རླུང་ཁ་ན་བསྐྱོད་པའི་ཨ་མ། སྟག་འབུམ་རྒྱལ།

466/545

སློབ་ཆུང་འཚོ་བ་དང་གྱེས་ཏེ་འབྲིང་རིམ་སློབ་གྲྭར་ཞུགས་ནས་ཏག་ཏག་ལོ་ངོ་དྲུག་འདས་སོང༌། ལོ་ཟླ་འདི་དག་གི་རིང་ལ་ནམ་རྒྱུན་ངའི་རྨི་ལམ་དུ་འཁོར་ཡོང་བ་ནི་ངེད་ཚང་གི་མདུན་རོལ་ཀྱི་དེའུ་འབུར་སྟེང་དར་ལྕོག་བཞིན་རླུང་གིས་བསྐྱོད་ ཀྱིན་པའི་ཨ་མའི་གཟུགས་བརྙན་དེ་རེད།

སྔོན་ཆད་སློབ་ཆུང་འགྲིམས་པའི་དུས་སུ་སློབ་གྲྭ་ནི་སྡེ་བའི་ནང་དུ་ཡོད་ཅིང་ཉིན་གཅིག་གི་ཟས་ཐུན་གསུམ་པོར་ཕྱིར་ཁྱིམ་ནང་དུ་ཡོང་དགོས་པས། ནམ་རྒྱུན་ཨ་མས་གཉེན་ཚན་དག་གིས་བྱིན་པའི་སྒོར་མོ་འགའ་བསགས་ཏེ་ཡོད་པ་མཐོང་ཚེ་ དེ་བསླངས་ཏེ་གཅེར་ལངས་བྱེད་མྱོང་ཞིང༌། ཨ་མས་ནམ་ཞིག་ཁོ་མོ་ཡང་རྫོང་མཁར་དུ་འགྲོ་དགོས་ཚུལ་བཤད་དེ་གཏན་ནས་སྟེར་འདོད་མ་བྱས་ཚེ་དེ་འཕྲལ་ཚིག་ལོན་ བསློགས་ཏེ་ཁ་འཛིང་བྱེད་པ་ཡང་རྒྱུན་ཆད་མ་མྱོང༌། དེ་དུས་སུ་ང་ལ་མཚོན་ན་ཨ་མས་ང་ལ་བཅངས་པའི་བྱམས་བརྩེ་ལ་ཡང་ཚོར་རྟོགས་ཅི་ཡང་བྱུང་མ་མྱོང་བར་ འདུག དོན་ངོ་མར་བཤད་ན་ངེད་ཚང་ལ་འབྱོར་འཁོས་ཧ་ཅང་ཞན་པོ་ཡོད་པའི་ཁར། ཁྱིམ་ནང་དུ་སྒོར་རྡོག་འགའ་ཡོད་ན་ཡང་ཨ་ཕའི་ལག་ཏུ་ཡོད་ཅིང༌། ཨ་ཕས་དུས་རྒྱུན་ཁྱིམ་ནང་གི་འཚོ་བའི་དོན་དུ་སྒོར་མོ་འགའ་བོ་གྲོན་ཆུང་བྱེད་ཀྱིན་ ཚོང་རྩག་རྩིག་ཅིག་རྒྱག་ན་ཡང་ཁོ་རང་དངོས་སུ་ཉོ་རུ་འགྲོ་བ་ལས་ཨ་མ་ནི་རྫོང་ མཁར་དུ་ཐེངས་གཅིག་ལ་ཡང་འགྲོ་མ་མྱོང་བ་རེད།

སློབ་ཆུང་མཐར་ཕྱིན་ནས་རྫོང་མི་རིགས་སློབ་འབྲིང་དུ་འགྲོ་བའི་སྐབས་སུ་ ཨ་ཕས་ང་རང་རྟའི་འཕོངས་ལ་བཟུང་ནས་རྫོང་མཁར་དུ་སྐྱེལ་རྩིས་བྱེད་ཀྱིན་ཡོད། ཉིན་དེར་ཨ་མས་གཞི་ནས་ཁ་རང་བྲང་ཁར་སྦྱར་ནས་མིག་ཆུ་བཏོན་བྱུང་ལ། གྱེས་ཁར་ད་དུང་ཕུ་ཐུང་བར་ནས་ཡུན་རིང་བོར་ཁོ་མོ་རང་ཉིད་ཀྱིས་ཀྱིས་བཀོལ་མ་ཕོད་པར་བསགས་ཡོད་པའི་སྒོར་ཉི་ཤུ་ཐམ་པ་དེ་བླངས་ནས་ངའི་ལག་ཏུ་བཞག་ཅིང༌། རྒྱ་གྲོང་ནས་རང་ཁྱིམ་ལྟར་ཁ་སྐྱིད་པོ་མེད་པས་ཟ་མ་ཟ་སྤྱད་བྱོས་ཞེས་བཤད་བྱུང༌། སྐབས་དེར་ངའི་སེམས་ལ་ཁོ་མོ་ཅིས་ཀྱང་རྫོང་མཁར་དུ་འགྲོ་མི་ཐུབ་པས་སྒོར་མོ་དེ་ང་ལ་སྟེར་འོས་པ་ཞིག་རེད་སྙམ་བྱུང༌། ཨ་ཕ་དང་ངེད་གཉིས་རང་ཁྱིམ་དང་རྒྱང་རིང་བའི་ས་རུ་སླེབས་དུས་སུ་ངས་ཕྱི་མིག་བལྟས་པ་ན། ཨ་མ་ནི་ད་དུང་ཡང་རང་ཁྱིམ་གྱི་མདུན་གྱི་དེའུ་འབུར་སྟེང་དུ་འགྲེང་སྟེ་ང་རང་སོང་བའི་རྗེས་ཕྱོགས་སུ་བལྟས་ནས་འདུག་པ་མཐོང༌། སྐབས་དེར་ང་རང་རྫོང་མཁར་དུ་སློབ་གྲྭར་འགྲོ་བར་ཉམས་འུར་ལངས་ཀྱིན་ཡོད་པས་ཨ་མའི་བཟོ་ལྟ་དེ་ལ་རང་དབང་མེད་པར་དགོད་བྲོ་བའི་སྣང་བ་ཞིག་སྐྱེས་བྱུང༌།

