༄༅།། གངས་ཅན་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ་ཕུལ་བའི་ཞུ་ཡིག ཆོས་རྗེ་འཇིགས་མེད་ཕུན་ཚོགས།

455/545

རྒྱལ་ཀུན་སྙིང་རྗེ་རང་གཟུགས་སྤྱན་རས་གཟིགས།།

བདག་གི་ཚེ་རབས་དུ་མར་བསྙེན་པའི་ལྷ།།

བརྩེ་ཆེན་ཐུགས་རྗེའི་སྤྱན་རས་མ་ཡོལ་བར།།

ལས་ངན་འགྲོ་བའི་ལས་སྣང་འདི་ལ་གཟིགས།།

འདི་ན་བགྲང་ཡས་ཉམ་ཐག་སེམས་ཅན་ལ།།

སྐྱབས་དང་སྐྱོབ་པ་ཁྱེད་ལས་གཞན་མེད་པས།།

བདག་ཅག་ལུས་ཀྱི་བ་སྤུ་གཟེངས་དང་ལྷན།།

མིག་ནས་མཆི་མ་འདོན་འདི་གཟིགས་སམ་ཀྱེ།།

དེ་ཕྱིར་དམིགས་མེད་ཐུགས་རྗེས་རབ་དགོངས་ནས།།

དབང་མེད་སྡུག་བསྔལ་དྲག་པོས་གཟིར་བའི་འགྲོ།།

མྱུར་དུ་བདེ་ཆེན་དག་པའི་ཞིང་མཆོག་ཏུ།། མིག་འཕྲུལ་བཞིན་དུ་འདྲེན་པར་མཛད་དུ་གསོལ།། དེ་རིང་ཆོས་འགྲྭ་འདིར་ཕེབས་པའི་དགེ་འདུན་པ་དང་མི་སྐྱ་ཕོ་མོ་ཚང་མ་ལ་ཞུ་རྒྱུ། ངོས་ནས་དམར་ཟས་ཀྱི་སྐོར་དང་དེའི་སྡིག་རྒྱུན་ཡང་དག་པ་གཅོད་ཐབས་སུ་ངས་རེ་བ་བྱེད་ཀྱི་ཡོད། དམར་ཟས་ནི་སེམས་ཅན་གང་ཞིག་སྲོག་བཅད་པ་ལས་བརྟེན་ནས་བྱུང་བ་དང༌། སྲོག་གཅོད་ཀྱི་ལས་དེ་ཆོས་དང་འཇིག་རྟེན་གཉིས་ཀ་དང་ཤིན་ཏུ་མི་མཐུན་པའི་སྡིག་ལས་ཚབས་ཆེ་ཤིང་ཡ་ངབ་ཞིག་སྟེ། ཆོས་ཕྱོགས་ནས་བཤད་ན། སྲོག་གཅོད་གོང་ན་སྡིག་པ་མེད། ཞེས་གསུངས་པ་ལྟར་འདི་ལྟ་བའི་ངན་གསོད་བྱེད་པ་ནི་སྡིག་པ་དེ་བས་ཀྱང་ཧ་ཅང་ཆེ་ཞིང༌། རང་ཐད་ནས་བསད་ན་སྡིག་པ་ཡོད་པ་སྨྲོས་ཅི།གསོད་སྟངས་ངན་པ་སེམས་ཅན་གྱི་མཆུ་བསྡམས་པ་དང་སྐེ་བཅད་ནས་བསད་པའི་སྡིག་པ་ལྷག་པར་ཆེ་བ་ཡིན།དེ་བཞིན་བཤས་རྭ་ལ་བསྐྱལ་ནས་ཆོས་མི་སྨྲ་བ་ལ་བཙོང་ན་སྡིག་པ་ལྷག་པར་ལྕི།སེམས་ཅན་གཅིག་བསད་པའི་རྣམ་སྨིན་གྱི་འབྲས་བུ་དམྱལ་པའི་གནས་སུ་ལོ་དུང་ཕྱུར་མང་པོར་གནས་ནས་སྡུག་བསྔལ་དྲག་པོ་ངེས་པར་མྱོངདགོས་པ་དང༌།མྱོང་རྒྱུ་མཐུན་གྱི་འབྲས་བུས་ཚེ་རབས་ཕྱི་མ་གང་དུ་སྐྱེས་ན་ཡང་སྡིག་པ་མི་དགེ་བ་འབའ་ཞིག་བྱེད་མཁན་གྱི་ལུས་སུ་སྐྱེ་བ་ལེན་ཞིང༌།སྡིག་པའི་འབྲས་བུ་གོང་དུ་འཕེལ་བའི་དབང་གིས་ཡུལ་ཕྱོགས་གཅོང་རོང་འཚེ་བ་མང་ཞིང་ཡིད་དུ་མོ་འོང་བ་གཟི་བྱིན་ཆུང་བ་སོགས་སུ་སྐྱེ་བར་འགྱུར་ཏེ།སེམས་ཅན་དེ་ལ་སྡུག་བསྔལ་དྲག་པོ་མྱོང་དུ་བཅུག་པ་དང༌། སྲོག་བཅད་པས་ཚེ་ཐུང་བ་དང་གསོན་པོའི་གཟི་བྱིན་མེད་པ་སོགས་ལས་འབྲས་རང་བྱས་རང་ལ་འཁོར་བ་ཡིན། ཚེ་འདི་དང་ཚེ་རབས་ཕྱི་མར་ཡང་ཚེ་ཐུང་བ་དང༌། གཟི་བྱིན་མེད་པ། གཟུགས་ངན་པ།ལོངས་སྤྱོད་དབུལ་པོ་བཅས་ཀྱི་སྐྱེ་བ་ལེན་པ་དང༌།ཟོག་ལུག་སོགས་བཤན་པ་དག་ལ་བཙོངས་ནས་གོང་བཞིན་ཤེས་བཞིན་དུ་གསོད་དུ་བཅུག་ན་དེའི་སྡིག་པ་རང་ལའང་འདྲ་མཚུངས་སུ་ཐོབ་སྟེ།མི་གཅིག་གིས་སྲོག་བཅད་ན་ཉེས་དམིགས་གཅིག་དང༌།གཞན་བོས་ནས་གསོད་དུ་བཅུག་ན་བདག་པོ་རང་དང་ནང་མི་ཆ་ཚང༌།སྲོག་གཅོད་མཁན་བཤད་པ་བཅས་ཚང་མ་ལ་སྡིག་པ་ཡོད་པ་ཆ་རེ།སྡིག་གླ་ཆེན་པོ་བྱིན་ན་སྡིག་པ་ཆེན་པོ་ཡོད་པ་དེ་ནི་དཔེར་ན།ཡོན་ཆེན་པོ་འབུལ་ན་བསོད་ནམས་ཆེན་པོ་ཡོད་པ་བཞིན་ནོ།།དེས་ན་མི་ལུས་བླངས་ནས་འཆི་མི་དགོས་པ་ནི་མེད་ལ།ཤི་ནས་ལས་ཀྱི་རྣམ་སྨིན་མྱོང་དགོས་པའང་བསླུ་བ་མེད་པ་ཡིན།ད་ལྟ་ང་ཚོ་འདིར་ཡོད་པ་རྣམས་ཀྱང་ལོ་སུམ་ཅུ་བཞི་བཅུ་ཙམ་ནས་ཐམས་ཅད་འཆི་དགོས། ཤི་ནས་ལས་དཀར་ནག་གི་རྗེས་སུ་འབྲང་ཏེ་ལས་དགེ་བ་ཞིག་བསྒྲུབས་ཡོད་པ་ཡིན་ན་དག་པའི་ཞིང་ཁམས་སུ་སྐྱེ་བ་དང༌།མི་དགེ་བའི་ལས་བསགས་ཡོད་ན་ངན་སོང་དུ་སྐྱེ་བར་འགྱུར་བ་ཡིན་པས་ཅེས་ཀྱང་སྡིག་པ་ཚབས་ཆེན་འདི་འདྲ་མི་བྱེད་པར་ཞུ། ཁྱད་པར་དུའང་དེང་དུས་སུ་སྒོ་ཕྱུག་རྣམས་གྲོང་ཁྱེར་དང་རྒྱལ་ས་སོགས་ཡུལ་ཐག་རིང་པོར་འཁྱེར་ནས་མ་ཤི་བའི་སྔོན་རོལ་དུ་སྲོག་ལན་གྲངས་དུ་མར་བཤད་པ་ལྟ་བུའི་སྡུག་བསྔལ་མྱོང་དུ་བཅུག་སྟེ།དེ་ཡང་འདི་ལྟར་དབྱར་དུས་ཚ་བ་ཧ་ཅང་ཆེ་བའི་དུས་སུ་ཉིན་མཚན་མང་པོར་སྒོ་ཕྱུགས་རྣམས་ལ་ཆུ་འཐུང་རྒྱུ་མ་རྙེད་ན་སྐོམ་གདུང་གིས་མ་བཟོད་པར་ཆུ་འཐུང་ཆེད་རླངས་འཁོར་གྱི་སྟེང་ནས་གང་ལའང་མ་འཛེམ་པར་མཆོངས་ཏེ་རྐང་ལག་དང་རྩིབ་མ་ཚང་མ་ཆག་པའི་སྡུག་བསྔལ་དང༌།བཀྲེས་པ་མ་བཟོད་ནས་ཕན་ཚུན་རྔ་མ་ཟེ་བ་རྣམས་ཟོས་ཏེ་ཟད་པར་འགྱུར་བ་དང༌། ལུས་རྣམས་རླངས་འཁོར་གྱི་ཕྱིར་དཔྱངས་ཏེ་འཁྱེར་བ་སོགས་བྱེད་པ། དེར་མ་ཟད་ལ་ལས་ཤ་མི་ཞན་པའི་ཆེད་གསོན་པོའི་མཆུ་ལ་ལྕགས་གཟེར་འདེབས་པ་དང༌། ལྕེ་ལྐོག་མར་འབྱིན་ཏེ་ཉིན་ཞག་མང་པོར་དེ་བས་འཆི་ན་དགའ་བའི་སྡུག་བསྔལ་མནར་དང་བཅས་ཏེ་འཁྱེར་བའང་ཐོས། དེ་ཡང་ཡོད་ཡུལ་ནས་རྒྱ་ནག་ཏུ་འཁྱེར་བའི་ལམ་བར་ཉིན་ཞག་མང་པོ་འགོར་བ་དང༌། དེ་རྗེས་བཤས་རྭར་འབྱོར་ཚེ་ཉིན་ལྔ་དྲུག་ཙམ་དེ་གར་ལུས་པས་རང་ཉིད་གསོད་རྒྱུ་ཡིན་པ་གོ་ནས་མཆི་མ་ཐོན། ལུས་འདར་ཤིག་ཤིག་བྱེད་པ་ལས་ཐབས་གཞན་ནི་མེད། ཁྱོད་ཉིན་བཅུ་བཅོ་ལྔ་རེ་ལ་རྩ་ཉག་མ་གཅིག་དང་ཆུ་གཙང་མ་ཐིགས་པ་གཅིག་ཀྱང་བཏུང་རྒྱུ་མ་རྙེད།དེས་དབང་གིས་སེམས་ཅན་ལུས་ཟུངས་ཤིན་ཏུ་ཟད་ནས་རུས་མགོ་ལྤགས་བཏུམས་སུ་སོང་བས་བཤའ་མི་རུང་བར་གྱུར་ཏེ་གསོད་རྭའི་སྒོ་དྲུང་ན་མུ་གེས་འཆི་བ་དག་ཀྱང་འདུག