མཁས་པའི་ཞལ་གདམས། སྐད་ཡིག་གི་སྐོར།

480/545

བོད་ཡིག་གི་སྲོལ་གསར་དུ་ཕྱེས་ན་བཟུང་། ད་བར་ལོ་ཆིགས་སྟོང་སུམ་བརྒྱ་ཙམ་སོང་ཟིན་མོད། དེའི་རིང་ལ་བོད་ཀྱི་བརྡ་དང་ཡིག་གཟུགས་གཉིས་ཀ་ཆེས་མི་འདྲ་བ་ཞིག་ནི་མ་འགྱུར་བས། ད་ལྟ་ཡང་རྒྱལ་པོའི་དུས་ཀྱི་རྡོ་རིང་སོགས་ལ་བལྟས་ཚེ་ཚིག་དོན་རགས་རིམ་ཙམ་གོ་ཐུབ་པ་ནི། བོད་མི་ཡི་གེ་བྱང་བ་ཀུན་ལ་ཡོད།

—དགེ་འདུན་ཆོས་འཕེལ།

བཀའ་དང་བསྟན་བཅོས། བརྡ་གསར་རྙིང་། མིང་ཚིག་སྣ་ཚོགས། སྔོན་རྗེས་མིང་གསུམ་གྱི་འཇུག་པ་དག་པར་ཐོན་མི་ཐོན། མགོ་གསུམ་འདོགས་བཞིའི་བརྗོད་སྟངས་ཟུར་ཕྱིན་མ་ཕྱིན་ལ་མང་ཐོས་ཉམས་མྱོང་རིགས་ལམ་གྱི་སྒྲུབ་བྱེད་དང་ལྡན་པས་ལག་ལེན་མཛད་ན་རང་གི་རྒྱལ་ཁབ་དང་། མི་མང་གི་ཡོན་ཏན་དང་། ཆོས་ལུགས་གསུམ་ལ་ཕན་པ་མངོན་སུམ་མོ།།

—ཤེས་རབ་རྒྱ་མཚོ།

“རིག་གནས་གསར་བརྗེའི་”སྔོན་དང་། རྗེས་སུའང་མང་ཚོགས་ཀྱིས་བེད་སྤྱོད་བྱེད་བཞིན་པའི་བོད་ཀྱི་སྤྱིའི་སྐད་ཡིག་ལ་གནའ་རབས་ཀྱི་ཡི་གེ་ཟེར་ཞིང་། དབུས་ཁམས་མདོ་གསུམ་གྱི་འབྲོག་འབངས་རྒྱ་ཆེན་པོའི་སྐད་དེ་གདོད་མའི་སྤྱི་ཚོགས་ཀྱི་སྐད་རེད་ཟེར་གྱིན་ཡོད།

—དམུ་དགེ་བསམ་གཏན།

རིམ་གྱིས་ཡིག་གཟུགས་ལ་འགྱུར་ཞིང་། སྐད་འགྱུར་བས་གླེགས་བམ་ལ་བྲིས་པ་རྣམས་མི་ཕལ་བས་གོ་མི་ནུས་པ་འདི་བྱུང་བ་ཡིན་ནོ།།

—དགེ་འདུན་ཆོས་འཕེལ།

ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་།།

དོན་གྱི་གོ་བས་ཚིག་གི་དག་ཐོན་པ།།

—ཤེས་རབ་རྒྱ་མཚོ།

གནའ་ཡིག་ཁྲོད་ཀྱི་མིང་ཚིག་ཁྱབ་ཆེ་བ་ལ་ལའི་གོ་དོན་དེང་སྐབས་ཡོངས་ཁྱབ་ཀྱི་ངོས་འཛིན་དང་མི་མཐུན་པའམ། ཡང་ན་སྐབས་འགར་མི་འདྲ་བ་སོགས་འགྱུར་བ་ཆེ་ཙམ་བྱུང་ཟིན་པ་དེ་དག་གིས་ཀྱང་བརྗོད་དོན་གྱི་གོ་བ་ཇི་བཞིན་ལེན་རྒྱུར་དཀའ་ངལ་སྣ་ཚོགས་འཕྲད་ཀྱིན་ཡོད།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

ལྷ་སའི་སྐད་འདི་ཡིན། ཁམས་སྐད་འདི་ཡིན། ཨམ་སྐད་འདི་ཡིན་ཟེར་ནས་སྤྱི་སྐད་གཏོར་བའི་ལས་ལ་མི་འཇུག་པར་ཞུ།

—དམུ་དགེ་བསམ་གཏན།

ངེད་ཀྱི་སེམས་ལ་ནི་ཁྭ་དང་སྐྱ་ཀ། སྐྱུང་ཀ ཕོ་རོག་ངང་བ་སོགས་ཀྱི་བྱ་ཕལ་མོ་ཆེའི་མིང་སོ་སོའི་སྐད་གདངས་ལ་ལྟོས་ནས་བཏགས་པར་མངོན་ལ། དེ་ལྟར་ན་ཁྭ་ལ་བ་ཟུར་བཏགས་པ་ཡང་དེའི་གདངས་བཞིན་བྲིས་སྙམ།

—དགེ་འདུན་ཆོས་འཕེལ།

བོད་ཡིག་གི་དབྱངས་གསལ་དང་མགོ་འདོགས། འཕུལ་དང་མཐའ་རྟེན། ཕྲལ་ཀློག་དང་སྦྱོར་ཀློག་རྣམས་ལ་ལུགས་དང་མི་མཐུན་པའི་བཅོས་བསྒྱུར་བྱེད་བསམ་ན་ནི། བླང་དོར་གྱི་གནས་ཚུལ་བཞིན་དུ་འབྱེད་པ་ལ་རྨོངས་པའི་མཚོན་བྱེད་གཟུགས་སུ་ཤར་བ་ཡིན་གྱི། རྣམ་དཔྱོད་དང་ལྡན་པ་སུས་ཀྱང་ཁས་ལེན་པའི་སྐབས་མ་མཆིས་སོ།།

—ཚེ་ཏན་ཞབས་དྲུང་།

ཡི་གེ་དེ་ཡང་ཐོག་མར་སྐད་ལ་བརྟེན་ནས་བཟོས་པ་ཡིན་ལ། སྐད་ཀྱི་ཆེད་དུ་བཟོས་པ་ཡིན་གཤིས། ཡི་གེས་སྐད་ལ་ཞབས་འདེགས་ཞུ་དགོས།

—དམུ་དགེ་བསམ་གཏན།

དེ་ལ་མིའི་རིགས་རྒྱུད་ཆེན་འགའ་ཞིག་ལ་ཤེས་རབ་སྐྱེ་བའི་འགོ་བརྩམས་པ་ན། སྔོན་གྱི་མི་རྣམས་ཐོག་མར་རི་མོ་བྲི་བའི་ལས་བྱས་ཏེ་རིམ་གྱིས་ཡི་གེ་ཡང་བྱུང་བར་མངོན།

—དགེ་འདུན་ཆོས་འཕེལ།

བོད་ཀྱི་བརྡ་སྤྲོད་པའི་གཞུང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀྱང་། བོད་རང་གི་སྐད་ཕྱི་ཡུལ་གྱི་ཆོས་ཉིད་ལ་ཡོད་པ་དག་ཕྱོགས་སྡོམ་བྱས་པ་ཡིན།

—དམུ་དགེ་བསམ་གཏན།

རང་ཅག་བོད་ཀྱི་ཡི་གེ་ནི་སྒྲ་སྦྱོར་གྱི་ཡི་གེ་ཕུལ་དུ་བྱུང་བ་ཞིག་ཡིན་པ་དང་། ལོ་སྟོང་ལྷག་རིང་ས་གནས་སོ་སོའི་ཡུལ་སྐད་ལ་འཕེལ་འགྱུར་ཚད་མི་འདྲ་བ་ཅི་རིགས་ཤིག་བྱུང་ནའང་། རྩ་བའི་སྐད་ཀྱི་འབྱུང་གཞི་གཅིག་ཡིན་པར་བརྟེན་སྦྱོར་ཚུལ་ཁུངས་དང་རིགས་འདེད་བྱ་ཡུལ་ཡངས་ཤིང་རྒྱ་ཆེ་བ་ཡོད།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

ལོ་ངོ་སྟོང་ཕྲག་གི་རིང་ལ་བསགས་པའི་རྩ་བའི་ཐ་སྙད་མེད་པར་བཟོས་ནས། དུས་སྐབས་ཐུང་ངུ་ཞིག་ལ་རྩ་བའི་ཐ་སྙད་བཟོ་ཐབས་མེད་པ་སྨོས་ཅི་དགོས།

—དམུ་དགེ་བསམ་གཏན།

དབུ་མེད་ནི་དང་པོ་ནས་ཆེད་དུ་བཟོས་པ་མིན་པར་དབུ་ཅན་མགྱོགས་པར་བྲིས་པ་་ལས་རང་བཞིན་གྱིས་བྱུང་།

—དགེ་འདུན་ཆོས་འཕེལ།

ཚིག་གི་རྒྱན་ནི་མི་ཤེས་ཤིང་།།ཟབ་དོན་འབྱེད་པའི་བློ་མེད་པ།།བརྡ་སྤྲོད་གཞུང་ཡང་མ་བཀླགས་པར།། སྨྲ་ལ་དགའ་འདི་སྨྱོས་སམ་ཅི།།

—ཤེས་རབ་རྒྱ་མཚོ།

སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ།། རྟ་མཆོག་ཁྲོས་པའི་བཀའ་ཡིས་རྒྱས་བཏབ་པའི།། སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས།། སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས།།

—དགེ་འདུན་ཆོས་འཕེལ།

ལུང་བ་གང་འདྲ་ཞིག་དང་།དུས་ཚོད་གང་འདྲ་ཞིག་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་ཡང་སྤྱི་ཚོགས་ཐོག་གི་མི་ཆེས་མང་ཆེ་བས་ཁས་ལེན་པ་དེ་ནི་མཐར་ཐུག་གི་བདེན་དོན་ཡིན།

—དུང་དཀར་བློ་བཟང་འཕྲིན་ལས།

རང་རེ་བོད་ཀྱི་མིས་རང་གི་མི་རིགས་ཀྱི་འབྱུང་ཁུངས་སྤྲེའུ་དང་སྤྲ་མོ་འདུས་ནས་བྱུང་བ་ཡིན་ཞེས་བཤད་ཐུབ་པ་དེ་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཡིན་པ་མ་ཟད། རང་རྒྱལ་མི་རིགས་ཁག་གི་མི་དམངས་ཡོངས་ཀྱི་གཟི་བརྗིད་ཀྱང་ཡིན།

—དུང་དཀར་བློ་བཟང་འཕྲིན་ལས།

ལོ་རྒྱུས་སྐོར་ཐག་གཅོད་རྒྱུ་ཤིན་ཏུ་དཀའ་མོ་ཞིག་ཡིན། མང་མང་གི་ཁར་རྒྱུན་ལ་ཡིད་རྟོན་མི་རུང་བ་མང་དུ་ཡོད་པར་མ་ཟད། ཡིག་ཚང་དུ་བཀོད་པའི་ལོ་རྒྱུས་ཡིན་ཡང་ཡིད་རྟོན་མི་རུང་བ་མང་དུ་ཡོད།

—དོར་ཞི།

བོད་དུ་འགྲོ་བ་མིའི་རིགས་ཐོག་མར་དར་པའི་ཡུལ་ནི་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་དུ་ཡིན།

—དཔལ་དོན་གྲུབ་རྒྱལ།

གཞི་རྒྱ་ཆེ་བའི་འདམ་གཞུང་སོགས་བྱང་རྒྱུད་ཀྱི་གནའ་རབས་བང་སོའི་ཁྱུ་ཚོགས་ཆེན་པོ་དང་། ལོ་ཁྲི་སྟོང་གོང་གི་རྡོ་ཆས་གསར་རྙིང་དུས་རབས་ཀྱི་ས་འོག་རིག་དངོས་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་བཞིན་ཡོད། དེ་དག་ཚང་མའི་ཐོག་ནས་ཀྲུང་གོ་ནི་བོད་ཤེས་རིག་གི་ཕ་ཡུལ་ཡིན་པ་དང་། བོད་ལྗོངས་ནི་བོད་ཀྱི་ཤེས་རིག་འབྱུང་ཁུངས་འབའ་ཞིག་ཡིན་པའི་ཆོད་གཏམ་དེ་ནུས་ལྡན་གྱི་སྒོ་ནས་ར་སྤྲོད་གང་ལེགས་བྱུང་དང་འབྱུང་བཞིན་པ་ཡིན།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

ངག་ཐོག་གི་ལོ་རྒྱུས་ནང་དུ་རྣམ་པ་ལྷ་སྒྲུང་ལ་བཅིངས་པ་ཤས་ཆེ་ན་ཡང་། དེའི་ནང་དུ་མཚར་སྡུག་འོད་སྟོང་འབར་བའི་དངོས་གཙོའི་བསམ་བློ་དང་ལོ་རྒྱུས་ཀྱི་བྱུང་བ་ངོ་མ་ཡོད་པར་སུ་ཞིག་གིས་བསྙོན་པར་ནུས།

—དཔལ་དོན་གྲུབ་རྒྱལ།

རང་རེའི་ལོ་རྒྱུས་མང་བོ་ཞིག་སྔོན་གྱི་བཤད་རྒྱུན་སྐྱོང་བ་ཙམ་ལས་དཔྱད་མི་བཟོད།

—དོར་ཞི།

གྲུ་གུ་དང་ལི་ཡུལ་དང་ཡུན་ནན་སོགས་ཀྱང་བོད་ཀྱི་འོག་ཏུ་ལོ་བརྒྱ་ཕྲག་ལྷག་པར་གནས་པ་སོགས། བདེན་པ་རྭ་སྤྲོད་གཏོང་ནུས་པའི་རྒྱལ་རབས་ཀྱི་ཆ་ཤས་བརྗེད་དུ་འཕང་བ་འདི་འདྲ་དག་ཀྱང་། ཐ་ན་ཕྱི་རྒྱའི་མཁས་པ་ལོ་རྒྱུས་སྨྲ་བ་དག་གི་ཁྲོད་ན་ཡང་ཁྱབ་གདལ་དུ་གྲགས་མོད་ཀྱི། རང་ཡུལ་གྱི་མི་རྣམས་ལ་ནི་ཕལ་ཆེར་རྒྱུས་ཡོད་མེད་ཀྱི་ས་མཚམས་སུ་སླེབས།

—དགེ་འདུན་ཆོས་འཕེལ།

ངས་ནི་བོད་རང་ལ་གཞན་ལ་ངོ་གནོང་མི་དགོས་པའི་རིག་གནས་ཤིག་ཡོད་པ་འདི། སྐུ་དྲིན་ཅན་སྲོང་བཙན་དང་བཀའ་དྲིན་ཅན་ཐོན་མི་སམ་བྷོ་ཊ་གཉིས་ནས་བཟུང་། རང་གི་བླ་མའི་བར་གྱི་མཁས་དབང་རྣམས་ཀྱི་དྲིན་རེད་བསམ་ཡོད། རིག་གནས་འདི་ལྟ་བུ་ཞིག་མེད་ན། མི་རིགས་ཅུང་ཟད་ཆེན་པོ་འགའ་ཞིག་ལྟར་རྒྱ་མིན་གཞན་མིན་དུ་འགྱུར་བ་དང་། ཡང་ན་མི་རིགས་ཁ་ཅིག་ལྟར་རིག་གནས་དཔལ་འབྱོར་གང་ཐད་ནས་རྗེས་ལུས་ཐ་ཆད་དུ་འགྱུར་བ་དང་། ཡང་ན་མི་རིགས་ཀྱི་མིང་ཙམ་ལས་ལྷག་མེད་རྒྱུ་རེད་སྙམ།

—དམུ་དགེ་བསམ་གཏན།

འཇིག་རྟེན་ཐོག་གི་བྱ་སྤྱོད་ངན་པ་ཚང་མ་སྒེར་སེམས་ལ་བརྟེན་ནས་བྱུང་བ་ཡིན།

—དུང་དཀར་བློ་བཟང་འཕྲིན་ལས།

དེ་ཡང་རྒྱལ་ཁབ་ཕྱི་ནང་གི་མི་རིགས་མང་བོའི་དར་རྒུད་འཕོ་འགྱུར་གྱི་ལོ་རྒྱུས་ལ་བལྟས་ན། མི་རིགས་ཀྱི་འདུ་ཤེས། རིག་གནས་ཀྱི་འདུ་ཤེས། ཡར་རྒྱས་ཀྱི་འདུ་ཤེས་ཡོད་པའི་མི་རིགས་གང་ཡང་སྐྱེ་སྟོབས་འཕེལ་སྟོབས་ཆེ་ཞིང་། འདུ་ཤེས་གསུམ་དེ་མེད་པའམ་ཞན་པ་རྣམས་གནས་སྐབས་དབང་སྟོབས་ཇི་འདྲ་ཆེ་ཡང་། རིམ་གྱིས་ཉམས་ཤིང་རྒུད་པ་དང་། མཐར་མི་རིགས་གཞན་ཞིག་གི་ཁྲོད་དུ་འདྲེས་ནས་མིང་གི་ལྷག་མར་གྱུར་བ་སོགས་ཕལ་ཆེར་དངོས་བོའི་ཆོས་ཉིད་ལྟ་བུ་ཞིག་ཏུ་གྱུར་འདུག

—དར་ཞི།

བོད་ལ་འགྲོ་བ་མི་ཡི་རིགས་རྒྱུད་བྱུང་ནས་ལོ་མང་བོ་ཞིག་འགོར་རྗེས། གོས་སུ་ཤིང་ལོ་གྱོན་པ་དང་། ཟས་སུ་མ་རྨོས་ལོ་ཏོག་ཟ་བའི་གནས་ཚུལ་དེ་བསྒྱུར་བ་དང་། རི་དྭགས་རྔོན་པ་དང་པགས་པ་གྱོན་པའི་སྲོལ་བྱུང་ལ། རིགས་རུས་ཀྱི་དབྱེ་བ་ཆེན་པོ་བཞི་ཡང་བྱུང་མྱོང་།

—དཔལ་དོན་གྲུབ་རྒྱལ།

ལྷག་པར་རྗེ་རིན་པོ་ཆེའི་སྐུ་དུས་ཙམ་ནས་བཟུང་དཔེ་ཆ་རྣམས་དཔར་འདེབས་བྱེད་པའི་སྲོལ་དེ་དར་ཁྱབ་ཆེ་བར་གྱུར་ཅིང་། དེང་སང་ཤིང་པར་འབོར་ཆེན་བོད་ཡུལ་ན་ཡོད་པ་འདི་ཙམ་ས་སྟོང་གཞན་གང་དུའང་མེད་པར་གྲགས།

—དགེ་འདུན་ཆོས་འཕེལ།

གནའ་དུས་སུ་རང་རེ་བོད་མི་ཚང་མར་རང་རང་གི་རུས་མིང་ཡོད་པ་ནི་ལོ་རྒྱུས་ཀྱི་ཡིག་རྙིང་མཐའ་དག་ལས་གསལ་པོ་མཐོང་ཐུབ་ཅིང་། བོད་སིལ་བུ་ཁ་ཐོར་གྱི་དུས་མཇུག་ཏུ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་མང་པོ་དར་རྒྱས་བྱུང་སྟེ་ཆོས་ཀྱི་དགོངས་དོན་དང་མཐུན་པའི་མི་མིང་འདོགས་སྲོལ་དར་ཁྱབ་ཏུ་གྱུར་བ་ནས་བཟུང་རུས་མིང་རྣམས་རིམ་བཞིན་འབོད་སྲོལ་མེད་པར་གྱུར།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

