གྲོགས་པོ་མེད་ལ་དགྲ་བོ་ཡང་མེད། གྲངས་ཚན་དེ་བས་ཀྱང་ཅི། སེང་རྡོར།

472/545

___བོད་མི་ཟིན་བྲིས་པ་ཚོའི་བྱེད་སྟངས་དང་ཁེར་རྐྱང་གཞན་ཞིག

 

གང་དུ་གྲོགས་པོའི་འདུ་ཤེས་ཐལ་དྲགས་པ་ཡིན་ན། དེ་རུ་ཡབ་སྲས་གསུམ་མམ་རྒྱལ་བ་རིགས་ལྔ་སོགས་ཀྱི་གྲངས་ཚན་ཆགས་ཡོང་། གང་དུ་ཡབ་སྲས་གསུམ་དང་རྒྱལ་བ་རིགས་ལྔ་སོགས་ཀྱི་གྲངས་ཚན་ཡོད་ཚེ་དེ་རུ་ལྟོས་མེད་ཀྱི་གྲོགས་པོ་དང་ཚབས་ཆེ་བའི་མཐུན་སྒྲིལ་ཡོད་པ་ཡིན། ལྟོས་མེད་ཀྱི་གྲོགས་པོའམ་ཚབས་ཆེ་བའི་མཐུན་སྒྲིལ་དེའི་མིང་འདོགས་གཞན་ལ་མི་སྒེར་དང་ཚོགས་པ་རྒྱལ་ཁབ་གང་གི་ངོས་ནས་ཀྱང་ཐལ་མཐའ་བ་ཞེས་འབོད་དོ།

ཐུགས་རྗེ་ཆེན་པོ་དང་འཇམ་དབྱངས་དང་གསང་བདག་གསུམ་གྱིས་ཕན་ཚུན་དགག་པ་བྱ་མི་སྲིད་པ་རེད། ཁོང་ཚོས་ཁོང་ཚོར་རྟག་པར་སྐྱོན་གྱིས་མ་གོས་སྐུ་མདོག་དཀར་སོགས་ཀྱི་བསྟོད་དབྱངས་ལེན་རྐྱང་བྱེད་པ་རེད། རྒྱུ་མཚན་ཁོང་ཚོ་མ་གཞི་ནས་གྲངས་ཀྱི་སྡེ་ཚན་ཞིག་ཡིན་པས་སོ། སྤྱིར་བཏང་དགག་པ་མང་ཆེར་ཞིག་བརྟན་མ་བཅུ་གཉིས་དང་ཉེ་བའི་སྲས་ཆེན་བརྒྱད་སོགས་ཀྱིས་གྲངས་ཚན་མེད་པ་དག་ལ་ཐུབ་ཚོད་གཏོང་སྟངས་ཤིག་ཡིན་ཨང་། –ཡ་དང་རྐྱང་པ་དག་གི་ཁེར་ཆད་ཀྱི་སྒལ་པའང་དེ་དུས་མངོན་ཐུབ།

མི་ཕལ་ཆེ་བ་གཅིག་པུར་འགྲོ་བར་ཤིན་ཏུ་སྐྲག ཡང་སྒོས་བྱིས་པ་དག་མཚན་མོ་གཅིན་ཐོག་ཏུ་འགྲོ་བར་ཡང་དཔུང་བསྡོངས་བྱེད་དགོས། མ་གཞི་གྲངས་ཚན་བསྒྲིགས་རྒྱུར་དགའ་བ་འདིའང་མིའི་གཉུག་གཤིས་ཤེས་པ་དེ་ཡིན་ཚོད། བྱིས་པ་དག་གི་ངོས་ནས་གྲངས་ཚན་མ་བསྒྲིགས་ན་ཁོ་པ་ཚོ་ཧྲིལ་པོ་གཅིག་ཆགས་ཐུབ་ཀྱི་མེད་པ་དང་། ཁོ་ཚོས་སྙམ་ན། བཅུ་ཡིས་གཅིག་ལ་ལམ་འཁྲིད་མ་བྱས་ན་ཕྱིར་འོང་སའི་སྒོ་མོ་མི་རྙེད་པར་འདོད། ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་དེས་དབུལ་ཕྱིན་མི་ཕལ་ཆེ་བ་དཔུང་བསྡོངས་དང་ཁྱུ་འདྲེས་དང་གྲལ་བསྡེབས་ཀྱིས་འཚོའོ། སྤྱི་ཚོགས་མ་ལག་གཞན་དག་གི་ངོས་ནས་དེ་ལྟར་ཡིན་འོས་པ་ཞིག་རེད་མོད་བསམ་བློ་ལྟ་ཚུལ་གྱི་ངོས་ཀྱང་འདི་འདྲ་ཡིན་པ་ཧང་སང་བ་ཞིག་མ་རེད་གྲང་། ཡང་ན་དཀྱུས་མ་དག་ལ་དེ་ལྟར་ཡིན་དུ་ཆ་ཡང་། ཤེས་རབ་ཅན་དང་ཤེས་ཡོན་ཅན་ཆགས་རྒྱུ་ཟེར་མཁན་དག་ཀྱང་ལམ་ཁ་དེར་ཚུད་པ་འགྲེལ་མི་འགྲོ་བ་ཞིག་ཅི་ལ་མིན།