གཞན་དག་ཕྱོགས་ཐམས་ཅད་འདམ་རྫབ་ཀྱིས་མུན་ཁང་གི་བཤས་རྭའི་ནང་དུ་ཤི་མ་གསོན་གྱི་ངང་དུ་སོ་སྒྲ་ཁྲིག་ཁྲིག་བྱེད་ཅིང་སྐྲག་པ་དང༌།སྙིང་འདར་བ་དང༌།ལྟོགས་པའི་སྡུག་བསྔལ་མྱོང་བཞིན་ལ་ལ་ནི་ས་ལ་འགྱེལ།ལ་ལ་ནི་ཙོག་པུར་འདུག་ཅིང་མིག་སྔོ་ཅེར་རེ་ངངའཆི་རྒྱུ་ཁོ་ན་སྒུག དེ་ནས་མཐའ་མའི་ཉིན་བཤན་པ་རྣམས་འོང་ནས་རྐང་ལག་རྣམས་ཐག་པས་བསྡམས་ཏེ་གསོན་གསོན་དུ་སྐེ་བྲེགས་པས་སྙིང་ཁྲག་དྲོན་མོ་སྐེ་ནས་ཐོན་ཏེ་ས་གཞི་ཐམས་ཅད་ཁྲག་གིས་དམར་ཡོམ་མེ་འགྲོ།སྐེ་བཅད་ཤུལ་ནས་ཁྲག་དང་དབུགས་འཕྱུར་རུ་རུ་བྱེད་ཀྱང་མིད་པ་ནས་བྱུང་བའི་དབུགས་ཀྱི་ཧ་སྒྲ།ཁྲག་རྒྱུག་པའི་ཆུ་སྒྲ།དངངས་སྐྲག་གི་སོ་སྒྲ་སོགས་ཡ་ང་བའི་གནས་སུ་གྱུར་ཅིང༌། སྐེ་བྲེགས་ཚར་རྗེས་ད་དུང་འཆི་མི་ཐུབ་པར་གྱེན་དུ་ལངས་པ་དང༌། འཕག་འཚག་བྱེད་པ་ན་བཤན་པ་དག་གིས་མགོ་རྐང་པས་མནན་ཏེ་ཡུན་རིང་པོར་འཆི་མི་ཐུབ་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ། །གཞན་ཡང་བོད་ཡུལ་གྱི་རྫོང་ཁག་ཁ་ཤས་ནང་ཤ་ཁང་མང་པོར་འཕྲུལ་གྱི་བཤས་ཁང་ཉར་ཚགས་བྱེད་པ་དམྱལ་བ་ས་སྟེང་དུ་ཐོན་པ་ལྟ་བུའི་འཕྲུལ་གྱི་བཤས་ཁང་ཆེན་པོ་དེར་གསོད་རྒྱུའི་སྒོ་ཕྱུགས་རྣམས་ཡུན་རིང་བཀག་དགོས་པས་བཀྲེས་སྐོམ་གྱི་སྡུག་བསྔལ་ཡང་དཔག་ཏུ་མེད་པ་མྱོང༌།དེ་ནས་གསོད་པའི་དུས་ལ་བབས་པ་ན་གང་དུ་ཡང་འགྲོ་ས་མེད་པའི་ནང་དེད་དེ་བཤས་ཁང་ནང་དུ་འཕྲུལ་ཆ་དག་གིས་སྐེ་གཅོད་པའི་སྒྲ་དང༌། ཁྲག་འཕྱུར་ཆུ་སྒྲ།སྒོ་ཕྱུགས་གསོན་པོ་རྣམས་སྐྲག་པས་ངུར་སྒྲ་དང་འཁུན་སྒྲ་བཅས་ཡོངས་སུ་གང་བས་འཇིག་རུང་གཤིན་རྗེའི་གྲོང་ཁྱེར་མངོན་སུམ་དུ་སྣང་བ་ལྟ་བུ་དེ་མཐོང་ཚེ་གསོད་རྒྱུའི་སྒོ་ཕྱུགས་རྣམས་སྲོག་གིས་འཇིགས་པ་ལས་ཐར་ཡོང་བསམས་ནས་ཕྱི་ལ་བྲོས་ཐབས་བྱེད། དེའི་ཚེ་མགོ་ལ་ཐག་པ་བཏགས་ཏེ་འཕྲུལ་ཆས་ཀྱིས་འཁྲིད་སྐབས།འགའ་ཤས་