བོད་ཀྱི་སུམ་རྟགས་གཉིས་ཀྱི་ཐད་ནས། ལྷམ་ཀོག

473/545

དེ་ཡང་གངས་རི་དཀར་པོའི་མུ་ཁྱུད་ས་ལ་ལྷུང་བ་ལྟ་བུའི་རང་རིས་བོད་གངས་ཅན་གྱི་ལྗོངས་འདི་འང་མི་རིགས་གཞན་དང་འདྲ་བར་ལོ་རྒྱུས་ཀྱི་ཡུན་རིང་བ། རིག་གཞུང་གི་དགེ་ཐོན་པ་ཞིག་ཡིན་པ་སྨོས་མེད་ཡིན་རུང་། རྒྱ་མཚོའི་རྦབ་རླབས་བཞིན་གཅིག་ཏུ་མི་གནས་པས་ཆགས་འཇིག་གི་ཡུལ་དུ་གྱུར་ཡོད་པ་འང་སུ་ཞིག་གིས་འགོག་ཐུབ། མི་རིགས་ལ་ཆགས་འཇིག་ཅི་ལྟར་བྱུང་བ་བཞིན་མི་རིགས་དེའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སྐད་ཡིག་དང་བཅས་པའང་སོ་ན་གནས་པ་ཞིག་ག་ལ་ཡིན། དེའི་རྐྱེན་གྱི་བོད་གངས་ཅན་པའི་སྒྲ་རིག་པ་འམ་བརྡ་སྤྲོད་རིག་པ་འདི་ལ་འང་བརྡ་རྙིང་དང་བརྡ་གསར་སོགས་ཀྱི་དབྱེ་བ་བྱུང་ཞིང་། དེ་ལས་གཞན་ཡིག་སྐད་དང་ཁ་སྐད་སོགས་ཀྱི་དབྱེ་བ་འང་བྱུང་ཡོད། གོང་གསལ་ལོ་རྒྱུས་དག་ལ་བལྟས་ནས་དཔྱད་ན་འདི་ནི་མིའི་རིགས་གང་ཡིན་རུང་སྐད་ཡིག་འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག་ཏུ་འང་ངེས་ཡོད། ཐོག་མར་ཁ་སྐད་དང་ཡིག་སྐད་ཀྱི་དབྱེ་བ་འདི་དུས་ནམ་ཞིག་ལ་བྱུང་བའི་ཐད་ནས་དཔྱད་དགོས་ཤིང་། དེ་འང་གཙོ་བོ་བོད་རང་གི་ཡི་གེ་ཨང་གཉིས་པར་བྱུང་བ་དང་། ཁ་སྐད་འདི་ཨང་དང་པོར་བྱུང་བ་ང་ཚོས་རྩོད་མེད་དུ་ཤེས་ཀྱང་། ཅུང་ཉོག་དྲ་ཅན་གྱི་ལམ་དུ་གནས་ཡོད་པ་ནི་ཡི་གེ་འདི་དུས་ནམ་ཞིག་ལ་བྱུང་བའི་ལོ་རྒྱུས་འདི་ལ་བཞེད་པ་མང་བོ་འདུག་པས་གཅིག་ཐག་ཅིག་གཅོད་མི་ཐུབ་པ་དེ་རེད། དེའི་ཕྱིར་ཁོ་བོས་འདི་ནས་ཡི་གེ་འདི་དུས་སུ་བྱུང་ཞེས་ཐག་གཅོད་བྱེད་མི་ཐུབ་རུང་། སློབ་དཔོན་ཐོན་མི་ནི་བོད་ཀྱི་སྐད་ཡིག་ལ་བསྒྱུར་བཅོས་བྱེད་མཁན་གྱི་མཁས་པ་ཞིག་དང་། ནང་བསྟན་གྱི་གཞུང་ལུགས་བོད་དུ་སྒྱུར་མཁན་གྱི་ལོ་ཙྰ་བ་ཞིག་ཏུ་བལྟས་པའི་ངོས་ནས་བཤད་རྒྱུ་ཡིན། དེ་ན་སྒྲ་རིག་པའམ་བརྡ་སྤྲོད་རིག་པ་འདི་ལ་འང་ཐོན་མིས་བསྒྱུར་བཅོས་གང་