བདེན་པའི་ལན་བརྗོད་པ། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ

460/545

ཉེ་འཆར་འཕྲིན་ཕྲན་ནང་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དང་འབྲེལ་བའི་བཀའ་བསྟན་དབྱིན་འགྱུར་གྱི་རྩོད་གཞི་འདི་དང་ཐོག་ལུག་ཚང་དཔལ་ཡོན་ནས་བརྒྱུད་བསྐུར་བྱས་པའི་རྩོམ་ཞིག་ལས་བྱུང་བ་རེད། དེ་ནས་དེ་དང་འབྲེལ་བའི་རྩོད་ལན་དང་རིན་པོ་ཆེར་བཅའ་འདྲི་ཞུས་པའི་ཡིག་ཆ་སོགས་ཁ་ཤས་བཏོན་ཡོད། དེ་རིང་ཡང་རྩོད་ལན་ཞིག་འབྱོར་སོང་།

 

བདེན་པའི་ལན་བརྗོད་པ།

ང་ཚོ་བོད་ལ་སྔར་ནས་ད་བར་མི་ཕོ་རྒོད་པ་རེ་ཐོན་དུས། ཆོས་ལུགས་སོགས་འཐེན་འཁྱེར་གྱི་དབང་གིས་སྐད་ཆ་འདྲ་ཆགས་འགའ་ཁར་འཁྱེར་ནས་མི་བཟང་ལ་ཞྭ་མོ་གཡོགས་པའི་གནས་ཚུལ་ནི་ལུས་དང་གྲིབ་མ་བཞིན་རེད། ད་ལན་ཡང་བོད་ཀྱི་བླ་ཆེན་མང་པོའི་དགོངས་པ་བཞིན་བཀའ་འགྱུར་དབྱིན་སྒྱུར་གྱི་བྱ་བ་དེ་མཁྱེན་དཔྱོད་ཡངས་བའི་༧རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་འགན་བཞེས་པ་ལ། སེམས་ནས་ཕྲག་དོག་བཞིན་ཁ་ནས་རང་རིགས་སྤྱིའི་དོན་དུ་ཡིན་མདོག་གིས་ཅ་ཅོ་མང་པོ་སྨྲ་བཞིན་པ་གོ་ཐོས་བྱུང་། རང་ཉིད་ཀྱིས་དངོས་སུ་མཐོང་བ་ནི་དཔལ་ཆེན་དོན་གྲུབ་ཀྱིས་བྲིས་པའི་ཡི་གེ་གཉིས་རེད། ཡི་གེ་དེ་མི་རིགས་ལ་ལྷག་བསམ་བཅང་ནས་བྲིས་པ་ཡིན་དང་གཞན་ལ་ཕྲག་དོག་ནས་བྲིས་པ་གང་ཡིན་ཀློག་པ་པོ་དག་གི་གཟིགས་མོར་འབུལ་རྒྱུ་ཡིན། ཁོས་རང་མི་རིགས་ཀྱི་སྐད་ཡིག་དར་འཕེལ་ཆེད་བསམ་བློ་གཏོང་གི་ཡོད་ཁུལ་གྱི་བཀའ་བསྟན་དབྱིན་སྒྱུར་གྱི་བྱ་བཞག་དེར་འགག་པ་བྱེད་ཀྱི་འདུག ཁོས་བརྒྱ་བཤད་ཚིག་གི་རྩ་བ་ནི་བཀའ་བསྟན་དབྱིན་ཡིག་ཏུ་བསྒྱུར་ན་དབྱིན་ཇི་བ་བོད་ཡིག་སྦྱོང་མཁན་ཉུང་དུ་འགྲོ་བས། བོད་ཡིག་གི་མདུན་ལམ་ཆུང་དུ་འགྲོ་ཡི་འདུག་ཟེར་བ་རེད། དེ་ནི་བཞད་གད་ཀྱི་རྒྱུ་ཉིད་རེད། གང་ལགས་ཟེར་ན་བོད་ཡིག་འཛིན་སྐྱོང་ང་ཚོ་བོད་པ་རང་གིས་བྱེད་དགོས་པ་ལས་མི་རིགས་གཞན་ལ་རེ་བ་བཅོལ་ནས་འདོད་པ་ནི་ཕོ་ལུས་ཐོབ་བཞིན་དུ་ཆོས་མི་བྱེད་པར། སྐྱེ་བ་ཕོ་ལུས་ཐོབ་པར་ཤོག། དམ་པའི་ཆོས་དང་མཇལ་བར་ཤོག་ཟེར་བ་དེ་དང་གཅིག་མཚུངས་རང་རེད་འདུག་པས་གད་རྒྱུ་ཅི་ལ་མི་ཡོངས། ཁྱེད་བོད་ལ་དུང་ན་བོད་ཀྱི་སྤྱི་ཚོགས་ནང་གི་འཁོར་ཡུག་མི་འདྲ་བ་ཚོང་རྭ། སློབ་གྲྭ། སྲིད་གཞུང་སོགས་སུ་བོད་ཡིག་མཁོ་སྤྱོད་མཁོ་རྒྱ་ཡིག་ལས་ལྷག་པ་མི་ཡོང་ཡང་མཉམ་པ་ཡོང་ཆེད་རེ་བ་འདོན་པ་དང་། དེའི་ཆེད་དོན་སྙིང་ཡོད་པའི་རྩོམ་འདྲ་སྤེལ་ཏེ་དམངས་ཀྱི་གོ་རྟོགས་སད་ཐབས་དང་། དམངས་ཚོགས་ལ་བོད་ཀྱི་སྐད་བརྡ་གསར་པ་ཁག་ངོ་སྤྲོད་བགྱིས་པ་སོགས་ལ་འབད་དང་ངོ་མ་བོད་ལ་འགན་འཁྱེར་བའི་རྟགས་རེད། གཞན་སོ་སོས་འདི་བྱས་སྣ་གཅིག་མེད་ཁར་གཅིག་གིས་བྱ་བ་ཞིག་སྒྲུབ་སྐབས་འདི་བྱུང་མེད་པ་དང་། ཕ་གི་འགྲིག་མེད་ཚུལ་སྨྲ་བ་པོ་ང་ཚོ་བོད་ལ་མང་སྐྱོན་མ་གཏོགས་ཉུང་སྐྱོན་རྩ་བ་ནས་མེད། ཡང་ཁོས་བཤད་སྟངས་གཅིག་ལ་བཀའ་བསྟན་དབྱིན་འགྱུར་བྱེད་པ་ལས་མི་རིགས་གཞན་གྱི་རིག་གཞུང་བོད་ཡིག་ལ་སྒྱུར་ན་ཡག་ཚུལ་ཤོད་འདུག སྐད་ཆ་དེ་བདེན་ཡང་ད་ལན་བཀའ་བསྟན་དབྱིན་ཡིག་ལ་མགྱོགས་པོར་སྒྱུར་དགོས་པའི་རྒྱུ་མཚན་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་གསལ་པོར་གསུངས་འདུག དེ་ཡང་ད་ལྟ་ཕྱི་རྒྱལ་དུ་ནང་ཆོས་ལ་ཞིབ་འཇུག་བྱེད་མཁན་མང་བས་ཕྱི་རྒྱལ་བ་ཁོ་རང་ཚོས་བོད་ཡིག་ནས་ནང་བསྟན་སྐོར་མང་པོ་ཞིག་དབྱིན་ཡིག་ཏུ་སྒྱུར་གྱི་ཡོད་རེད། དེའི་སྤུས་ཚད་ཡག་པོ་མེད་ན་ནང་བསྟན་ཞིབ་འཇུག་པ་ཚོས་ནང་བསྟན་ལ་གོ་བ་ལོག་པར་ཆགས་པའི་ཉེན་ཁ་ཡོད་པ་རེད། དེ་མི་ཡོངས་བའི་ཆེད་ང་ཚོས་ནང་བསྟན་སྤུས་དག་པོ་ཞིག་སྒྱུར་བའི་འགོ་བཙུགས་པ་རེད། དེ་ནི་ནང་བསྟན་པ་ཞིག་གིས་དོར་མི་རུང་བའི་འགན་ཁྲི་ཅི་ལ་མིན། ད་དུང་ཁོས་ནང་བསྟན་དབྱིན་སྒྱུར་ནི་རིག་གནས་སིམ་འཛུལ་ཞིག་རེད་ཟེར་གྱི་འདུག དེ་ནི་རིག་གནས་སིམ་འཛུལ་གྱི་གོ་དོན་མ་ཤེས་པ་རང་རེད། ང་ཚོས་ནང་བསྟན་དབྱིན་ཡིག་ཏུ་སྒྱུར་བའི་དམིགས་ཡུལ་ནི་ནང་བསྟན་ལ་གོ་བ་ལོག་པ་མི་ཡོངས་བའི་ཆེད་དང་། ཕྱི་རྒྱལ་གྱི་ནང་བསྟན་ཞིབ་འཇུག་པ་ཚོ་དང་། ནང་ཆོས་ལ་དད་མཁན་ཚོར་སྟབས་བདེ་སྐྲུན་པ་ཞིག་ལས་ཡེ་ཤུ་བ་སོགས་གཞན་གྱི་ཆོས་ལུགས་སྣུབ་འདོད་ཀྱི་སྒྱུར་བ་ཞིག་རྩ་བ་ནས་རེད་མི་འདུག་པས་རི་བོང་གནམ་རྡིབ་ཀྱི་སེམས་ཕྲལ་མ་བྱེད་རོགས་ཞེས་སྟབས་བདེའི་ཚུལ་དུ་ཞུ་བ་ཡིན། གཞན་བཀའ་བསྟན་དབྱིན་འགྱུར་ལས་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་ཆོག་ལ་དངུལ་མང་པོ་རག་གི་ཡོད་ཚུལ་བཤད་འདུག་པ་ནི་སྙིང་པོ་ཅི་ཡང་མི་འདུག་ཁོ་རང་མིག་ཚ་ནའང་ཅི་བྱ། གཞན་ཁོས་བཙན་བྱོལ་བོད་མིའི་བོད་ཀྱི་རིག་གནས་ཆུ་ཚད་སྐྱོ་ཚུལ་དང་། འབྲུག་པས་བོད་ལ་སྡོམ་རྒྱག་པ་མི་འགྲིག་ཚུལ་ཤོད་པ་ནི་གཞིས་བྱེས་བོད་རིགས་དབར་ལ་འགའ་བ་བཟོ་བའི་ངན་ལབ་ལས་དོན་སྙིང་ཡོད་པའི་སྐད་ཆར་གཏན་ནས་མི་སེམས། གཞིས་བྱེས་བོད་མི་སུ་བོད་ཀྱི་རིག་གནས་ལ་ཆ་རྒྱུས་ཆེ་མིན་ནི་འབྲོང་མ་མཐོང་མཐོང་འདྲ་རེད་ཟེར་བའི་དཔེ་རང་རེད།

 

སེང་ལྡེ་མིག་ནས་ཉུང་ངུས་ངག་གིས་༢༠༡༤/༨/༡ཉིན་བྲིས།