ལ་བཤན་པ་དག་གིས་ལྕགས་དབྱུག་རྩེ་སྣོན་པོ་ཐོགས་ཏེ་སེམས་ཅན་གྱི་མིག་གཉིས་ཀ་ཕུག་ནས་མ་མཐོང་བར་བྱས་ཏེ་ནང་དུ་དེད་པའང་མཐོང་ཟེར།ནང་དུ་འབྱོར་བ་ན་ལྕགས་ཀྱི་སྐམ་པ་ཆེན་པོས་རྐང་པ་ནས་བཟུང་སྟེ་མགོ་ཐུར་དུ་བསྟན་ནས་བར་སྣང་ལ་འཁྱེར། ཕར་ཙམ་སོང་ཚེ་སྐེ་བཅད་དེ་ཟུངས་ཁྲག་དྲོན་མོ་རླངས་པ་ཚུབ་ཚུབ་བར་སྣང་ནས་དམར་དམར་རྒྱང་རྒྱང་དུ་བབས་ཀྱང་བཙོ་ཁུ་རྣམས་མིད་པ་ནས་ཕྱིར་ཐོན། ད་རུང་འཕག་འཚག་བྱེད་བཞིན་པར་སྣང་ནས་ཕར་ཅུང་ཟད་འཁྱེར་བས་ཕལ་ཆེར་གསོན་པོར་ལྤགས་པ་བཤུས་ཤིང་གྲོད་ཁོག་གཤགས་ཏེ་ནང་ཁྲོལ་རྣམས་འདར་ཤིག་ཤིག་ཕྱིར་བྱུང་སྟེ་ཐང་ལ་འཕངས་ཀྱང་ད་དུང་འཆི་མི་ཐུབ་པའང་ཡོད། མདོར་ན་བྱ་བ་འདི་རྣམས་མི་སྙིང་རྗེ་ཅན་གྱིས་མཐོང་ན་སྙིང་ཚལ་བ་བརྒྱར་གས་པར་འགྱུར་བ་ཞིག་ཏུ་སྣང༌།དེས་ན་སེམས་ཅན་འདི་རྣམས་རང་རེ་མེས་པོ་ཕ་མ་ཉེ་འབྲེལ་སོགས་སྔོན་ཤི་ཟིན་པ་རྣམས་ལན་ཆགས་ཀྱི་དབང་གིས་ད་ལྟ་ང་ཚོའི་སྒོ་ཕྱུག་སུ་འགྱུར་བ་ངེས་པར་ཡིན་པས་ན་འདི་འདྲ་བའི་སྡུག་བསྔལ་དྲག་པོ་མྱོང་དུ་བཅུག་པ་ནི་དྲིན་ལན་ལོག་འཇལ་དང་ཆང་ལན་ཆུ་འཇལ་གྱི་དཔེ་དང་མཚུངས་སོ།འབྲི་གཡག་དང་བ་ལང་སོགས་དྲིན་ཆེན་སྒོ་ཕྱུགས་འདི་རྣམས་ཀྱིས་ང་ཚོ་མིའི་རིགས་ལ་ཅི་འདྲའི་ཚེ་གང་པོ་ལ་གསོས་གསོས་པའི་པའི་ཕན་འདོགས་པ་ལ་བསམ་ན་དྲིན་ལན་ལོག་འཇལ་བྱེད་པ་དེ་སེམས་ཀྱིས་མི་བཟོད་པ་ཞིག་ཏུ་གྱུར་རོ། ། ངས་གཙོ་བོ་སྒོ་ཕྱུགས་ཀྱི་ཐད་ནས་བཤད་པ་འདི་དེ་འདྲའི་སྡིག་རྒྱུན་ཆོད་ཐབས་སུ་བཤད་པ་ཡིན་པས་ཁྱེད་རང་ཚོ་མི་རེ་རེ་ནས་འགན་འཁུར་ཏེ་ཐབས་ནུས་ཡོད་རྒུ་རྩལ་སྤྲུགས་བྱེད་རྒྱུ་ཤིན་ཏུ་གལ་ཆེ།དེ་བཞིན་དུ་སེམས་ཅན་གྱི་མཆུ་བསྡམས་ནས་དབུགས་བཀག་སྟེ་གསོད་པའི་སྲོལ་འདི་ཡང་ཤིན་ཏུ་ཐ་ཆད་པ་ཞིག་སྟེ་སེམས་ཅན་ལ་སྡུག་བསྔལ་ཧ་ཅང་ཆེ་ཤིང་འདི་ལྟ་བུའི་ངན་གསོད་གྱི་བྱ་སྤྱོད་ནི་སྡིག་པ་ཤིན་ཏུ་ཆེ།དབུགས་བཀག་པ་སྟེ་ང་རང་ཚོ་ལག་པས་ཁ་བཀག་ན་ཅི་འདྲའི་སྡུག་བསྔལ་འདུག