར་བསམས་ན་ཐམས་ཅད་ནོར་གྱི་དོན།།

—དགེ་འདུན་ཆོས་འཕེལ།

སེམས་ཀྱི་རྟ་ལ་བཅིབས་ཏེ་ཐར་བའི་ལམ་དུ་བགྲོད་པའི་དམ་པ་ནི་ཡོད་དུ་སྲིད་ཀྱང་། ཐར་བའི་ལམ་སྣ་ཟིན་ནས་འགྲོ་བའི་སྡུག་བསྔལ་སེལ་བའི་མགོན་སྐྱབས་ནི་དཀའ་ཙམ་དགའ།

—དཔལ་དོན་གྲུབ་རྒྱལ།

འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐམས་ཅད་དུ་མི་དགེ་བཅུ་བོ་དེ་འབུར་དུ་མ་འཇུག་པར་གཙང་སིང་ངེར་བཞུགས། དེ་ལས་དགེ་སྦྱོར་རླབས་ཆེ་བ་ཞིག་གང་དུའང་མི་རྙེད་པས་རྟག་པར་འབུངས། འདྲ་ཆགས་བཏོན་བཏོན་མང་པོའི་བསླུ་བྲིད་ལ་མ་འཁོར། ནང་ནས་མི་དགེ་བཅུ་སྤོང་དང་། ངེས་འབྱུང་དང་། སེམས་བསྐྱེད་དང་། ཡང་དག་པའི་ལྟ་བ་འཕེལ་ན། ཁ་ནས་ཚིགས་གཅིག་མ་བཏོན་ནའང་ཆོག་སྟེ། ཚིག་སྐྱོར་བ་ནི་དོན་ལ་དྲན་གསོ་བའི་ཆེད་ཡིན་པའི་ཕྱིར་རོ།

—ཤེས་རབ་རྒྱ་མཚོ།

སངས་རྒྱས་བཅོམ་ལྡན་འདས་ཀྱི་འཇིག་རྟེན་ལྟ་ཚུལ་གྱི་སྙིང་བོ་ནི་ཞི་བདེའི་ལམ་ནས་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐོག་མར་གང་གསུངས་ཡོད་ཅེ་ན། མི་ལ་གནོད་འཚེ་མ་བྱེད། རྫུན་མ་བཤད། རྐུ་མ་བྱེད་སོགས་མི་དགེ་བཅུ་མི་བྱེད། དེ་ཁོ་ནས་མི་འགྲིག་སྟེ་ད་དུང་གཞན་ལ་ཕན་འདོགས་སྒྲུབ་དགོས་ཤིང་སྒེར་སེམས་མེད་པ་བཟོ་དགོས། སྒེར་སེམས་ཡོད་པ་དེས་འཛམ་གླིང་ཐོག་ཞི་བདེ་མི་ཡོང་བ་དང་། རང་གཞན་ཚང་མ་ཕུང་འི་རྒྱུར་འགྱུར་བ་ཞིག་ཡིན། འཇིག་རྟེན་ལ་ཆ་མཚོན་ན་བདེ་སྐྱིད་མེད་པར་བཟོ་མཁན་ནི་སྒེར་སེམས་ཡིན་ལ། ཆོས་ལ་ཆ་མཚོན་ནའང་སངས་རྒྱས་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་རང་ཡིན།

—དུང་དཀར་བློབ་ཟང་འཕྲིན་ལས།

བོད་ཀྱི་ས་རྡོ་རི་བྲག་དང་། སྐྱེ་དངོས་སྲོག་ཆགས། མིའི་རིགས་དང་བཅས་པ་ཡོད་ཚད་ཐམས་ཅད་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་རྗེས་ཀྱི་ལོ་སྟོང་ཕྲག་གཅིག་གམ། ཡང་ན་སྟོང་ཕྲག་གཉིས་གསུམ་གྱི་ནང་དུ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་བསྐྲུན་པར་བཤད་པ་སོགས་ནི་ཆོས་ལུགས་ཀྱི་རིགས་ལམ་བཤད་ལུགས་ཁོ་ནར་ཟད།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