གསར་གཏོད་ཀྱི་སྟོབས་མེད་ན། དྲང་བདེན་ཟེར་བ་ཡང་མེད་ལ། རྒྱུ་འབྲས་ཟེར་བ་ཡང་སྐྱག་རྫུན་རེད།

—དཔལ་དོན་གྲུབ་རྒྱལ།

ལོ་རྒྱུས་རིག་པ་དེས་མི་རིགས་ཀྱི་གཅིག་གྱུར་དང་། མི་རིགས་ཀྱི་ལ་རྒྱ། མི་རིསག་བར་གྱི་འབྲེལ་བ་སོགས་གསལ་རྟོགས་ཡོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་འདོན་ཐུབ་པ་མ་ཟད། ད་དུང་མི་རིགས་ཀྱི་ཤེས་རྒྱ་ཆེ་རུ་གཏོང་བ་དང་། བློ་གྲོས་ཀྱི་བྱང་ཚད་ཇེ་མཐོར་འགྱུར་བ། ལོ་རྒྱུལ་ལ་ཕྱོགས་བསྡོམས་བྱེད་པ་བརྒྱུད་མི་རིགས་རང་ཉིད་ཀྱི་དགེ་མཚན་རྣམས་དར་སྤེལ་གཏོང་བ་དང་། སྐྱོན་ཆ་རྣམས་རང་རྟོགས་ཀྱི་སྒོ་ནས་སྒྱུར་བཅོས་བྱེད་པ་སོགས་ཀྱི་ཐོག་ལའང་ཕན་འབྲས་དང་བྱེད་ནུས་ཆེན་པོ་ཡོད་པ་ཉིན་བཞིན་གསལ་རྟོགས་ཐུབ།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

བོད་རིག་པ་ཞིབ་འཇུག་གི་བྱ་གཞག་རྒྱལ་ཁབ་ཕྱི་ནང་གང་སར་དར་འཕེལ་གྱི་མཐོ་རླབས་འཕྱུར་བའི་དུས་རབས་འདི་ལྟ་བུར་ང་ཚོས་ད་དུང་སྔར་གྱི་དཔེ་རྙིང་ཁོ་ནར་ཨ་སློག་བརྒྱབ་ནས་ཨུ་ཚུགས་ཀྱིས་ཁུངས་སྒྲིག་བྱེད་སྙམ་རུང་། མཐར་ཐུག་གི་འབྲས་བུར་ཡིད་རྟོན་རུང་བའི་གཅིག་གྱུར་གྱི་བསྡོམས་ཚིག་ཅི་ཡང་འཐོབ་མི་ཐུབ་ཁར། དེ་ལ་ཞེན་པའི་མི་རབས་རྗེས་མ་རྣམས་སླར་ཡང་མགོ་བོ་གདུགས་ལྟར་འཁོར་ནས་ཕྱིར་ཐོན་མི་ཐུབ་པའི་ལམ་ཨ་ལོང་ཁ་མེད་དེའི་ནང་དུ་བསྐྱར་ལོག་ཁྲིད་རྒྱུ་ལས་འདས།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

བོད་ཀྱི་རུས་རྒྱུད་ཚོ་བ་གཅིག་གྱུར་བྱུང་ནས་མི་རིགས་སུ་འགྱུར་བའི་དུས་མཚམས་ནི་རྒྱལ་བོ་སྲོང་བཙན་སྒམ་པོ་ནས་འགོ་ཚུགས་པར་ངོས་འཛིན་བྱེད་ཀྱི་ཡོད།

—དུང་དཀར་བློ་བཟང་འཕྲིན་ལས།

སྤྱིར་ན་མིའི་རིགས་ཀྱི་ལོ་རྒྱུས་དང་ཤེས་རིག་མཐའ་དག་ཐོན་སྐྱེད་འཕེལ་རྒྱས་འགྲོ་བ་དང་ཁ་འབྲལ་ཐབས་མེད་ལ། ཁྱད་པར་གདོད་མའི་དུས་ནས་བྱུང་ཞིང་ཆགས་པའི་མིང་ཚིག་ནི་དེ་བས་ཀྱང་དེ་ལྟར་ཡིན་སྲིད།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

མི་རིགས་ཀྱི་ཁྱད་ཆོས་ལ་སྐད་རིགས་དང་གནས་ཡུལ། འཚོ་བའི་གནས་སྟངས། རིག་གནས་ཀྱི་མཚོན་པའི་འདུ་ཤེས་དང་ལྟ་བའི་ཁྱད་པར་བཅས་བཞིར་ཕྱེ་བ་གྲགས་ཆེ་ལ། དེ་ནང་ནས་ཡུལ་དང་འཚོ་བའི་གནས་སྟབས་ནི་དེ་འདྲའི་ངེས་པ་མེད་ཀྱང་། བསམ་པ་དང་ཀུན་སྤྱོད། སྐད་རིགས་དང་བློ་རིག་གི་ཁྱད་ཆོས་མཚོན་པའི་རིག་གནས་སོགས་མི་རིགས་རང་མཚན་པར་གྲུབ་པའི་ཁྱད་ཆོས་གཙོ་བོ་བསྙོན་དུ་མེད་པ་ཡིན་ནོ།། གལ་ཏེ་ཁྱད་ཆོས་དེ་རིགས་ཉམས་སོང་ན། མི་རིགས་ཀྱང་ཉམས་པའི་རྟགས་ཡིན་ལ། ཁྱད་ཆོས་དེ་རིགས་མིང་ཙམ་དུ་གྱུར་ན་མི་རིགས་དེ་ཡང་མིང་ཙམ་དུ་གྱུར་བ་ཡིན་པར་རིགས་པ་དང་འཇིག་རྟེན་གྱི་ཉམས་མྱོང་སྟེང་ནས་འགྲུབ་བོ།།