དེ་འདྲ་བྱེད་པ་སེམས་ཀྱིས་ཕོད་པ་འདུག་གམ། ལར་སེམས་ཅན་སུ་ལའང་རང་གི་སྲོག་ལས་གཅེས་པ་མེད།དེའི་ཕྱིར་སྲོག་ལ་གནོད་པ་བྱུང་བ་ལས་ལྷག་པའི་འཇིག་སྐྲག་དང་སྡུག་བསྔལ་ཇི་ཡང་མེད། སྲོག་ལ་གནོད་པ་མི་འབྱུང་བའི་ཕྱིར་དུ་གཞན་གང་ལ་ཡང་ཕངས་སེམས་མི་བྱེད་པ་སོགས་རང་ཅག་དང་གཅིག་མཚུངས་ཡིན།མི་ཞིག་ལ་མཚོན་ན་སའི་སྟེང་གི་བདེ་བ་དང་འབྱོར་བ་ཅི་འདྲ་ཞིག་བྱིན་པ་པས་ཉེན་ཁ་དང་འཕྲད་སྐབས་སྲོག་སྐྱོབ་ན་དེས་དགའ་བ་དང༌། བདེ་འབྱོར་ལོངས་སྤྱོད་ཐམས་ཅད་འཕྲོག་པ་ལས་སྲོག་ཤོར་ན་དེས་ཕངས་བ་ལྟ་བུ་ཡིན་པས། རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་གསུངས་པ་ལྟར་སྲོག་ཆགས་ལ་འཚེ་བ་སྤོང་པར་བྱའོ།།སྲོག་ཆགས་འབུ་སྲིན་ཡན་ཆད་རང་གི་སྲོག་ལ་མི་གཅེས་པ་ནི་མེད་དེ་འཚེ་བ་ཐམས་ཅད་ལས་བྲོས་ནས་གབ་སྐུང་བྱེད་པ་བཞིན་ནོ། ། དེས་ན་ཐམས་ཅད་ཀྱིས་དམར་ཟས་སྤོང་རྒྱུ་འདིའི་ཐད་བསམ་བློ་གཟབ་གཟབ་ཞིག་གཏོང་རོགས།ང་ཚོའི་ཁ་ལ་དམར་ཟས་བཟའ་རྒྱུ་མ་བྱུང་ན་ཁ་གཟོ་མ་ཐུབ་པ་དང་ལུས་ལ་གོས་གྱོན་རྒྱུ་མ་ར་པ་ལྟ་བུའི་ཐབས་ཆགས་རྒྱུ་མ་རེད། གལ་སྲིད་ཅུང་ཟད་རེ་བསྟེན་དགོས་ཀྱང་ནི། གཞན་ལ་སྡིག་གླ་ཆེན་པོ་སྤྲོད་པའི་སྡིག་རྒྱུན་ཆེན་པོ་འདི་གང་ཐུབ་ཐུབ་ཀྱིས་སྤོང་དགོས། ད་རེ་ཆོས་ཚོགས་འདིའི་ཁྲོམ་ཧ་ཅང་མང་བ་དང་པོ་ཐོས་འཕྲལ་ཕྱོགས་གཅིག་ནས་དངངས་སྐྲག་བྱུང༌། རྒྱལ་ཁབ་ཀྱིས་གང་ཞིག་བརྗོད་ཡོང་བསམ་པ་དང༌། ཕྱོགས་