ཁྱེད་ཅག་ནི་ཆོས་སྤེལ་མཁན་ཡིན་ནམ། རྫོང་ས་མཁྱེན་བརྩེ་རིན་པོ་ཆེ།

458/545

གསལ་བཤད། ལུག་ཚང་དཔལ་ཡོན་ནང་བརྒྱུད་བསྐུར་བྱས་པའི་རྩོམ་ཡིག་དག་གིས་ལུག་ཚང་གི་ལྟ་བ་ཚོན་གྱི་མེད། རྩོད་གཞི་ཆེ་བའི་རྩོམ་ཡིག་སྤེལ་བའི་དམིགས་ཡུལ་གཙོ་བོ་འདི་ངེད་ཚོས་བློ་དང་རིག་པ། གནས་ལུགས་རྒྱུ་མཚན་ལ་བརྟེན་ནས་ཕན་ཚུན་བགྲོ་གླེང་ཡོང་བ་ཡིན་མ་གཏོགས། གཅིག་གིས་གཅིག་ལ་ངན་སྨད་དང་སྙིང་པོ་མེད་པའི་ཁ་རྩོད་རྒྱག་པའི་ཆེད་དུ་མིན། དེར་བརྟེན་རང་གིས་རྣམ་དཔྱོད་བརྟེན་ནས་སྙིང་པོ་ཡོད་པའི་བགྲོ་གླེང་གནང་རོགས། གང་ལྟར་ངེད་ཚོ་ཚང་མའི་རེ་བ་ནི་རང་མི་རིགས་ཡར་ཐོན་དང་བོད་སྐད་ཡིག་མི་ཉམས་གོང་འཕེལ་ཡོང་ཆེད་ཡིན།

རྩོམ་ཡིག་འདི་ལྟས་ཚར་ན་འདིའི་གཤམ་འོག་ཏུ་ལྟ་བ་མི་འདྲ་བའི་རྩོམ་ཡིག་གཞན་ཞིག་ཡོད་པས་དུས་ཚོད་ཡོད་ན་གཟིགས་པར་གནང་།

ཁྱེད་ཅག་ནི་ཆོས་སྤེལ་མཁན་ཡིན་ནམ།

 

ཉེ་སྔོན་བཀའ་བསྟན་དབྱིན་བསྒྱུར་གྱིས་བོད་ཀྱི་སྐད་ཡིག་རྒྱུན་གནས་ལ་ཕོག་ཐུག་འགྲོ་རྒྱུ་ཡིན་པའི་སྐོར་དང་། བཀའ་བསྟན་གྱི་བདག་དབང་ཐད་གླེང་སློང་གི་མགོ་ཙམ་བསླངས་པར་ཀློག་མཁན་མང་པོ་ཞིག་གིས་རྩོམ་ཡིག་ཏུ་གང་བསྟན་པ་གསལ་བོར་མཁྱེན་རྟོགས་ཐུབ་པ་ནི་དགའ་འོས་པ་ཞིག་རེད། འོན་ཀྱང་། ཁག་ཅིག་གིས་དགོད་བྲོ་བའི་རྩོད་པ་རྒྱག་གིན་འདུག ངས་བསམ་པ་ལ་རྩོད་པ་དེ་ནི་བབ་ཅོལ་དང་ཅོལ་ཆུང་གི་བསམ་ཚུལ་ཕྱི་རུ་མངོན་པ་ཞིག་ལས་དགོས་པ་རྒྱུ་མཚན་ཡོད་པ་ཞིག་ཏུ་མཐོང་མ་སོང་། ཁོ་ཚོས་ནང་པའི་ཆོས་ནི་འགྲོ་བ་ཡོངས་ལ་ཕན་པའི་ཕྱིར་ཏུ་ཡིན་པས་བཀའ་བསྟན་དབྱིན་བསྒྱུར་བྱེད་དང་མི་བྱེད་ནི་བོད་ལ་འབྲེལ་བ་མེད་པ་ལྟ་བུ་བརྗོད་ཀྱིན་འདུག སྐྱུགས་བྲོ་བའི་རྩོད་པ་འདིས་ང་ཚོའི་གནད་དོན་ཐག་གཅོད་བྱེད་མི་ཐུབ་ཀྱང་། དེའི་ཟུར་དུ་༼འགྲོ་བ་ཡོངས་ལ་ཕན་པའི་ཆེད་༽དུ་ཟེར་བའི་སྙིང་རྗེ་བའི་བཤད་ཕྱོགས་ཤིག་ཡོད་པ་ནི་ཡིད་འགུལ་ཐེབས་པ་ཞིག་ཡིན་སྲིད།

འོན་ཀྱང་། ནུབ་ཕྱོགས་ཀྱི་སྤྱི་ཚོགས་གཅིག་པུ་ད་གཟོད་འགྲོ་བ་ཡོངས་ཡིན་པར་གོ་ནོར་ཐེབས་ཤིང་། དེའི་ཆེད་དུ་དགོས་མཁོ་དེ་མ་བསྐངས་སྔོན་ལ་ཅིའི་ཕྱིར་བོད་མི་ཡོངས་ལ་ཕན་པའི་ལས་སྒྲུབ་མ་ཐུབ་པ་རེད་དམ། གཞན་མི་འཇོན་ཡང་བོད་རྣམས་དགའ་ཞིང་དད་ལ། རྟོགས་ཤིང་སྤེལ་རྒྱུ་ཡིན་ཟེར་བའི་ནང་པའི་ཆོས་ཀྱི་གཞུང་ལུགས་འདི་ཁ་གསབ་ཀྱི་ཆེད་དུ་རྒྱ་ཡིག་ཏུ་རྒྱ་ཆེར་ཡོད་ལ་བོད་ཡིག་ནང་མེད་པའི་ནང་པའི་ཐེག་པ་ཆེན་པོའི་བསྟན་བཅོས་ཁག་དང་། པཱ་ལའི་གཞུང་དུ་ཡོད་པའི་ཐེག་དམན་གྱི་གཞུང་ཡོངས་རྫོགས་བོད་ཡིག་ནང་བསྒྱུར་ཏེ་འཐུས་ཚང་དུ་བཏང་ན་འོས་མོད། ནུབ་ཕྱོགས་ཀྱི་ཛ་ཐང་མཐོ་བའི་དངུལ་སྒོར་གྱིས་འགྲོ་བ་ཡོངས་ལ་ཕན་པའི་ལས་དེ་སྒེར་གཅོད་བྱས་བཞག་པ་འུ་རེད། ཕན་སེམས་འདི་ནི་གཅིག་མེད་པར་གཉིས་གྲུབ་པའི་རྩིས་གཞི་ཞིག་གསར་གཏོད་བྱས་པ་དང་ཆ་འདྲ་བ་མ་རེད་དམ།