སྤྱིར་ཡང་སེར་སྣ་ཕྲག་དོག་གི་ཉོན་མོངས་ལྔས་སྦགས་པའི་ཁོ་བོ་ཅག་གི་ཁོར་མོ་ཡུག་ཏུ་བདེ་བའི་གོ་སྐབས་ནི་བརྒྱ་ལམ་ཙམ་ན་སྲིད་པ་ཙམ་དུ་གདའ་ཡང་། ཆོས་ལུགས་ལས་ངེས་འབྱུང་རྫུན་མ་དེ་འདྲའི་ལམ་དུ་འགྲོ་བའི་གོ་སྐབས་ནི་ཡེ་མ་མཆིས། བདེ་བའི་ནང་ན་སྡུག་བསྔལ་གྱི་རྒྱུ་ཡོད་ལ། སྡུག་བསྔལ་གྱི་ཁྲོད་ན་བདེ་བའི་རྐྱེན་མང་དུ་འཚོལ་རྒྱུ་ཡོད་ངེས་རེད། གལ་སྲིད་དེ་ལྟར་མ་ཡིན་ན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་རུ་མཐོང་བའི་བླ་ཆེན་དེ་དག་ཀྱང་འཁོར་བ་ལ་སྲེད་དོན་ག་ལ་ཡོད། ངས་བལྟས་ན། སྡུག་བསྔལ་ཁྲོད་ཀྱི་བདེ་བ་ནི་དག་པའི་ཞིང་ཡིན་ལ། བདེ་སྐྱིད་ཁྲོད་ཀྱི་སྡུག་བསྔལ་ནི་དམྱལ་བའི་ཁམས་རེད། དེའི་ཕྱིར་རང་རེ་ནི་སངས་རྒྱས་གསོན་པོའང་ཡིན་ལ་གཤིན་རྗེ་ཤི་བོ་ཡང་རེད། ངག་ལས་སེམས་ཅན་ཐམས་ཅད་ཀྱི་འཕྲིན་ལས་སྒྲུབ་པར་ཁས་འཆེས་ཀྱང་། དོན་ལ་རང་དོན་འབའ་ཞིག་མ་གཏོགས་བསམ་རྒྱུ་མེད་པའི་སེར་མོ་བ་འདི་དག་གི་ནང་དུ། རྒོད་བྲོ་བའི་ཨ་ཙ་ར་ཤིན་ཏུ་མང་སྟེ། གདོང་ལ་འབག་གྱོན་ནས་འཆམ་བྱེད་མཁན་དང་ཕྱོགས་མཚུངས་པས་སོ། ཁོ་བོ་ནི་བསྟོད་སྨད་ཀྱི་འབེན་དུ་གྱུར་ཀྱང་རུང་གིས་ཚེ་འདིར་ནི་དེ་དག་གི་ལྡོག་ཟླར་མཐའ་གཅིག་ཏུ་ལངས་རྩིས་ཡོད།

—དཔལ་དོན་གྲུབ་རྒྱལ།

སངས་རྒྱས་ཆོས་ལུགས་ཀྱི་ཁུངས་དེ་རྒྱ་གར་ལ་གཏུགས་པ་ནི་འོས་སུ་ཆེ་ན་ཡང་དེ་མ་ཡིན་པའི་བོད་ཀྱི་རིག་པའི་གནས་མཐའ་དག་གི་རྩ་བའང་རྒྱ་གར་ལ་གཏུགས་དགོས་པའི་འདོད་ཚུལ་ཞིག་ད་དུང་ཨ་ན་ཨུ་ཚུགས་ཀྱི་འཆང་གི་ཡོད། དེ་ལྟར་བྱས་པའི་འབྲས་བུར་བོད་མི་རིགས་རང་ཉིད་ལ་རང་རྐྱ་འཕེར་བའི་ཤེས་རིག་ཅི་ཡང་མེད་པ་ལྟ་བུ་ཞིག་མ་ཆགས་རང་ཆགས་བྱུང་།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

