སྟོན་ཁའི་དྲན་གསོ། ཧྲི་ཐའེ་ཧྲང་གིས་བརྩམས།

474/545

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས། ཧྲི་ཐའེ་ཧྲང་༼སྤྱི་ལོ་༡༩༥༡ལོའི་ཟླ་བ་༡པོའི་ཚེས་༤སྐུ་འཁྲུངས་ལ་༢༠༡༠ལོའི་ཟླ་བ་༡༢ཚེས་༣༡ལ་དགོངས་པ་རྫོགས།༽ཁོང་སྤྱི་ལོ་༡༩༦༩ལོར་རྐང་པ་གཉིས་ལ་ཞ་འཁུམས་ཀྱི་ནད་ཕོག་ལ་རྗེས་སུ་མཁྲིས་པའི་ནད་ཕོག་ནའང་དཔའ་ངར་ཆེན་པོས་ནད་ཡམས་དང་འཐབ་རྩོད་བྱེད་བཞིན་ཕུལ་བྱུང་རྩོམ་ཡིག་འབོར་ཆེན་བྲིས་མྱོང་བའི་གྲགས་ཅན་གྱི་རྩོམ་པ་པོ་དང་བསམ་བློ་མཁས་ཅན་ཞིག་ཡིན།ཁོང་གི་དཔེ་མཚོན་བརྩམས་ཆོས་ལ་༼༼སྟོང་དོན་གཉེར་བའི་ཟིན་བྲིས།༽༽༼༼སྟོན་ཁའི་དྲན་གསོ།༽༽༼༼ནད་གསེང་དུ་དམ་དུམ་བྲིས་པའི་འབོལ་གཏམ།༽༽སོགས་ཡོད།

རྐང་པ་གཉིས་ལ་ཞ་འཁུམས་ཀྱི་ནད་ཕོག་རྗེས།ངའི་གཤིས་ཀ་ཡང་ངང་རྒྱུད་ཐུང་ལ་འགྱུར་ལྡོག་མང་བ་ཞིག་ཏུ་གྱུར།སྐབས་རེ་ངས་རུ་སྟར་བསྒྲིག་ནས་བྱང་ལ་འཕུར་བཞིན་པའི་ཁྲུང་ཁྲུང་ལ་བལྟ་བཞིན་བལྟ་བཞིན་གློ་བུར་དུ་ངའི་མདུན་ངོས་ཀྱི་ཤེལ་སྒོ་གཅོག་སྲིད་ལ།སྐབས་རེ་ངས་ལི་ཀུའུ་དབྱི་ཡི་སྙན་ཞིང་འཇེབས་པའི་གླུ་དབྱངས་ལ་ཉན་བཞིན་ཉན་བཞིན་ཧོབ་དེ་ལག་པའི་འཁྲིས་ཀྱི་དངོས་པོ་གྱང་ངོས་སུ་བརྡབ་སྲིད།དེ་དུས་ཨ་མས་ཁུ་སིམ་སིམ་དུ་ང་ལ་གཡོལ་ནས་ངས་མཐོང་མི་ཐུབ་པའི་ས་ཆ་ཞིག་ཏུ་ལྐོག་ལྐོག་སུད་སུད་ཀྱིས་ངའི་གྲགས་འགུལ་ལ་ཉན་རྗེས།ཡོད་ཚད་འཇམ་ཐིང་ཐིང་དུ་སླར་གསོ་བྱ་སྐབས།ཁུ་སིམ་སིམ་དུ་ཡར་འཛུལ་ཡོང་ནས་མིག་མཐའ་དམར་པོར་གྱུར་བཞིན་ང་ལ་བལྟས་ནས་གོ་ཐོས་ལ་བྱང་མཚོའི་མེ་ཏོག་བཞད་ཁ་ཕྱེ་འདུག་ཟེར་བས་ངས་ཁྱེད་ཀྱི་རྐུབ་སྟེགས་འཁོར་ལོ་འབུད་ནས་འཆམ་འཆམ་ལ་འགྲོ་ཟེར།ཨ་མས་རྒྱུན་དུ་ནས་ང་ལ་དེ་ལྟར་ཤོད་ཀྱི་ཡོད་ལ་ཨ་མ་ཡང་མེ་ཏོག་ལ་ཧ་ཅང་དགའ།ཡིན་ནའང་ངའི་རྐང་པར་ཞ་འཁུམས་ཀྱི་ནད་ཕོག་རྗེས་ཁོང་གིས་ལྟ་སྐྱོང་བྱས་པའི་མེ་ཏོག་དེ་དག་ཀྱང་ཚང་མ་ཤི་ཟིན།མིན།ང་འགྲོ་གི་མིན།ངས་ནུས་ཤུགས་གང་ཡོད་བཏོན་ནས་སྡང་སེམས་སྐྱེ་དགོས་པའི་རྐང་པ་གཉིས་ལ་ཤུགས་ཆེན་པོས་གཞུ་བཞིན་ང་གསོན་པོར་འཚོ་ནས་སྙིང་པོ་ག་རེ་ཡོད་དམ་ཞེས་བཤད་པས་ཨ་མས་མཆོང་ཡོང་ནས་ངའི་ལག་པ་བཟུང་སྟེ་ང་གཉིས་མ་བུ་གཉིས་མཉམ་དུ་ཡག་པོ་བྱས་ནས་གསོན་པོར་འཚོ་དགོས།ཡག་པོ་བྱས་ནས་གསོན་པོར་འཚོ་དགོས་ཟེར།ཡིན་ནའང་ངས་ཐོག་མཐའ་བར་གསུམ་དུ་ཨ་མའི་ནད་གཞིའི་ཚད་དེ་འདྲ་ཞིག་ལ་སླེབས་ཡོད་པ་གཏན་ནས་མི་ཤེས།རྗེས་སུ་གཅུང་མོས་ང་ལ་ཨ་མ་རྒྱུན་དུ་མཆིན་པའི་ན་ཚ་ལངས་པའི་རྐྱེན་གྱིས་མཚན་གང་དང་མཚན་གང་ཕར་ལོག་ཚུར་ལོག་བྱས་ནས་གཉིད་ཁུག་མི་ཐུབ་ཟེར།