ཁག་མེད་ཀྱང་སྲིད་སྲིད། གྲངས་ཚན་དེ་དག་མི་སྣ་སུ་ཡིས་དངོས་སུ་སྒྲིག་འཛུགས་བྱས་པ་མ་ཡིན་པར། གང་ཟག་རང་རང་གི་སྙི་ལ་མ་སྨིན་པའི་བག་ཆགས་རིགས་ཤིག་གིས་སྦྲེལ་ཏེ་ཡོད། དཔེར་ན་ཨོ་ལི་ཧྥེར་ལ་ཁ་རྡུང་གཏོང་མཁན་གྱི་རྔ་བྱ་དེ་དག་དང་མཚུངས་སོ།

གྲངས་ཚན་བསྒྲིགས་མཁན་ཁོ་ཚོས་ཤེས་རབ་ཅན་གཞན་གྱིས་བཤད་པའི་མི་བུ་བྱེ་བྲག་པ་ནས་མགོ་རྩོམ་ཚུལ་སོགས་ཀྱང་གོ་ཁུལ་སྟོན་མོད། གྲངས་ཚན་གྱི་དབང་གིས་སྤྱི་དང་ཚོགས་པ་སོགས་ཕྱི་རུ་འབུར་ཏེ་ཁེར་ཚུགས་ཀྱི་རང་ཉིད་དང་སྒེར་མིའི་དྲན་པ་སོགས་སྦུབས་ནས་སྦུབས་སུ་ཞ་བཞིན་ཡོད། ཁོ་ཚོས་རྒྱུན་དུ་ཕ་ཡུལ་གཅིག་པ་ཡིན་ཟེར་ནས་དང་རིགས་རུས་གཅིག་པ་ཡིན་ཟེར་ནས་དང་ཆོས་རྒྱུད་གཅིག་པ་ཡིན་ཟེར་ནས་དང་དགའ་ཕྱོགས་གཅིག་པ་ཡིན་ཟེར་ནས་དང…… གཏམ་འཇམ་པོ་དེ་དང་འདི་མེད་པ་ཞིག་སྤྱད་དེ་གྲོགས་པོའམ་གྲངས་ཚན་སྒྲིག་གི་ཡོད་པ་རེད། ཡ་ལ་ཡུན་གྱིས་ཁོ་ཚོར་སྐད་ཆ་བཙན་པོ་ངོ་ལ་མི་ཞོག་པའི་གྲོགས་པོ་ཡོད་པར་གྱུར་ལ་སྐད་ཆ་བཙན་པོ་ཅིས་ཀྱང་ངོ་ལ་འཇོག་དགོས་པའི་དགྲ་བོ་ཡང་ཡོད་པར་གྱུར། དཔུང་བསྡོངས་བྱས་ཏེ་སྲོག་བསྐྱབ་ཏུ་འགྲོ་དགོས་པའི་སྤུན་ཟླ་ཡོད་པར་གྱུར་ལ། གྲལ་བསྡེབས་བྱས་ཏེ་ཚར་གཅོད་དུ་འགྲོ་དགོས་པའི་ཤ་པའང་ཡོད་པར་གྱུར། བཙོག་རུང་ཡག་གི་བཤད་དགོས་པའི་བསྙོར་བྱ་སྣ་ཚོགས་ཡོད་པར་གྱུར་ལ་། ལེགས་ཀྱང་དམན་སོང་བཤད་དགོས་པའི་གཞོམ་བྱ་ཉུང་ངུའང་ཡོད་པར་གྱུར་ཏོ།