གཞན་ཞིག་ནས་དགའ་པོ་ཡང་བྱུང་སོང༌།དཀོན་མཆོག་གི་ཐུགས་རྗེའི་དགེ་བསྐུལ་ཞིང་ཡོང་རྒྱུ་རེད་བསམ་པས་མི་རེ་རེ་ནས་ཁས་ལེན་བྱེད་རྒྱུ་མ་འཆུགཀིརྟི་སྐྱབས་མགོན་རྔ་བ་ཁུལ་དུ་འབྱོར་སྐབས་དེ་ཕྱོགས་དེ་ཕྱོགས་སུ་དམར་ཆོག་བྱེད་པའི་རྒྱུན་རྩ་བ་ནས་བཅད་པ་ལྟ་བུ་བསྟན་འཛིན་གྱི་སྐྱེས་བུ་ཡུལ་ཁམས་རེ་རེ་ལ་ཡོད་ན་བསྟན་པ་སེམས་ཅན་ཕན་ཐོགས་པ་དང༌། བསྟན་བཤིག་རེ་རེ་ཡོད་ན་བསྟན་པ་སེམས་ཅན་ལ་གནོད་ཚབས་ཆེན་པོ་བཟོ་གི་ཡོད་པ་རེད། དུད་འགྲོ་འབུ་སྲིན་རྣམས་ཀྱིས་སྐད་ཆ་བཤད་མི་ཤེས་པ་ཙམ་ལས་སྡུག་བསྔལ་གྱི་ཚོར་བ་མྱོང་བ་ལ་རང་རེ་དང་གང་ཡང་མེད།ཕྱི་རོལ་དུ་གནས་པའི་སེམས་དེ་དག་གིས་ཀྱང་རང་གི་གྲོགས་རྣམས་གསོད་པ་མཐོང་ཚེ་ཤིན་ཏུ་སྐྲག་ཏེ་ལུས་འདར་སིག་སིག་གིས་སྡོད་མི་ཚུགས་པ་ལྟ་བུའི་ངང་ལ་འདུག་པ་མངོན་སུམ་མིག་གིས་མཐོང་སར་ཡོད་པ་འདི་ཀ་ཡིན། སེམས་ཅན་རྣམས་སྡུག་བསྔལ་དྲག་པོ་འདི་འདྲ་མྱོང་དུ་བཅུག་ནས་ད་དུང་ཁ་ནས་མ་ཎིའདོན་པ་དང་ལག་པས་འཁོར་ལོ་བསྐོར་ཏེ་ཆོས་བསྒྲུབ་པ་ནི་ཆོས་ཀྱི་སྙིང་པོ་དང་རྩ་ནས་རྒྱབ་འགལ་དུ་གྱུར་ཟིན་པ་མ་ཤེས་པའོ།། དེར་མ་ཟད་དཀོན་མཆོག་གི་རྟེན་བཞེངས་དང་གཙུག་ལང་ཁང་དང་མཆོད་རྟེན་རྡོ་འབུམ་སོགས་ཀྱི་ཆེད་དང་དགེ་འདུན་པའི་འཚོ་བའི་ཆེད་བཅས་སུ་སྡིག་པ་བྱས་པ་ཡང་མི་དགེ་པ་ཡིན་ཏེ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་མཆོག་གིས། དེ་ལ་བརྟེན་ནས་སྡིག་པ་འབྱུང་བའི་རྒྱུ། ཐམས་ཅད་སྤོང་བ་ཁོ་བོའི་སྙིངགཏམ་ཡིན། ཞེས་གསུངས་པ་བཞིན་ལྟར་སྣང་དགེ་བ་བྱེད་པ་ལྟ་བུ་ཡང་དོན་ལ་སྡིག་པ་ཡིན་པས་སྤོང་པར་བྱའོ།སེམས་ཅན་གྱི་སྲོག་ལ་གནོད་པ་བྱེད་པ་ཆོས་ཀྱི་ཚུལ་མི་འཚེ་བ་དང་དངོས་སུ་འགལ་བ་ཡིན་ནོ།།དེ་ལྟར་བོད་ཆོས་ལྡན་གྱི་ཞིང་ཁམས་འདིར་སྲོག་གཅོད་སྡིག་པའི་ན་བུན་འཁྲིག་ཏེ་སྲིན་མོའི་གྲོང་ཁྱེར་ལྟ་བུ་ཞིག་ཏུ་གྱུར་པ་འདི་འདྲ་ཡིད་མིག་པ་ནི་གང་ཡང་མི་འདུག