ལེགས་གནང་ཡོད་པ་བཤད་མ་དགོས་པ་ཞིག་ཡིན་རུང་། ཅུང་བསམས་དགོས་པ་ཞིག་ལ་ད་ལྟའི་བོད་ཀྱི་སྒྲ་རིག་པའི་གཞུང་དུ་བྱེད་པའི་སུམ་རྟགས་གཉིས་ཁོང་གིས་བརྩམ་ཆོས་ཡིན་མིན་ལ་དོགས་པ་ཆེན་པོ་འདུག་མོད། དེ་སྐབས་འདིའི་དཔྱད་བྱ་མ་ཡིན་པས་གཞན་དུ་ཤེས་པར་བྱ། སྐབས་འདིའི་དཔྱད་བྱ་ནི་སྒྲ་རིག་པའི་འཕེལ་ཕྱོགས་དེ་ཡིན་པས། སློབ་དཔོན་གྱིས་བསྟན་བཅོས་ཆེན་མོ་བརྒྱད་བརྩམས་པ་དེས་བོད་ཀྱི་སྒྲ་རིག་པར་དབྱེ་མཚམས་ཆེན་པོ་བཞག་ཡོད་པར་ངེས་ཀྱང་། འདི་དང་གན་ཞེས་ཁོ་བོས་ནི་བཤད་ཐུབ་གི་མི་འདུག གང་ལྟར་སྐབས་དེ་ལ་མི་རིགས་གཞན་གྱི་རིག་གནས་ནང་འདྲེན་བྱས་པ་དང་། བོད་ཆེན་པོའི་སྒྲ་རིག་པ་འམ་བརྡ་སྤྲོད་རིག་པ་འདི་རྒྱ་ཆེ་རུ་བཏང་བའི་ཕྱག་རྗེས་ནི་ཡོད་དུ་མཆི། དེ་ནས་བོད་བཙན་པོ་དག་གི་རིང་ལ་བཀས་བཅད་སྣ་ཚོགས་ཤིག་བྱས་པ་དེ་འང་སྐད་དང་ཡི་གེ་གཉིས་གཅིག་ལ་གཅིག་བརྟེན་གྱི་ལམ་དུ་འགྱུར་དགོས་པའི་རྨང་གཞི་ཞིག་བཏང་བ་ཡིན་པར་སྙམ། ལྷག་པར་བཀས་བཅད་གསུམ་པའི་སྐབས་སུ་འ་མཐའ་བསྡུ་ཚུལ་སོགས་ཡི་གེ་ཟོར་ཡང་བའི་ཕྱོགས་སུ་བསྐྱོད་ནས་ཚན་རིག་རང་བཞིན་ཡོད་པའི་གོང་འཕེལ་བྱུང་ཡོད། དེ་ལྟར་བོད་བཙན་པོའི་དུས་ནས་བོད་སིལ་བུའི་བར་དུ་སྒྲ་སྦྱོར་བམ་གཉིས་སོགས་སྒྲ་རིག་པའི་ཕྱོགས་སུ་གཏོགས་པའི་བསྟན་བཅོས་དང་། བཀས་བཅད་གྱི་རིམ་པ་འདི་ལ་གཞིགས་ན་བོད་ཀྱི་སྒྲ་རིག་པའི་གཞུང་གི་ཐད་གོང་འཕེལ་སོང་ཡོད་རུང་། བོད་སིལ་བའི་དུས་ཀྱི་སྒྲ་རིག་པའི་གཞུང་གི་འཆད་ཉན་དེ་འདྲ་མེད་པར་སྙམ། འུ་ཅག་གི་མིག་གི་སྤྱོད་ཡུལ་དུ་གྱུར་བའི་སུམ་རྟགས་རིག་པའི་འགྲེལ་བ་སའི་རྡུལ་གྲངས་དང་མཉམ་པ་འདི་དག་ནི་བོད་སིལ་བའི་དུས་སུ་བྱུང་བ་མ་གཏོགས་བོད་བཙན་པོའི་དུས་སུ་བྱུང་བ་ནི་མི་འདུག ལྷག་པར་དུ་བོད་བཙན་པོའི་དུས་ཀྱི་རྡོ་རིང་དང་ཅོང་ཡིག་སོགས་ལ་བལྟས་ན་སྔོན་རྗེས་མང་གསུམ་ལ་གཏན་ཆགས་རང་བཞིན་ཡང་བྱུང་མེད་པའི་སྣང་བ་སྟེར།

བོད་ཀྱི་སྒྲ་རིག་པར་བལྟས་པ།

ལྷག་པར་དུ་བོད་སིལ་བའི་དུས་ཀྱི་མཁས་པའི་ཡང་རྩེ་ས་སྐྱ་བ་ཡབ་སྲས་ནི་བོད་ཀྱི་སྒྲ་རིག་པར་ཕྱག་རྗེས་འཇོག་མཁན་གྱི་གཙོ་བོར་ཁས་ལེན་དགོས་སམ་སྙམ། རྗེ་བསོད་ནམས་རྩེ་མོའི་གསུང་བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་བཤད་དང་ ས་པཎ་གྱི་ཡི་གེ་སྦྱོར་བ་གཉིས་ནི་བོད་ཀྱི་ད་ལྟའི་བརྡ་སྤྲོད་རིག་པའི་གཞུང་འདིའི་རྨང་གཞི་དངོས་ཡིན་པར་འདོད། ལྷག་པར་དུ་བསྟན་བཅོས་ཕྱི་མ་དེ་བོད་ཀྱི་སྒྲ་རིག་པའི་ཕྱི་མོ་སུམ་རྟགས་གཉིས་ཀྱི་རྩ་བ་ལྟ་བུར་གྱུར་ཡོད་ཚུལ་དེང་གི་ལོ་རྒྱུས་སྨྲ་བའི་དབང་པོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་གསལ་ནང་མཛད་འདུག ཁོང་གི་དཔྱད་རྩོམ་དེ་ལས་ས་པཎ་གྱི་ཡི་གེ་སྦྱོར་བ་དང་སུམ་རྟགས་རྩ་བ་གཉིས་ལྷན་སྦྱར་བྱས་ཏེ་ཞིབ་མོར་དཔྱད་ཡོད་པས་མི་ཚད། སུམ་རྟགས་གཉིས་ནི་ཤོང་ལོ་ཙྰ་བ་ལྟ་བུ་ཞིག་གིས་ཡི་གེ་སྦྱོར་བ་སྟབས་ཅེ་བདེ་རུ་བཏང་བ་དང་གོ་རིམ་བསྒྲིགས་སྟངས་ཅུང་ལེགས་བཅོས་བྱས་པ་མ་གཏོགས་གཅིག་པ་གཅིག་མཚུངས་ཡིན་ཚུལ་གསུངས་འདུག་པ་དང་། དེ་གཉིས་ཀྱི་སྔོན་དུ་བརྩམས་པའི་བསྟན་བཅོས་ཡི་གེ་སྦྱོར་བ་ཡིན་ཚུལ་ཚིག་གི་སྦྱོར་བ་དང་སྡེབ་སྟངས་གང་ཕྱོགས་ནས་བལྟས་ན་འཁྲུལ་མེད་དུ་གོ་ཚུལ་བཤད་འདུག ད་རུང་སུམ་ཅུ་བའི་མཆོད་བརྗོད་སྐབས་སུ་དཔྱད་ན་འང་ཐོན་མིས་བརྩམས་པ་ཞིག་མིན་པ་ཧ་གོ་འོང་བར་བཤད། སུམ་ཅུ་བའི་མཆོད་བརྗོད་སྐབས་སུ་བླ་མ་ལ་ཡང་ཕྱག་འཚལ་ནས་ཞེས་པ་དང་། མཇུག་ཏུ་བླ་མའི་མན་ངག་གསུམ་སྦྱར་ནས་ཞེས་པའི་སྐབས་སུ་སྤྱད་པའི་བླ་མའི་ཐ་སྙད་དེ་སློབ་དཔོན་ཐོན་མི་དུས་ཀྱི་བསྟན་བཅོས་གང་གི་སྐབས་སུ་འང་མི་འབྱུང་བར་མ་ཟད། དུས་རབས་བརྒྱད་པའི་ཁྲི་སྲོང་ལྡེ་བཙན་སྐབས་སུ་ཡང་བྱུང་བ་ཉུང་ཞིང་རེ་གཉིས་བྱུང་བ་དེ་འང་དེང་གི་བླ་མ་ཞེས་པའི་གོ་ཚུལ་འདི་འམ་ཡང་ན་སུམ་ཅུ་བའི་མཆོད་བརྗོད་སྐབས་ཀྱི་བླ་མ་ཞེས་པ་དེ་དང་སྦྱོར་ཚུལ་གཏན་ནས་མི་འདྲ་ཚུལ་དོན་དངོས་དང་མཐུན་པ་མང་དག་ཅིག་གསུངས་འདུག ད་དུང་དེ་ལས་གཞན་སུམ་རྟགས་རང་གི་འཕྲིན་ལས་རྒྱས་སྟངས་སམ་འཆད་ཉན་གྱི་འཇུག་པ་འང་བོད་སིལ་བའི་དུས་སུ་ཡིན་པ་གསལ་བཤད་གནངས་ཡོད། བོད་ཀྱི་སུམ་རྟགས་གཞུང་ལུགས་འདི་རྩ་ཆེན་པོ་ཡིན་པ་ང་ཚོས་འདི་ལྟའི་ཤེས་བཞིན་དུ། བོད་བཙན་པོའི་དུས་ཀྱི་ལོ་ཙྰ་བ་བརྒྱ་ཕྲག་མང་པོས་འགྲེལ་གཅིག་ཀྱང་གནངས་མེད་པ་འདི་དང་། དེ་ལས་གཞན་བོད་བཙན་པོའི་དུས་སུ་ཡིག་སྐད་དང་ཁ་སྐད་ཉེ་བ་དང་། སྡེ་བ་གཅིག་གི་ཡི་གེ་རྣམས་བཀོལ་ཚུལ་གྱི་ཐད་ནས་ཀྱང་ཁྱད་པར་ཆེན་པོ་མི་འདུག་ཚུལ་སོགས་མང་དུ་གསུངས་འདུག དཔེར་ན་བཙན་པོ་ཁྲི་སྲུང་ལྡེ་བཙན་གྱི་རིང་ལ་གཞུང་ཐོག་ནས་བཙུགས་པའི་རྡོ་རིང་ངོས་ཀྱི་ཡི་གེ་དག་ལ་བལྟས་ན། མིང་གཞི་ཅ་དང་ཆ་པ་དང་ཕ་སོགས་ཅི་བདེར་སྦྱར་བའི་འཐུས་པར་བྱས་པ་སོགས་ཀྱིས་ང་ཚོར་སྔ་ན་མེད་པའི་གསལ་ཁ་བྱས་འདུག མུ་འགོད།

ཡོང་ཁུངས། ན་གཞོ་གསར་བ།