སྣང་བའི་ན་བུན་འདི་ཡི་ཕ་རོལ་ན།།ཆོས་ཉིད་དོན་གྱི་ནམ་མཁའ་དངོས་སུ་བཞུགས།།ཡོད་ཅེས་བྱ་བ་འདི་ཡང་བཅོས་མ་སྟེ།།མེད་ཅེས་བྱ་བ་འདི་ཡང་བཅོས་མ་ཉིད།།དེ་འདྲའི་བཅོས་མ་ཀུན་གྱིས་མ་བསླད་པ།།སེམས་ཀྱི་རང་བཞིན་རྫོགས་པའི་སངས་རྒྱས་ཡིན།།

—དགེ་འདུན་ཆོས་འཕེལ།

དུས་ཡུན་ཤིན་ཏུ་རིང་བོའི་རིང་ལ། རང་རེའི་བོད་ཀྱི་རིག་གནས་དེ་ཆོས་ལུགས་དགོན་སྡེ་དག་གིས་སྒེར་སྡོམ་བྱས་པར་བརྟེན། བོད་གངས་ཅན་གྱི་སྤྱི་ཚོགས་ཐོག་དར་ཁྱབ་ཆེན་པོ་རང་བྱུང་མ་ཐུབ་པ་དང་། བོད་རིགས་མང་ཚོགས་ཡོངས་ཀྱི་ཡིག་རྨོངས་སེལ་བའི་ནུས་པའང་འདོན་མ་ཐུབ་པར་མ་ཟད། སྙན་ངག་དང་མངོན་བརྗོད་གོ་དཀའ་བ་དག་ལ་བཅིངས་ནས་རྩོམ་ཡིག་བྲིས་སྟབས་བོད་ཀྱི་རིག་གནས་དེ་རང་གི་བོད་རིགས་ཕལ་ཆེ་བ་ལ་ཆ་མཚོན་ན་གསང་བ་ལྐོག་གྱུར་གྱི་ཡུལ་ཞིག་ཏུ་འགྱུར་དགོས་བྱུང་བ་རེད། འདི་ནི་ལོ་རྒྱུས་ཀྱི་བསླབ་བྱ་ཞིག་ཡིན།

—དཔལ་དོན་གྲུབ་རྒྱལ།

གལ་སྲིད་ཉིན་ཞིག་ལ་འཇིག་རྟེན་འདིའི་ཐོག་གི་མི་ཐམས་ཅད་རབ་ཏུ་བྱུང་བ་ཡིན་ན། སོ་ནམ་སུ་ཡིས་བྱེད། ནོར་ལུག་སུ་ཡིས་འཚོ། ཡོན་བདག་མེད་པའི་མཆོད་གནས་དེ་སྐྱིད་པོ་རང་འོང་བ་དཀའ་མོ་ཡིན། དེ་ལས་ཀྱང་ཚབས་ཆེ་བ་ནི། རིགས་རྒྱུད་སུ་ཡིས་སྤེལ། རིགས་རྒྱུད་སྤེལ་མཁན་མེད་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་ཤེས་གང་གི་ལྷུམས་སུ་འཇུག སྤྲུལ་བའི་སྐུ་ཡང་ཇི་ལྟར་འབྱུང་། གལ་སྲིད་རིགས་རྒྱུད་ཆད་ན་དམ་པའི་ཆོས་ཀྱང་བཤད་སའི་ཡུལ་མེད། དར་སའི་གནས་མེད་པར་འཇིག་པར་མི་འགྱུར་གྲང་།