—དོར་ཞི།

རང་རེའི་མཁས་པ་རྣམས་ལ་ཞན་ཆ་ཞིག་ཡོད་པ་ནི། རིག་གནས་དང་ལོ་རྒྱུས་ཀྱི་ཁུངས་རྒྱ་གར་ལ་གཏུགས་ཅི་ཐུབ་བྱེད་པ་དེ་རེད། སྤྱིར་རྒྱ་གར་དང་བོད་ཀྱི་བར་ལ་ཕྱོགས་གང་ཅིའི་ཐད་ནས་འབྲེལ་བ་དམ་པོ་ཡོད་མོད། འོན་ཀྱང་ཡོད་ཚད་རྒྱ་གར་ནས་བྱུང་བར་སྙམ་ན། བོད་རིག་པ་རང་གི་ལོ་རྒྱུས་དང་། རང་གི་རིག་གནས། རང་གི་ཁྱད་ཆོས། རང་གི་བསམ་བློ། རང་གི་ཡུལ་སྲོལ་གོམས་འདྲིས་སོགས་ཡོད་དམ་མེད། འདི་ཙམ་གྱི་ལྟ་བ་ལ་ངོ་རྒོལ་བྱེད་མ་ཐུབ་པ་ནི་ང་ཚོ་གཞོན་ནུ་རྣམས་ཀྱི་ངོ་ཚ་ཞིག་ཡིན་པར་མ་ཟད། ང་ཚོའི་མི་རིགས་འདིའི་ངོ་ཚ་ཞིག་ཀྱང་རེད།

—དཔལ་དོན་གྲུབ་རྒྱལ།

དབང་འཛིན་དཔོན་རིགས་རྣམས་རིམ་བཞིན་ངན་རུལ་དུ་གྱུར་ཏེ་མི་དམངས་ལ་བཤུ་གཞོག་ཇེ་མང་བཏང་ནས་རྒྱས་སྤྲོས་ཀྱི་འཚོ་བར་རོལ་བ། རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་ནི་རང་ལུས་རང་བདག་གི་ཁེ་དབང་ཙམ་ཡང་མེད་སྟབས་མང་ཚོགས་ཀྱི་ཐོན་སྐྱེད་སེམས་ཤུགས་རིམ་བཞིན་ཉམས་དམས་སུ་གྱུར་ནས་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་མེད་རང་སོར་གནས་པའམ། ཐ་ན་ལོ་རེ་བཞིན་ཉམས་རྒུད་དུ་འགྲོ་བ་བཅས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་ཏེ་བོད་ས་གནས་འདི་རྒྱལ་ཁབ་ཕྱི་ནང་གི་ཁྲོད་རྗེས་ལུས་ཀྱི་གནས་སུ་གྱུར་བ་ཞིག་བྱུང་ཡོད། འོན་ཀྱང་མིའི་ཀུན་སྤྱོད་ཀྱི་ཐད་ལ་མ་རྩ་རིང་ལུགས་འཇིག་རྟེན་གྱི་བསླད་སྐྱོན་མ་ཕོག་པ་དང་། མི་རིགས་ཀྱ་དར་སྲོལ་ཆོས་ཀྱི་བསླབ་བྱ་སོགས་ལས་བོད་མི་མང་ཆེ་བ་སེམས་པ་བཟང་ཞིང་། སྙིང་རྗེ་ཆེ་བ། འདོད་ཆུང་ཆོག་ཤེས། བྱས་པ་དྲིན་དུ་གཟོ་ཞིང་། གཞུང་དང་ཕྱི་ཐག་རིང་བ་སོགས་མི་ཆོས་ཡ་རབས་ཀྱི་གོམས་གཤིས་ལྡན་པ་ཞིག་ཡིན།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

བར་སྐབས་བོད་དུ་ལོ་རྒྱུས་ཡུན་རིང་པོའི་ནང་རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་རང་དམན་གཞན་བརྟེན་གྱི་བསམ་པའི་ཕྱོགས་ལྷུང་ཞིག་བྱུང་བ་མ་ཟད། དེ་གོམས་གཤིས་སུ་གྱུར་བ་དེས་མི་རིགས་ཀྱི་རང་ཚུགས་དང་གསར་གཏོད་ཀྱི་སྙིང་སྟོབས་རིམ་བཞིན་ཉམས་དམས་སུ་འགྲོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སེད།

—དཔལ་དོན་གྲུབ་རྒྱལ།

མི་ལོ་སྟོང་ཕྲག་རིང་ཁུག་ཀྱོག་ཏུ་ལུས་ཤིང་བཟོ་བཅོས་མ་ཕོག་པའི་ཡིག་རྙིང་གནའ་བོའི་སྐད་ཡིག་རོ་ཆོག་ངོ་མ་བྲོ་བ་དང་། འབྲེལ་ཡོད་དངོས་པོའི་རྗེས་ཤུལ་བཅས་ལ་བཅོལ་བའི་རྨང་གཞིའི་ཐོག་གཞི་ནས་བར་སྐབས་ཀྱི་ལོ་རྒྱུས་ཡིག་རིགས་འབོར་ཆེན་རྣམས་ལ་སྙིགས་དོར་བཅུད་ལེན་དང་རྫུན་སྤོང་བདེན་སྒྲུག་གི་དཔྱད་གཞིར་བྱས་ཏེ་གཏན་ལ་འབེབས་པའི་བྱེད་ཕྱོགས་དེ་རིགས་ལ་ཡིད་སྨོན་ཧ་ཅང་ཆེན་པོ་སྐྱེ་ཡི་འདུག

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

ཆེས་གནའ་བོའི་ལོ་རྒྱུས་ཀྱི་ཤེས་རིགས་དེ་དག་ལ་ལ་རྩ་སྟོང་དུ་གྱུར་བ་དང་། ལ་ལ་ངོ་བོ་འགྱུར་བ། མང་བོ་ཞིག་ནི་ཕར་འདྲེས་ཚུར་འདྲེས་སོགས་ཆགས་ནས་མཐའ་ཐུག་བོད་མི་རིགས་རང་ཉིད་ཀྱི་ཐོག་མའི་ཤེས་རིག་མང་པོ་ཞིག་ངོས་འཛིན་རྒྱུ་མེད་པའི་གནས་སུ་གྱར་བར་སྣང་།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