དེ་ཉིན་ང་སླར་ཡང་ཁེར་རྐྱང་དུ་ཁང་པའི་ནང་བསྡད་ནས་ཤེལ་སྒོའི་ཕྱི་ལོགས་ཀྱི་ཤིང་ལོ་དེ་དག་ཚག་ཚག་ཟེར་བཞིན་ཟགས་པར་བལྟ་དུས།ཨ་མ་ཁང་པའི་ནང་འཛུལ་ཡོང་ནས་ཤེལ་སྒོའི་མདུན་བཀག་སྟེ།བྱང་མཚོའི་ལུག་མིག་མེ་ཏོག་བཞད་ཁ་ཕྱེ་འདུག་པས་ངས་ཁྱེད་རང་འབུད་ནས་བལྟ་བར་འགྲོ་ཟེར་བཞིན་ཁོང་གི་གདོང་མདོག་ཤོར་བའི་བཞིན་རས་ལས་ཞུ་བ་འཐེན་པ་ལྟ་བུའི་རྣམ་འགྱུར་ཞིག་བསྟན་བྱུང་།ག་དུས་ཞེས་དྲིས་པར་གལ་ཏེ་ཁྱེད་རང་མོས་མཐུན་ཡོད་ན་སང་ཉིན་འགྲོ་ཟེར།ངས་ལན་བཏབ་པ་དེས་ཨ་མར་དགའ་སྤྲོ་ཚད་མེད་སྐྱེས་འདུག།རེད།སང་ཉིན་འགྲོ་ཞེས་ངས་བཤད་པས་ཨ་མ་དགའ་ཚོར་གྱིས་འཁྱུག་ཙམ་སྡོད་ལ་འཁྱུག་ཙམ་ལངས་ནས་ད་འོ་ན་ལམ་སེང་གྲ་སྒྲིག་ལེགས་པོ་བྱེད་དགོས་ཟེར།འོ་རྫི།ཨ་མ་རང་བསུན་གྱི་མི་འདུག་གམ།གོམ་པ་ཁ་ཤས་ཀྱི་ལམ་ཐག་ལས་མེད་པར་གྲ་སྒྲིག་ག་རེ་བྱེད་དགོས་ངས་འདི་ལྟར་བཤད་པས་ཨ་མ་ཡང་གད་མོ་ཤོར་བཞིན་ངའི་འཁྲིས་སུ་བསྡད་ནས་སྐད་ཆ་རྫོགས་རྒྱུ་མེད་པ་བཤད་བྱུང་།ལུག་མིག་མེ་ཏོག་ལ་བལྟས་ཚར་ན་ང་ཚོ་ཧྥང་ཧྲན་ལ་འགྲོ།ཁྱེད་ཆུང་དུས་སྐབས་ཟ་ཁང་ཕ་གིའི་སྲན་མ་སེར་པོ་བཟའ་རྒྱུར་ཧ་ཅང་དགའ་པོ་ཡོད།ད་དུང་ཐེངས་གཅིག་ངས་ཁྱེད་རང་བྱང་མཚོར་འཁྲིད་པ་དེ་དྲན་གྱི་འདུག་གམ།ཁྱེད་ཀྱིས་ཀྱག་ཀྱག་བྱས་ནས་སྦྱར་སྡོང་གི་མེ་ཏོག་སྤུ་གཟེངས་འབུ་ཕྲུག་རེད་ཟེར་ནས་རྒྱུགས་བཞིན་དུ་རྐང་པས་བརྫིས་ཐེངས་གཅིག་གིས་ལེབ་ལེབ་བཟོས་ཟེར་བཞིན་གློ་བུར་དུ་ཨ་མས་ཁ་མ་གྲགས།རྒྱུགས་དང་བརྫིས་པའི་རིགས་དང་གཅིག་པ་ཡིན་པའི་ཚིག་འབྲུ་ལ་ཨ་མ་ང་ལས་ཚོར་སྣང་སྐྱེན་པ་ཡོད་པས་ཁོ་མོ་སླར་ཡང་ཁུ་སིམ་སིམ་དུ་དོན་སོང་།