—དཔལ་དོན་གྲུབ་རྒྱལ།

བོད་ཀྱི་སངས་རྒྱས་ཆོས་ལུགས་ནི་ཐོག་མ་ཉིད་ནས་བཙན་པོའི་ཆབ་སྲིད་ལ་ཞབས་འདེགས་ཞུ་བའི་རིགས་པའི་གཞུང་ལུགས་ཤིག་ཏུ་གྱུར་བ་དང་། བོད་ཀྱི་རིག་གནས་ལའང་ཤན་ཆེན་པོ་ཞུགས་ཡོད་པར་མ་ཟད། ད་དུང་རིག་གནས་ལ་ཁ་ལོ་སྒྱུར་བཞིན་ཡོད་པས། བོད་ཀྱི་རིག་གནས་ནི་ཆོས་ལུགས་ཀྱི་རིག་གནས་ཤིག་ཏུ་གྱུར་པ་རེད། རང་རེའི་མི་དམངས་ལ་དཔའ་མཛངས་ཀྱི་བློ་གྲོས་དང་གསར་སྐྲུན་གྱི་སྙིང་སྟོབས་ལྡན་ན་ཡང་། ཆོས་ལུགས་ཀྱི་དབང་ཆ་ཆེ་དྲགས་པའི་དབང་གིས། མི་དམངས་ཀྱི་བློ་གྲོས་དང་གསར་སྐྲུན་གྱི་རང་བཞིན་ལ་བཀག་འགོག་ཐེབས་པ་དང་། བོད་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དུ་འགྲོ་བ་ལ་ངན་ཤན་དང་བར་ཆད་བཏང་བ་རེད། འདི་ནི་ལོ་རྒྱུས་ཀྱི་བསླབ་བྱ་སེམས་སྐྱོ་དགོས་པ་ཞིག་རེད།

—དཔལ་དོན་གྲུབ་རྒྱལ།

ད་ཕན་མི་ལོ་སྟོང་ལྷག་རིང་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་རླབས་རྒྱུན་ཁོ་ན་དར་འཕེལ་ཤུགས་ཆེན་བྱུང་བ་དེས་བོད་མི་རིགས་རང་ཉིད་ཀྱི་རྩ་བའི་ལོ་རྒྱུས་དང་ཤེས་རིག་ལ་མགོ་གནོན་དང་ཟུར་འབུད་ཀྱི་ཕྱོགས་ལྷུང་ཚབས་ཆེན་པོ་ཞིག་ཕོག་ཡོད་པ་དེ་ཡང་ངེས་པར་དུ་མཐོང་ཐུབ་པ་བྱེད་དགོས།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

པ་སངས་ལྟ་བུའི་དད་པ་མེད་པས་ན།།ཕ་རོལ་གཞན་དུ་བསྐྲད་ཅེས་ཁ་ཅིག་སྨྲ།།བ་ལང་མཛོ་མོ་བྱ་བྱིའུ་འབའ་འབུ་སོགས།།མ་དག་སེམས་ཅན་དེ་ཚོ་ཅིས་མ་བསྐྲད།།

—དགེ་འདུན་ཆོས་འཕེལ།

སྤྱི་ཚོགས་ཚན་རིག་གི་ལྟ་ཚུལ་སྤྱད་ནས་ལོ་རྒྱུས་ཀྱི་གནད་དོན་དེ་ལ་དངོས་ཐོག་བདེན་འཚོལ་གྱི་དབྱེ་ཞིབ་ཅིག་བྱས་ན། བླ་མའི་ཡང་སྲིད་ཅེས་པ་དེའང་ཆ་རྐྱེན་ངེས་ཅན་ཞིག་གི་འོག་དུས་སྐབས་སོ་སོའི་སྲིད་དོན་གྱི་དགོས་མཁོ་དང་བསྟུན་ནས་འགྱུར་བ་གཏོང་བ་དེའི་ཐོག་ནས། དོན་དངོས་ནི་ཆོས་ལུགས་ཀྱང་གང་ལྟར་ཆབ་སྲིད་ལ་ཞབས་འདེགས་ཞུ་བྱེད་ཅིག་རང་ཡིན་པའི་བདེན་དོན་དེ་རྩོད་མེད་ཀྱི་ར་སྤྲོད་བྱེད་པ་ཞིག་ལས་ཡ་མཚན་སྐྱེ་དགོས་པའི་ལྐོག་གྱུར་གྱི་གནད་དོན་ཅི་ཡང་མེད།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།