བྱང་རྭ་སྒྲེང་དགོན།

468/545

        བྱང་རྭ་སྒྲེང་དགོན་ནི་བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ་དྲུག་ཅུ་ཙམ་འདས་པའི་སར་ཆགས་ཡོད། དེ་ནི་འཕགས་ཡུལ་གྱི་པཎྡི་ཏ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་རྭ་སྒྲེང་དུ་བྱོན་ནས་ཐོག་མར་གནས་ཀྱི་བརྟག་པ་མཛད་པའི་ཚེ་ཕྱོགས་ཐམས་ཅད་དགེ་མཚན་བརྗོད་ཀྱིས་མི་ལངས་ཤིང་ས་དཔྱད་ཕུན་སུམ་ཚོགས་པ་ཡོད་པ་གཟིགས་ཏེ་བོད་རབ་བྱུང་དང་པོའི་མེ་ཕོ་ལོ་སྟེ་སྤྱི་ལོ་༡༠༥༦ནས་བཟུང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའི་འདུས་སྡེ་ཆེན་པོ་དེ་ཕྱག་འདེབས་པར་མཛད་པས་བཀའ་གདམས་ཀྱི་ཆུ་བོ་ཆེན་པོ་གངས་ནས་འབྱུང་བའི་ཁུངས་མ་དྲོས་མཚོ་དང་མཚུངས་པར་གྱུར།

  སྤྱིར་རྭ་སྒྲེང་ཞེས་པའི་མཚན་འདི་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་རྭ་ནི་ཉོན་མོངས་རྡུལ་དང་བྲལ་བ་སྟེ། ཆོས་ཀྱི་སྒོ་མོ་ཡིན་པར་གསུངས། ཉོན་མོངས་རྡུལ་བྲལ་ཆོས་ཀྱི་སྒོ། སྲིད་རྩེའི་མཐར་ཐུག་སྒྲེང་བར་བྱེད། ཅེས་གསུངས་པ་ལྟར་ཉོན་མོངས་བག་ཆགས་ཀྱི་རྒྱུ་དང་བྲལ་ཞིང་སངས་རྒྱས་ཀྱི་བསྟན་པ་སྲིད་པའི་རྩེ་མོར་སྒྲེང་བར་བྱེད་པས་མིང་དུའང་དེ་ལྟར་ཆགས་པར་གྲགས་སོ།

  རྭ་སྒྲེང་དགོན་གྱི་རྟེན་གྱི་གཙོ་བོ་ནི་ཇོ་བོ་འཇམ་དཔལ་རྡོ་རྗེ་དེ་ཡིན་ཞིང་གཞན་ཡང་སྐུ་གསུང་ཐུགས་རྟེན་བྱིན་ཅན་གྲངས་ལས་འདས་པ་བཞུགས་ཡོད་ལ་དགོན་གྱི་བྱང་ཤར་མཚམས་ཀྱི་རི་ལྡེབས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བའི་ས་དཔྱད་ཡོད་སར་འབྲོམ་རང་གི་བཞུགས་ཁྲི་དང་མདུན་དུ་ཆོས་ཉན་པ་པོ་བརྒྱ་ཙམ་ཤོང་བའི་ས་གཤོངས་མཛད་ཡོད།

  གདན་རབས་རིམ་བྱོན་གྱིས་གདན་ས་བསྐྱངས་ཤིང་ཞིག་གསོས་ཀྱང་ཕུན་སུམ་ཚོགས་པར་མཛད། འོན་ཀྱང་ཕྱིས་ཀྱི་དུས་སུ་མེ་སྐྱོན་བྱུང་བའི་རྐྱེན་གྱིས་དགོན་པར་ཉམས་ཆག་ཆེན་པོ་བྱུང་བར་བརྟེན་བྱ་བཏང་རིན་ཆེན་བཟང་པོ་དང་འཇམ་དབྱངས་རིན་ཆེན་གྲགས་པ་གཉིས་ཀྱིས་ལྕགས་མོ་ཡོས་ཀྱི་ལོ་དཔྱིད་ཟླ་འབྲིང་པོའི་ཚེས་གཅིག་ནས་འགོ་བཙུགས་ཏེ་གཙུག་ལག་ཁང་དང་རྟེན་གསུམ་བཅས་ཉམས་གསོ་མཛད་དེ་དབྱར་ཐོག་གཅིག་གི་རིང་ལ་ལེགས་པར་གྲུབ་ཅིང་རབ་ཏུ་གནས་པའང་མཛད། ཕྱིས་སུ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཡང་ཡང་ཕེབས་ཏེ་ཟླ་བ་རེ་གཉིས་དེར་བཞུགས་ཏེ་ལྷ་ཆོས་ཀྱི་སྒོ་ནས་བསྐྱངས། ཁྱད་པར་ལྕགས་སྟག་ལོ་སྟེ་ལོ་སྟེ་སྤྱི་ལོ་༡༦༥༠ལོར་རྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་བཀའ་གདམས་གསར་རྙིང་གཉིས་ཀའི་བསྟན་པའི་རྩ་ལག་ཏུ་དགོངས་ཏེ་རྗེས་སུ་བརྩེ་བ་བླ་ན་མེད་པས་གཙུག་ལག་ཁང་སོགས་ལ་ཉམས་གསོ་དཔག་ཏུ་མེད་པ་མཛད། དེ་རྗེས་རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དགའ་ལྡན་ཁྲི་ཐོག་ང་བཞི་པ་ངག་དབང་མཆོད་ལྡན་གྱིས་རྭ་སྒྲེང་དགོན་པ་སྒེར་འཛིན་དུ་གསོལ་རས་ཞུས་པ་ལྟར་ཁོང་ལ་སྒེར་འཛིན་དུ་འབུལ་གནང་མཛད། ཁྲི་ཆེན་ངག་དབང་མཆོག་ལྡན་སྐུ་འདས་རྗེས་སྤྲུལ་སྐུ་ཁྲི་ཆེན་བསྟན་པ་རབ་རྒྱས་ལ་ཆིང་རྒྱལ་རབས་ཀྱི་གོང་མ་ཅྰ་ཆིང་ཁྲི་ལོ་ཉི་ཤུ་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕག་སྤྱི་ལོ་༡༨༦༥ལོར་གོང་མ་ཅྰ་ཆིང་གིས་སླར་ཡང་རྭ་སྒྲེང་དགོན་པ་དེ་རྭ་སྒྲེང་ཧོ་ཐོག་ཐུ་སྐུ་ཕྲེང་རིམ་བྱོན་ལ་སྒེར་འཛིན་དུ་གནང་བ་དེ་ནས་བཟུང་དགོན་པ་འདི་ཁྲི་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་བརྩེ་བ་བླ་ན་མེད་པའི་སྒོ་ནས་བསྐྱངས་ཤིང་། འཇམ་མགོན་བླ་མ་ཆེན་པོ་ཙོང་ཁ་པས་གནས་དེ་ཁྱད་དུ་འཕགས་པར་དགོངས་ཏེ་ཕེབས་ཤིང་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་བརྩམས་པར་མཛད་དོ།