ཁོ་མོ་ཕྱི་ལ་དོན་པ་ནས་སླར་ཡང་ཁྱིམ་དུ་ལོག་རྒྱུ་བྱུང་མེད།

ཁྱིམ་མཚེས་ཚོས་ཨ་མ་རྐང་འཁོར་སྟེང་ལ་བཀྱག་སྐབས།ཨ་མའི་ཁ་ནས་ད་དུང་ཧུབ་ཆེན་པོ་དང་ཆེན་པོས་ཁྲག་དམར་སྐྱུགས་བཞིན་འདུག།ངས་ཨ་མ་དེ་ལྟ་བུ་ཞིག་བསྙུང་ཡོད་པ་བསམ་མ་མྱོང་ལ།འཁོར་གསུམ་རྐང་འཁོར་རྒྱང་རིང་ལ་བཞུད་པར་ལྟ་བཞིན་དེ་ནི་ནམ་འཚོའི་བར་གྱི་གྱེས་བྲལ་ཡིན་པའང་གཏན་ནས་བསམ་མ་མྱོང་།

ཁྱིམ་མཚེས་ཀྱི་རོགས་པ་ཆུང་ཆུང་ཞིག་གིས་ང་སྒལ་པར་འཁྱེར་ནས་ཨ་མར་བལྟ་བར་འགྲོ་སྐབས།ཨ་མ་དཀའ་ཚེགས་ཆེན་པོས་དབུགས་རྔུབ་ལེན་བྱེད་བཞིན་འདུག་ཅིང་།དེ་ནི་ཁོང་གིས་ཚེ་གང་རིང་མྱངས་པའི་དཀའ་ཚེགས་ཆེ་བའི་འཚོ་བ་དང་གཉིས་སུ་མི་འདུག།མི་གཞན་གྱིས་ང་ལ་བཤད་པར་ངའི་ཨ་མ་དྲན་པ་མ་འཐོར་གོང་གི་ཆེས་མཐའ་མའི་སྐད་ཆ་ནི་ངའི་ན་ཚ་ཡོད་པའི་ཕྲུ་གུ་དང་ནར་མ་སོན་པའི་བུ་མོ་ཞེས་ཚིག་མཚམས་ཆད་སོང་ཟེར།

སླར་ཡང་སྟོན་ཁ་ཤར་བྱུང་།གཅུང་མོས་ང་འབུད་དེ་ལུག་མིག་མེ་ཏོག་ལ་བལྟ་བར་སོང་བས་མེ་ཏོག་སེར་པོ་ནི་འདྲ་ཆགས་ལ་མེ་ཏོག་དཀར་པོ་ནི་དྭངས་གཙང་དང་ལྡན་ཞིང་།མེ་ཏོག་རྒྱ་སྨུག་ནི་སེམས་རྩ་འཁོལ་ལ་བརྩེ་བ་ཟབ་ཅིང་།བཀྲག་མདངས་ལྷག་ཏུ་ཆེ་བའི་མེ་ཏོག་དེ་དག་སྟོན་རླུང་ཁྲོད་མཚར་སྡུག་རྣམ་པར་བཀྲ།ཨ་མ་ལགས་ཀྱིས་ཤོད་འཕྲོར་ལུས་པའི་བཀའ་མོལ་དེ་ངས་ཤེས་ལ་གཅུང་མོས་ཡང་རྟོགས་ཏེ།མཉམ་དུ་ཡག་པོ་བྱས་ནས་གསོན་པོར་འཚོ་དགོས།ཡག་པོ་བྱས་ནས་གསོན་པོར་འཚོ་དགོས་ཞེས་པ་དེའོ།།།།

མཆན་འགྲེལ།

བྱང་མཚོ། བྱང་མཚོ་ཞེས་པ་ནི་པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་སུ་ཡོད་པའི་སྤྱི་གླིང་ཞིག།

ལུག་མིག་མེ་ཏོག། རྒྱ་སྐད་ལ་菊花ཟེར།

ཧྥང་ཧྲན། 坊膳ཟེར་བའི་ཟ་ཁང་ཞིག།

ལི་ཀུའུ་དབྱི། རྒྱ་ནག་གི་གྲགས་ཅན་གཞས་མ།