སྲོང་བཙན་སྒམ་པོ་ནི་བོད་གཅིག་གྱུར་ཐོག་མར་བྱེད་པའི་བཙན་པོ་དེ་ཡིན་ནའང་། ཡུན་རིང་གི་ལོ་རྒྱུས་ནང་སིལ་བུ་ཁ་ཐོར་དུ་གནས་པའི་བོད་ཡུལ་འདིར་སྐབས་དེ་དུས་ཀྱང་ལུང་ཚན་སོ་སོར་རུས་རྒྱུད་མི་འདྲ་བའི་སྐོར་ཚོ་རང་རང་གི་སྡེ་འགོ་པ་དང་བཅས་ཡོད་པ་མ་ཟད། དད་མོས་ཀྱི་འདུ་ཤེས་འཛིན་སྟངས་ཐད་ལའང་གདོད་མའི་ཤུལ་བཞག་ལྟར་སོ་སོའི་རུས་ལྷ་དང་། ཡུལ་ལྷ་སོགས་ལ་དད་ཞེན་ཐ་དད་དུ་བྱེད་པས་མི་རྣམས་ཀྱི་བསམ་བློའི་འཁྱེར་སོ་གཅིག་གྱུར་ཞིག་མེད་པ་བཅས་ལ་བརྟེན་ནས་ཕན་ཚུན་སྔར་གྱི་འཁོན་འགྲས་དང་འཁྲུགས་རྩོད་ཀྱི་རྒྱུན་ད་དུང་འཇགས་མེད་པ་མ་ཟད། ཐ་ན་བཙན་པོའི་དབང་བསྒྱུར་ལའང་ངོ་ལོག་གི་ཉེན་ཁ་ཆེན་པོ་གནས་ཡོད།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

ལོ་རྒྱུས་ཀྱི་མི་སྣའི་གནས་བབ་ནི་དུས་སྐབས་དེ་རང་གི་དོན་དངོས་ཡིན་པའི་ཁུངས་གཏུགས་ས་ཞིག་གཞིར་བཟུང་བ་ལས། རང་ཉིད་ཀྱི་དགའ་སྡང་དང་ཕྱོགས་ཞེན་གཞི་འཛིན་ས་བྱས་ན་མི་འགྲིག

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

བོད་ཀྱི་མིའི་འབྱུང་ཁུངས་ནི་ཡར་ཀླུང་གཙང་པོའི་ཆུ་བརྒྱུད་ཀྱི་ནགས་ཚལ་དུ་གནས་ཤིང་ཤིང་འབྲས་ཟ་བའི་སྤྲ་རིགས་ཆུང་བ་དང་། བྲག་ཕུག་ཏུ་སྡོད་ཅིང་སྲོག་ཆགས་ཀྱི་ཤ་ཁྲག་ལ་རོལ་བའི་སྤྲ་རིགས་ཆེ་བ་གཉིས་ཕན་ཚུན་འདུས་པ་ལས་འཕེལ་བའི་ཕྲུ་གུ་རྣམས་རིམ་འགྱུར་གྱིས་བྱུང་བ་དེ་ཡིན་པ་ཤེས་པར་བྱའོ།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

གནས་རབས་ཀྱི་འདུ་ཤེས་འཛིན་སྟངས་དང་དེ་ལས་བྱུང་བའི་བཞེད་ཚུལ་རྣམས་ཚན་རིག་དང་ཡོངས་སུ་མཐུན་པ་ཞིག་ག་ལ་ཡོང་ཐུབ། རང་རེས་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་ཚུལ་གྱི་ཐོག་ནས་དཔྱད་ཞིབ་བྱེད་དགོས།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་རིང་བཞིན་ཆགས་གྲུབ་དང་འཕེལ་རྒྱས་འགྲོ་བར་བཤད་ཚུལ་དེ་དག་གིས་བྱེད་ནུས་ངེས་ཅན་ཞིག་ཐོན་ཡོད་པ་མ་ཟད། དབང་སྒྱུར་བ་ཆེ་ཆུང་རིམ་ཅན་གྱིས་ཀྱང་ལོ་རྒྱུས་ཀྱི་ཡིག་ཆ་དེ་རིགས་རང་གི་དབང་བསྒྱུར་ལམ་ལུགས་སྲུང་སྐྱོང་བྱེད་པའི་དགོས་མཁོ་དང་ཡོངས་སུ་མཐུན་པ་མཐོང་བས་བསམ་འཕེལ་ནོར་བུ་རྙེད་པ་བཞིན་དུ་དེ་ལ་བཀུར་སྟི་དང་རིམ་གྲོ་བསྐྱེད་ཅིང་། ཐབས་ལམ་སྣ་ཚོགས་སྤྱད་ནས་བཤད་ཚུལ་དེ་རིགས་འུར་སྒྲོགས་དང་། དྲིལ་བསྒྲགས་ཡུན་རིང་བྱས་པ་བརྒྱུད། བོད་རྙིང་བའི་ནང་“ལྷ་སྒྲུང་”གི་ལོ་རྒྱུས་ཟློས་གར་དེས་སྤྱི་ཚོགས་ཐོག་བསམ་བློའི་དབང་སྒྱུར་གྱི་གོ་གནས་བཟུང་ཐུབ་པ་བྱུང་ཡོད།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

གནད་དོན་ལ་ལ་དང་། ལྷག་པར་དུ་རིག་གཞུང་སྐོར་གྱི་གནད་དོན་ནི་རེ་ཞིག་བདེན་རྫུན་གྱི་ཕུ་ཐག་གཅོད་དཀའ་བས། དུས་ཡུན་རིང་པོ་ཞིག་ལ་རྩོད་པ་བྱེད་དགོས་པ་དང་། དུས་ཡུན་རིང་པོ་ཞིག་ཚོད་བགལ་བརྒྱུད་དགོས།

—དཔལ་དོན་གྲུབ་རྒྱལ།

ཆེས་སྔ་རབས་ཀྱི་བཙན་པོ་དེ་རྣམས་ཀྱི་བང་སོ་གང་དུ་བཏབ་པའི་ལོ་རྒྱུས་གསལ་བོ་ཆ་ཚང་བ་ཞིག་མེད་པའི་གནས་ཚུལ་འོག ཁྲི་བདུན་གནམ་ལ་གཤེགས་པ་ཟེར་བའི་བོན་གྱི་བཤད་རྒྱུན་དེའི་རྗེས་སུ་འབྲངས་ཏེ་གཡའ་དང་། རྫ། སྤང་། ཆུ། གངས་སོགས་ཚིག་རྒྱན་འདྲ་ཆགས་ཤིག་ཏུ་སྡེབས་པའི་བཤད་པ་ཙམ་ལས། ཐ་ན་ཡུལ་དང་ས་ཕྱོགས་གང་དུ་ཡོད་པའི་ཆ་ཙམ་ཡང་བརྗོད་དུ་མེད་པར་བརྟེན་ལོ་རྒྱུས་ཀྱི་ཡིག་རིགས་དེ་རང་གི་ནང་དུའང་ཡིད་རྟོན་མི་བྱེད་པ་མཚོན་གྱིན་ཡོད།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ཁ་ལོ་བསྒྱུར་ཐུབ་པའི་བྱ་ཐབས་ཤིག་དང་ཞི་དྲག་མཉམ་འབྲེལ་བྱེད་དགོས་པའི་ཐབས་ཤེས་གཅིག་བཙལ་རྙེད་བྱུང་བ་དེ་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ལམ་ལུགས་དེ་ཐོན་པའི་རྒྱུ་རྐྱེན་ཞིག་ཡིན་ལ། ལམ་ལུགས་དེ་ཡུན་རིང་སྲུང་སྐྱོང་བྱེད་ཐུབ་པའི་རྩ་བའི་རྒྱུ་མཚན་ཞིག་ཀྱང་ཡིན།

—ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

ཧི་མ་ལ་ཡའི་རི་རྒྱུད་སྤྱི་ལ་གངས་ཅན་དུ་བྱས་པས། ནུབ་ཕྱོགས་ཨོ་རྒྱན་ཡུལ་ནས་ཤར་དུ་ཀོང་ཡུལ་དང་དར་རྩེ་མདོ་ལ་ཐུག་པའི་བར་གངས་ཅན་གྱི་རི་རྒྱུད་གཅིག་གི་ཁོངས་ལ་ཡོད་པར་བྱ་དགོས།

—དགེ་འདུག་ཆོས་འཕེལ།

འཇིག་རྟེན་སྒྲུབ་པའི་རིག་གནས་ཤེས་བྱའི་ཕྱོགས་ལ་གངས་ཅན་པ་རྣམས་ཆེས་ཞན་ཞིང་བླུན་པས། མི་རིགས་རང་ལ་གྱོང་རྒུད་མི་རབས་ནས་མི་ཐོག་ཏུ་མྱོང་བ་དཔྱོད་ལྡན་རྣམས་ཤེས་གསལ་ལྟར་ཡིན།

—དོར་ཞི།

མདོ་སྨད་ནས་བཏོན་པའི་གཏེར་རྫས་འཁྲུལ་མེད་ཀྱི་སྐུ་བརྙན་འགའ་རེ་སྔོན་མཐོང་བ་ཕྱིས་རྒྱ་གར་གྱི་སྐུ་བརྙན་མང་པོ་མཇལ་ཆོ་དེའི་སྲོལ་དུ་སེམས།

—དགེ་འདུན་ཆོས་འཕེལ།

ལོ་རྒྱུས་ཀྱི་ཡིག་ཆ་རྣམས་སུ་ལོ་ཚིགས་ཀྱི་ཐད་ལ་ཐེ་ཚོམ་ཟ་བའི་དོགས་པ་ཡོད་ན་ངེས་པར་དུ་གང་གི་ཐད་ལ་དོགས་པ་ཡོད་པ་དེའི་དོགས་པ་སློང་དགོས།

—ཚེ་ཏན་ཞབས་དྲུང་།

བདེན་རྫུན་ཇི་ལྟ་བུས་ཀྱང་རུང་གི་ངོ་མཚར་ཧ་ཅང་ཐལ་ཆེ་བའི་གཏམ་རྣམས་ལོ་རྒྱུས་དཀྱུས་མ་དང་མ་བསྲེས་པར་ཟུར་དུ་བཤད་ན། དད་པ་མི་ཉམས་པ་དང་། རྒྱལ་རབས་མི་འཇིག་པ་དང་། བླུན་པོ་སྨྲ་ཁམས་ཅན་རྣམས་ལང་ལ་མི་འཆོར་བ་སོགས་ཀྱི་དགོས་པ་རྒྱ་ཆེན་པོ་མཆིས་སོ།།

—དགེ་འདུན་ཆོས་འཕེལ།

ཏུན་ཧོང་བོད་ཀྱིས་བདག་དུ་བཟུང་ནས་བསྡོམས་པས་ལོ་ངོ་དྲུག་ཅུ་རེ་བདུན་སོང་འདུག

—དཔལ་དོན་གྲུབ་རྒྱལ།

སྔོན་གྱི་ལོ་རྒྱུས་དག་ལ་ཅུང་ཟད་ནོར་བ་དང་། ཡི་གེ་མ་དག་པ་རེ་ལོས་ཡོད། འོན་ཀྱང་དེ་དག་རྩྭ་ལྟར་དོར་ནས་གཞན་ཟེར་ཁོ་ནའི་རྗེས་སུ་འབྲངས་ན། ཕ་ཤུལ་བུས་ཟིན་རྒྱུ་ལྟ་ཞོག ཕ་མེས་ཀྱི་བླ་བཙོང་མཁན་དུ་ཨེ་འགྲོ་སྙམ་པའི་དོགས་པ་ཆེ།

—དམུ་དགེ་བསམ་གཏན།

འཛམ་གླིང་མཁས་པ་རིས་སུ་མ་ཆད་པའི།།རིག་པའི་གཞུང་ལ་འབད་པ་ཆེན་པོས་གཟིགས།།རང་གི་རྟོགས་པ་ཇེ་མཐོར་སོང་བའི་ཆོ།།ལྷག་པར་ཁེངས་བསྐྱུངས་ཕལ་བའི་བརྟུལ་ཞུགས་འཛིན།།

—དགེ་འདུན་ཆོས་འཕེལ།

སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས་སྔར་ཡོད་ཆད་བསལ་ཁ་སྐོང་བྱེད་པ་དང་། སྔར་མེད་ཚུར་ལེན་ཁ་སྣོན་བྱེད་པའི་ཐབས་ལ་མ་འབད་ན། མོ་ཊ་དང་ལྕགས་བྱ་འུར་གྱིས་སོང་ཤུལ་དུ། རྟ་རྒན་བོང་ཆད་ཞོན་ནས་གཞུག་ཨེ་ཆོད་ལྟ་བ་ལྟ་བུ་རེད། གཞན་གྱིས་ཁྲེལ་བགད་བྱེད་པའི་རྒྱུ་ལས་མ་འདས།

—དོར་ཞི།

བོད་རང་གིས་བྲིས་པ་བཅོས་བསྒྱུར་མཁན་གྱི་སྨྱུ་གུའི་རྩེ་མོས་མ་རེག་པར་ལོ་ཆིག་སྟོང་ཉེ་བར་རྡོ་དང་བྱེ་མའི་འོག་ན་གཟིམས་པའི་ཡིག་རྙིང་ཞེས་ཡ་མེད་པའི་ངོམ་ངོམ་བྱས་ཀྱང་ཡིད་བརྟན་ཕེར་བའི་ངེས་པ་མེད།

—ཚེ་ཏན་ཞབས་དྲུང་།

བོད་མི་རིགས་ནི་མི་རིགས་གཞན་དག་དང་འདྲ་བར་སྤྲ་མི་ནས་རིམ་བཞིན་གནའ་རབས་ཀྱི་མི་དང་། མི་གསར་པ། ཀླ་ཀློའི་དུས་རབས་དང་། ཤེས་རྨོངས་ཀྱི་དུས་རབས། ཤེས་རིག་ལྡན་པའི་དུས་རབས་བཅས་བརྒྱུད་མྱོང་ཡོད།