དེ་ནས་བཟུང་ནམ་རྒྱུན་སློབ་གྲྭར་གུང་གསེང་བཏང་སྟེ་ང་རང་ཕྱིར་ཡུལ་དུ་ལོག་པའི་ཚེ་དང༌། སློབ་གྲྭ་འཚོགས་རན་ལ་སླེབས་ཏེ་ཕར་སློབ་གྲྭར་འགྲོ་བའི་སྐབས་དག་ཏུ། ནམ་རྒྱུན་ཨ་མ་གཅིག་པུ་ཕྱི་རོལ་གྱི་དེའུ་འབུར་སྟེང་དུ་ལངས་ཏེ་ང་རང་རྒྱང་རིང་དུ་འགྲོ་བར་མིག་སྐྱེལ་དང་རྒྱང་རིང་ནས་ཡོང་དུས་ཕེབས་བསུ་བྱེད་ཀྱིན་ ཡོད། ཐེངས་ཤིག་དགུན་ཁའི་གུང་གསེང་བཏང་སྟེ་ཕྱིར་ཡུལ་དུ་ལོག་པའི་སྐབས་སུ་རླུང་ཆེན་གཡུགས་བྱུང༌། ས་རྡུལ་གྱིས་གནམ་ས་ཁེངས་ཤིང་རླུང་ཤུགས་ཀྱིས་ལམ་དུ་འགྲོ་དཀའ་བ་བྱུང་བས། ང་དང་སློབ་གྲོགས་ཤིག་ལམ་འགྲམ་གྱི་ཁྱིམ་ཚང་ཞིག་ཏུ་ཕྱིན་ནས་རླུང་གཡོལ་བྱས་ཏེ་ཕྱི་དྲོའི་དུས་སུ་རླུང་ཤུགས་ཇེ་འཇགས་སུ་གྱུར་མཚམས་ཡུལ་དུ་ལོག་པས་ཉི་མ་ནུབ་ཁའི་དུས་མ་གཏོགས་ཁྱིམ་དུ་སླེབས་མ་ཐུབ། བསམ་ཡུལ་ལས་འདས་པ་ཞིག་ལ། ང་རང་རང་ཁྱིམ་དང་ཐག་མི་རིང་བའི་སར་སླེབས་དུས་སུ་གཞི་ནས་ཨ་མ་ད་དུང་ཕྱི་རོལ་གྱི་དེའུ་འབུར་སྟེང་དུ་ལངས་ཏེ་ང་རང་ལ་སྒུག་འདུག་པ་མཐོང་བྱུང༌། ཕལ་ཆེར་ཁོ་མོ་ཕྱི་དྲོ་ཧྲིལ་བོར་འདི་ལྟར་རླུང་ནང་དུ་ལངས་ཏེ་ང་རང་ཡོང་བར་རེ་སྒུག་བྱས་པ་ཡིན་འདུག སྐབས་དེར་རླུང་ཆེན་ཅུང་འཇགས་ཡོད་ན་ཡང་ལྷགས་ངར་སྔར་བས་ཆེ་རུ་ཕྱིན་འདུག་པས་ཁོ་མོའི་ལྭ་བ་རླུང་གིས་ལྷབ་ལྷབ་ཏུ་བསྐྱོད་ཀྱིན་འདུག་ཅིང༌། རྒྱང་ནས་བལྟས་ཚེ་ཁོ་མོ་ནི་རླུང་ཟད་དུ་གྱུར་བའི་དར་ལྕོག་རྙིང་བ་ཞིག་དང་འདྲ་བའི་སྣང་བ་སྐྱེས་བྱུང༌། སྐབས་དེར་ངའི་མགྲིན་པའི་ཕུག་ཏུ་སྐྱུར་ཤ་ཞིག་ལངས་བྱུང་བར་མ་ཟད་མིག་མཐའ་མཆི་མས་བརླན་པར་གྱུར་སོང༌།

ཕྱི་དུས་ཀྱི་ལོ་ཟླའི་ནང་དུ་ནམ་རྒྱུན་སློབ་གྲོགས་ཚོས་ཨ་མ་གླེང་བའི་ཚེ་ན། ངའི་མིག་ལམ་དུ་རང་དབང་མེད་པར་ཕྱི་རོལ་གྱི་དེའུ་འབུར་སྟེང་དུ་དར་ལྕོག་བཞིན་རླུངགིས་བསྐྱོད་ཀྱིན་པའི་ཨ་མའི་གཟུགས་བརྙན་དེ་འཆར་འོང་གིན་འདུག དེ་མ་རེད་དམ། འཇིག་རྟེན་གྱི་ཨ་མ་དག་ནི་མ་གཞི་ནས་ང་ཚོ་བུ་ཕྲུག་དག་གི་ཆེད་དུ་རེ་སྨོན་ཁྲི་ཕྲག་གིས་བསྐྱོད་པའི་དར་ལྕོག་དེ་མ་ཡིན་ནམ། ང་ཚོ་ནམ་ཡང་ཨ་མའི་རེ་སྨོན་རྣམ་དག་གི་སྐྱབས་འཇུག་འོག་ཏུ་བདེ་སྐྱིད་ངང་འཚོ་བཞིན་པ་མ་ཡིན་ནམ།