གྲངས་ཚན་བསྒྲིགས་མཁན་དེ་ཚོར་མཐར་གཏུགས་ན་ཁ་མང་པོ་ཞིག་དགོས་ཀྱི་ཡོད་པ་དེ་རེད། ཁོ་ཚོས་ཁ་མང་པོ་མཉམ་དུ་གདངས་ན་འུར་ཆེན་པོ་ཡོད་པར་འདོད། དེ་ནི་ཁོ་ཚོའི་བསྡུར་སྟངས་ཤིག་རེད། ཁོ་ཚོས་གཞར་ཡང་ཁ་གཅིག་དང་ཁ་བརྒྱའི་ཧེ་བག་བསྡུར་ནས་གནས་ལུགས་སྟོན་ཁུལ་བྱེད། ཁོ་ཚོ་སད་རུང་གཉིད་རུང་གྲོགས་པོ་ཞེས་པ་ཞིག་དགོས་ཀྱིན་ཡོད་ལ་གནད་འགག་གི་སྐབས་སུ་ཧ་ཅང་མང་པོ་དགོས་ཀྱི་ཡོད། གྲོགས་པོ་ཇི་ལྟར་གསལ་ན་དགྲ་བོའང་དེ་ལྟར་དུ་གསལ་གྱིན་པ་ཁོ་ཚོས་བྱེད་སྟངས་ཀྱིས་ཧ་གོ་ཡོང་། ལར་ན་སྐྱིད་སྡུག་བཤད་སའི་སེམས་མཐུན་རེ་ཟུང་ཡོད་ན་སྐྱོན་དུ་ག་ལ་འགྱུར་མོད། བཤད་དུས་རྩོད་དུས་འཁོན་དུས་ནམ་དུའང་བརྒྱ་ཕྲག་མང་པོ་ཞིག་གིས་བསྐོར་ཏེ་མ་སོང་ན་ས་ཆོད་མེད་པ་འདི་ཇི་འདྲའི་སྐྱོ་བ་ལ།

གྲངས་ཚན་བསྒྲིགས་པར་དགའ་བོ་མེད་མཁན་དག་ལ་གྲོགས་པོ་ཞེས་པ་ཞིག་གཞར་ཡང་ཡོད་མི་སྲིད། དེ་ཟེར་དོན་ནི། ཁོ་ཚོས་སྐྱེ་བོ་ཐམས་ཅད་ལ་འགྲོ་བ་མིའི་ཐོབ་ཐང་དང་ཀུན་ཁྱབ་རིན་ཐང་སོགས་ཀྱི་ངོས་ནས་མཉམ་པོར་ལྟ་བཞིན་ཡོད་པས་གཞོམ་བྱའི་དགྲ་བོ་ཞིག་ལོགས་སུ་རྙེད་མི་ཐུབ་པ་ཡིན། གང་ཞིག་དགྲ་བོའི་མཚན་གཞིས་སྟོངས་པ་དེར་གྲོགས་པོ་ཞེས་པ་ཞིག་ལྷག་ཏུའང་ག་ལ་སྲིད་དེ་མི་སྲིད་དོ།

ཕྱི་གླིང་གི་སློབ་དཔོན་ཆེན་མོ་ཞིག་ན་རེ། འཇིག་རྟེན་འདིར་མི་སུ་ལའང་ལྟོས་མེད་ཀྱི་གྲོགས་པོ་མེད་ལ་ལྟོས་མེད་ཀྱི་དགྲ་བོའང་མེད་དོ་ཟེར། ཧ་ཧ། སྐད་ཆ་འདི་འདྲ་གོ་དུས་རང་རེའི་བྱིས་པ་དག་གིས་གཅིན་མཚམས་བཅད་དེ་སོ་སོའི་གྲོགས་པོའི་ལྟག་རྒྱབ་ཏུ་འབྲོ་སྲིད་དམ། འབྲོ་སྲིད་དམ།

2011.5.9