—དུང་དཀར་བློ་བཟང་འཕྲིན་ལས།

རྩེ་ནི་ས་མཚམས་ཀྱི་དམག་གི་སྡེ་ཚན་དུ་གཏོགས་པའི་ཐ་སྙད་ཅིག་ཏུ་གྱུར་བ་རེད། དེའི་ལས་འགན་གཙོ་བོ་ནི་དགྲ་ཟླའི་གནས་ཚུལ་མྱུལ་རྟོག་དང་བྱ་ར་བྱེད་པ། ས་མཚམས་སྲུང་སྐྱོབ་བྱེད་པ། སླུངས་ཚང་ངམ་འབབ་ཚུགས་ཀྱི་བྱ་བ་རྣམས་ལ་བཀོད་འདོམས་བྱེད་པ་སོགས་རེད།

—དཔལ་དོན་གྲུབ་རྒྱལ།

འཛམ་གླིང་གི་ཡུལ་བྱིངས་སོག་པའི་རྒྱལ་པོའི་མངའ་འོག་ཏུ་ཆུད་པའི་དུས་ཤིག་བྱུང་བ་དེ་ངོ་མཚར། ཇིང་གིར་གྲི་གུམ་གྱི་གདུང་རྒྱུད་ཡིན་པ་དེ་བདེན་ན་དེ་ཡང་རྒྱུད་ནས་བོད་ཀྱི་རྒྱལ་རིགས་ཡིན་པས། འུ་ཅག་བོད་རྒན་རྣམས་ཅི་བས་ཀྱང་ང་རྒྱལ་སྐྱེས་རུང་བ་ཞིག་འདུག་མོད། ང་རྒྱལ་དེ་འུ་ཅག་གི་ད་ལྟའི་ཉམས་སྟོབས་འདི་དང་ཤིན་ཏུ་མ་མཐུད་གྱིས་དོགས།

—-དགེ་འདུན་ཆོས་འཕེལ།

ཕ་རོལ་པོ་དམའ་འབེབས་པའི་ཐབས་ཙམ་ལྷུར་བླངས་ཏེ་ཕྱོགས་སྔ་སྨྲ་བའི་ཁ་ནས་ཐོན་ཚད་ཐམས་ཅད་ལ་ཁྱི་ངན་རྡོ་ཕྱིར་འབྲང་བ་ལྟ་བུའི་དགག་སྒྲུབ་ཁབ་འགྲོ་འབིགས་འགྲོར་བགྱིད་པ་ཐུབ་བསྟན་སྐྱོང་བའི་ལུགས་མ་ལགས་ཤིང་བག་མེད་བྱིས་པའི་ཟློས་གར་ཁོ་ནར་མཐོང་བས་རིང་དུ་དོར།

—དམུ་དགེ་བསམ་གཏན།

རྒྱ་གར་གྱི་མི་རིགས་རྣམས་བསྡུས་ན་སངས་རྒྱས་པའི་རབ་བྱུང་དང་། བྲམ་ཟེ་དང་། རྟོག་གེ་བ་དང་། རྒྱལ་སྲིད་ཀྱི་ལས་བྱེད་དང་། ཚོང་པ། ཞིང་པ། བཟོ་རིག་པ་སྟེ་སྡེ་ཚན་བདུན་གྱི་ནང་དུ་འདུ། རྒྱ་གར་པ་རྣམས་རྒྱན་སྣ་ཚོགས་འདོགས་པ་ལ་དགའ་བ་ཙམ་མ་གཏོགས་གཞན་ཟས་གོས་ཡོ་བྱད་སོགས་དམན་པ་ཁོ་ན་ལ་མོས་ཤིང་ཆོག་ཤེས་ཆེ། རྐུན་མ་དང་། ལོག་གཡེམ་བྱེད་པ་ནི་སྲིད་མཐའ་ཙམ་ཡིན་ཐམས་ཅད་ཀྱང་གཞུང་བཟུང་ཞིང་རྫུན་སྨྲ་མཁན་ཤིན་ཏུ་ཉུང་། མཆོད་སྦྱིན་གྱི་སྐབས་མ་གཏོགས་ཆང་བཏུང་བའི་སྲོལ་ཡང་མེད། ཡུལ་མང་པོར་བྲན་འཁོལ་ཉོ་ཚོང་བྱེད་པ་ཡང་མེད།

—དགེ་འདུན་ཆོས་འཕེལ།

ཁོ་བོའི་བསམ་པར་བོད་ཀྱི་རུས་རྒྱུད་ཚོ་པ་གཅིག་གྱུར་བྱུང་ནས་མི་རིགས་སུ་འགྱུར་བའི་དུས་མཚམས་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་ནས་འགོ་ཚུགས་པར་ངོས་འཛིན་བྱེད་ཀྱི་ཡོད།

—དུང་དཀར་བློ་བཟང་འཕྲིན་ལས།

སྤྱིར་གནའི་རྒྱ་གར་པ་རང་ཉིད་ཀྱིས་བྲིས་པའི་བསྟན་བཅོས་རྣམས་སྔོན་གྱི་དྲང་སྲོང་སོགས་ཀྱིས་བྲིས་ཞེས་ཁ་གཡོར་བའི་ལུགས་དེ་ཤིན་ཏུ་དར་ཆེ་བར་མངོན།

—དགེ་འདུན་ཆོས་འཕེལ།

བོད་མི་རིགས་ཀྱི་གནའ་རབས་རིག་གནས་ཁག་གཅིག་ཞང་ཞུང་གི་རིག་གནས་ནས་བྱུང་དང་། ཁག་གཅིག་ཞང་ཞུང་གི་རིག་གནས་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན།

—དུང་དཀར་བློ་བཟང་འཕྲིན་ལས།

སྟོང་ཉིད་དང་། རྟེན་འབྱུང་སོགས་འཆད་པ་ལ།ཤེས་རབ་ཟབ་མོ་དགོས་ལ། ད་ལྟ་རང་རེ་ལ་ཤིན་ཏུ་ལྐོག་གྱུར་དུ་སོང་བའི་སྔོན་གྱི་རྒྱལ་བོ་ཞིག་གི་ཕོ་བྲང་གིས་ཡི་གེར་བྲིས་པ་ཞིག་ལག་ཏུ་སོན་ཀྱང་འཁྲུལ་མེད་དུ་འོངས།

—དགེ་འདུན་ཆོས་འཕེལ།