  དབེན་པའི་གནས་མཆོག་ཏུ་གྱུར་པ་འདི་ཉིད་ཕྱི་ཚུལ་ལ་བལྟས་ན་ཉམས་དགའ་བ་དང་གནས་དེར་ཕྱིན་པ་ཙམ་གྱིས་སྐྱེ་བོ་ཐམས་ཅད་ཡིད་རབས་ཏུ་དྭངས་བར་བྱེད་པའི་ཁྱད་འཕགས་ཡོན་ཏན་དང་ལྡན་ལ་དད་གུས་སྤྲོ་གསུམ་གྱི་སྒོ་ནས་གནས་མཇལ་ཞུ་བ་དང་། ཕྱག་མཆོད། སྐོར་སྦྱོང་སོགས་མཛད་ན་འདི་ཕྱི་ཀུན་ཏུ་དགེ་བ་རྒྱལ་བ་འབྲོམ་སྟོན་པའི་ཞལ་ལས་གནས་འདིར་གང་དང་གང་གིས་གུས་མཆོད་ནས། གསོལ་བ་ཡུན་དུ་བཏབ་པ་དེ་ཉིད་ལ། འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀུན། དེ་ལ་མྱུར་བ་ཉིད་དུ་འགྲུབ་པར་འགྱུར། ཞེས་གསུངས་པ་ལྟར་ཚད་དོན་དང་ལྡན་པར་འགྱུར་བ་ཡིན་ནོ།

  དེ་ལྟར་རྭ་སྒྲེང་རྒྱལ་བའི་དབེན་གནས་ཞེས་བྱ་བ་གནས་ཆེན་བརྒྱ་རྩ་བརྒྱད་ཀྱི་འགོ་བོ། གངས་ཅན་པ་ཀུན་གྱི་སྤྱི་ཆོས་ཆུ་མིག་བརྒྱ་རྩ་བརྒྱད་ཀྱི་འགོ་བོ། བཀའ་གདམས་པ་ཀུན་གྱི་སྤྱི་མེད་གྲངས་མེད་རྒྱལ་བས་ལུང་བསྟན་པའི་གནས་མཆོག་འདི་ཡི་སྙན་གྲགས་ཀྱི་བ་དན་ཕྱོགས་ཀུན་དུ་གཡོ་བར་བྱས། འོན་ཀྱང་ལོ་བཅུའི་ཟང་ཟིང་ནང་དགོན་དེར་གཏོར་བཤིག་ཚབས་ཆེན་ཕོག་ནས་རྟེན་གྱི་གཙོ་བོ་ཇོ་བོ་འཇམ་དཔལ་རྡོ་རྗེ་དེ་ཡང་སྐུ་གསུང་ཐུགས་རྟེན་གཞན་དང་འདྲ་བར་གཏོར་སྐྱོན་བོར་བརླག་ཏུ་སོང་རུང་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ཚུན་ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་དོན་འཁྱོལ་བྱུང་ནས་རྭ་སྒྲེང་དགོན་དེ་ཡང་བོད་ས་ཁུལ་གྱི་དགོན་གཞན་དང་འདྲ་བར་སླར་གསོ་བྱུང་བ་མ་ཟད། ལྷག་པར་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཐུགས་རྗེས་ལོ་མང་རིང་མཇལ་རྒྱུ་མེད་པའི་ཇོ་བོ་འཇམ་དཔལ་རྡོ་རྗེ་དེ་སླར་ཡང་རྭ་སྒྲེང་དཔལ་གྱི་གཙུག་ལག་ཁང་དུ་གདན་ཞུ་ཐུབ་ནས་དེང་དུས་སྲིད་གཞུང་ནས་མཐོང་ཆེན་གྱིས་ཉམས་གསོ་བྱེད་བཞིན་མཆིས།

  རྭ་སྒྲེང་དགོན་འདི་ནི་སྤྱི་ལོ་ཨ༩༦༢ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏོགས་སོ།