དེ་སྔ་འགྲོ་བ་ཡོངས་ལ་ཕན་པའི་ཆོས་ལུགས་ཁྲོད་ཀྱི་ཡི་ཤི་ཆོས་ལུགས་དང་། ཁ་ཆེའི་ཆོས་ལུགས། ཧ་ཤང་གི་ཆོས་ལུགས་སོགས་བོད་དུ་སྤེལ་བའི་ལས་འགུལ་གྱི་མགོ་བཙུགས་དུས་བོད་རྣམས་ང་རྒྱལ་གྱིས་འགད་ལ་བྱས་ཡོད་ཅིང་། ཁོང་ཁྲོ་ཆེན་པོས་རང་ཉིད་ཚོད་འཛིན་མ་ཐུབ་པའང་གནང་ཡོད། དེ་ཡིན་རུང་། ཡི་ཤི་བས་བོད་དུ་ཆོས་སྤེལ་བ་མ་ཟད་གུ་གེ་རྒྱལ་པོའི་རྒྱལ་བརྒྱུད་ཉམས་ཉེས་སུ་བཏང་བའི་སྐྱོ་གནས་ཀྱང་བྱུང། འདི་ལ་རང་ཅག་ཡིད་མི་སྤྲོ་བ་བཞིན། ནུབ་ཕྱོགས་ཀྱི་ཤ་རུས་གཏིང་ཏུ་ཟུག་པའི་ཡི་ཤུ་ཆོས་ལུགས་པ་དང་ཇོའུ་ཆོས་ལུགས་པ་ཚོ་ཆོས་སྤེལ་མཁན་ཁྱེད་ཅག་གི་འགྲོ་བ་ཡོངས་ལ་ཕན་འདོགས་བྱེད་དེ་ལ་སྤྲོ་བོ་ཡོང་རྒྱུ་རེད་དམ། ལྷག་པར་ཏུ་དར་ཤུགས་ཆེ་བའི་དཔའ་འབྱོར་འགྲན་རྩོད་ཁྲོད་དུ་ཧ་ཅང་བག་ཕེབས་དང་ལྷོད་ཡངས་ཅན། གཞན་ལ་ལག་པ་བསྲིངས་ནས་འདུག་དགོས་པའི་ཆོས་ཤིག་སྤེལ་བ་ཡིན་ན་ཁོ་ཚོའི་མི་མང་དག་ཅིག་སྨྱོ་ཆུ་འཐུང་བའི་རྒྱལ་པོའི་གཏམ་རྒྱུད་ཁྲོད་ཀྱི་རྒྱལ་པོ་དེ་ཆགས་རྒྱུ་རེད་ལ། རྒྱུན་གནས་མི་ཐུབ་པའི་ལས་འགུལ་དེའི་མིང་ལའང་ལོ་རྒྱུས་ཁྲོད་དུ་བཙན་འཛུལ་ཞེས་སུ་འགྱུར་མི་སྲིད་པའི་ངེས་པ་འུ་ཡོད། དེ་དུས་ནུབ་ཕྱོགས་ཀྱི་མི་རབས་རྗེས་མ་ཚོ་ལའང་ཡིད་མི་སྤྲོ་བ་ཡོང་རྒྱུ་རེད། ཁོ་ཚོར་འདོད་པ་ཡོད་ན་བོད་སྐད་ལ་སྦྱང་ཤིང་བོད་ཡིག་ལ་བསླབས་ཏེ་ཐོས་བརྩོན་བྱས་ཆོག་པས། ཁྱེད་ཅག་ཆོས་སྤེལ་དུ་འགྲོ་དགོས་དོན་ཁྱོན་ནས་མེད་པར་ཆོས་ཞུ་རུ་ཡོང་རྒྱུར་སྒུག་མ་ཆོག་པ་ཅི་རེད།

གྱ་ཚོམ་གྱི་སེམས་ཁྲལ་ཉི་ཚེ་བ་ཞིག་ལ་ཁ་གཡར་ནས་ནུབ་ཕྱོགས་སྤྱི་ཚོགས་སུ་ཆོས་སྤེལ་བ་ནི་སྨྱོ་ལས་ཤིག་ལས་མི་འདུག་པས་ཁྱེད་ཅག་རྒྱས་པར་འདོད་ཚེ་རྒྱལ་ཁབ་གཞན་ལ་ཆོས་ལུགས་གསར་བ་ཞིག་དང་བླངས་ཀྱིས་སྤེལ་བ་ནི་མི་སེར་སྤེལ་བ་ནང་བཞིན་དབང་བསྒྱུར་གྱི་ཆ་ཤས་ཤིག་ཡིན་པ་ཡིད་ལ་དམ་པོར་བཟུང་དང་། བཀའ་བསྟན་མ་རྩ་ཡིན་པའི་ཚོང་ཆེན་དེ་ནི་ཁྱེད་ཅག་ཆོས་སྤེལ་མཁན་གྱི་ཁྲིམས་འགལ་བསམ་ཚུལ་དེ་ལས་བརྒལ་ནས་བརྩི་རྒྱུ་ཅན་དང་། ཐོབ་རྒྱུ་ཡོད་པའི་ཁེ་ཕན་ཞིག་མེད་ན་བོད་ཀྱི་འདས་མ་ད་གསུམ་ལ་ཁྲེལ་མེད་དང་ཁྱད་གསོད་བྱས་ཏེ་ནུབ་ཕྱོགས་པའི་རིག་གཞུང་ལ་ཞབས་ཞུ་སྒྲུབ་དགོས་དོན་མེད་ལ། མཁས་པ་ཤེས་རབ་དར་རྒྱས་ལགས་ཀྱིས་ཀྱང་༼བོད་མི་རིགས་སྤྱི་བྱིངས་ལ་རིག་རྩལ་དང་སྤོབས་པ། བློ་སྟོབས་དང་ཕུགས་བསམ་སོགས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པ་ཞིག་གདོན་མི་ཟ་བར་ཡོད་པས། བཙན་བྱོལ་བོད་ཕྲུག་འགའི་བོད་ཡིག་གི་ཤེས་ཚད་ཞན་པ་དང་མི་འབོར་སྦར་མཐིལ་གང་ལས་མེད་པའི་འབྲུག་གཞོན་ཚོའི་གནས་སྟངས་ཀྱིས་ས་ཡ་དྲུག་གི་ཆོས་རིག་སྐད་ཡིག་དང་བཅས་པའི་ལས་དབང་ལ་སྡོམ་རྒྱག་རྒྱུ་དང། བོད་མི་རིགས་ཀྱི་ཤེས་རབ་དང་བློ་རྩལ། ནུས་འཇོན་དང་སྤོབས་པ་སོགས་ལ་ཡིད་ཆེས་མེད་པ་ལྟ་བུའི་ཟུར་གཏམ་སྨྲ་བ་ནི་ཧ་ཅང་སྔ་དྲགས་ཤིང་ཡིད་མི་སྤྲོ་བ་ཞིག་ཏུ་མཐོང།༽ ཞེས་རིགས་ཞེན་དཀར་པོའི་སེམས་ངལ་འདི་དབྱུང་དགོས་དོན་ཅི་ཡང་མེད་དོ།

ཁག་ཅིག་གིས་ནམ་རྒྱུན་རང་གིས་ཅི་ཡང་མི་ཤེས་བཞིན་དུ་གཞན་ལ་ཤེས་མེད་དང་བླུན་རྨོངས་སོགས་ཀྱི་བརྡས་སྦྱོར་བ་ལ་བག་ཚ་མེད་པ་མ་ཟད། ང་ཡང་དེ་དག་ལ་ཉན་པར་གོམས་འདུག་པས་ཆེད་དུ་གཉེར་ནས་ལན་སྨྲ་པར་དགོས་པ་མི་འདུག་མོད། གོ་དགོས་པ་ཞིག་ལ་བུད་མེད་སྤྱི་ལ་མཐོང་ཆུང་བྱེད་པའི་གླེན་བཤད་ཁ་ནས་ཤོར་མཁན་གྱིས་ཀྱང་ངའི་ཨ་མ་ཡག་པོ་ཡོད་ཟེར་ནས་བཤད་ས་མི་འགྲོ་བ་དང་བཤད་མི་སྲིད་པ་སྤྲིངས་ཡིག་འབྲི་མཁན་དག་གིས་ཀྱང་ཤེས་ན་བཟང་བས་ཕྱིན་ཆད་སྤྲིངས་ཡིག་དེ་ལྟ་བུར་དུས་ཚོད་མ་གཏོང་ཅིག དེ་ལས་གཞན་ཁྱེད་ཅག་སུ་ལ་དད་ན་མུ་མཐུད་དུ་དད་པ་བྱོས་ཤིག དད་པ་ནི་དད་པ་རང་ཡིན་ཏེ་ངས་ཀྱང་ཁྱོད་ལ་རྒྱུ་མཚན་འདྲི་མི་སྲིད་དོ།

༢༠༡༤།༧།༣༠ ཉིན་གུང་ལས་གསེང་ལ་བྲིས།