དེས་ན་སེམས་ཅན་རྣམས་གསོད་ཐབས་ཀྱི་ལས་འདི་ལྟ་བུ་མ་བྱས་ན་རང་རེ་ལ་ཟས་གོས་གང་ཐད་ནས་འཚོ་ཐབས་གཏན་ནས་མེད་པ་མ་ཡིན།རྒྱལ་ཁབ་དང་ཁྲིབས་ཀྱིས་རང་དབང་གཏན་ནས་མེད་པར་གྱུར་ན་ནི་དེར་ཟད།གཞན་དུ་ན་ཅིས་ནས་ཀྱང་བདུད་ལས་རྔམས་པོ་ཆེ་འདི་མཚམས་འཇོག་པ་ཞིག་བྱེད་པར་ཞུ་ཞུ་ཞེས་སྙིང་ཐག་པ་ནས་གསོལ་བ་ལན་བརྒྱར་འདེབས་བཞིན་ཡོད་ན།བླ་མ་དཀོན་མཆོག་གསུམ་སྐྱབས་སུ་འཛིན་ཅིང་དགེ་སྡིག་གི་ལས་འབྲས་ལ་ཡིད་ཆེས་བྱེད་ཀྱི་ཡོད་ཟེར་ནས་ལོག་པར་སྤྱོད་པ་རྣམས་ལ་ཅིས་ཀྱང་ཡིད་འཇོག་གནང་བར་ཞུ་ཞུ། མཁས་པ་དང་བཙུན་པ་ཁྱེད་རང་ཚོས་ཐུགས་བསམ་ཞིག་བཞེས་དང༌། ང་ཚོའི་རྒྱབ་ལ་ཆོས་གོས་རྣམ་གསུམ་བཞེས།དཀོར་ནག་ཐལ་བ་འགམ་འགམ་བྱས་པས་རང་དོན་གཞན་དོན་གང་ཡང་མི་འགྲུབ་པས།དེས་ན་སྲོག་གཅོད་ཀྱི་ཉེས་པ་འདི་སྤྱིར་གངས་རིའི་རྭ་བའི་ཁྲོད་དང༌།བྱེ་བྲག་ཏུ་མདོ་ཁམས་སྨད་འདིར་སྡིག་རྒྱུན་ཆོད་ཐུབ་པ་ཞིག་བྱུང་ན་བསམ་གྱི་མི་ཁྱབ་པ་ཡོང་རྒྱུ་ཡིན་པས་ཁྱེད་རང་ཚོས་ཡིད་འཇོག་གནང་བར་ཞུ། ད་སྐབས་འབྲོག་པ་ཚོ་ལ་གཙོ་བོར་བཤད་པ་ཡིན་ཞིང༌།དེར་མ་ཟད་བོད་རིགས་མི་དམངས་ཡོངས་དང་ནང་པའི་ཆོས་ལ་དད་མོས་བྱེད་མཁན་སེར་སྐྱ་ཕོ་མོ་རྒན་གཞོན་ཚང་མས་སེམས་ཅན་གྱི་སྲོག་བླུ་བྱེད་རྒྱུ་ལ་འབད་བརྩོན་གནང་རོགས།དེ་ལྟར་བརྗོད་པ་ནི་ཆོས་སྲིད་གཉིས་དང་མི་འགལ་བའི་ཐོག་ནས་བོད་མི་ལ་བདེ་བ་ཡོང་ཆེད་དུ་ཞུས་པ་ཡིན།དེ་བཞན་དུ་བོད་ཡུལ་ན་ཡོད་པའི་བཤས་རྭ་འདི་རྣམས་ཀྱི་ནང་ལོ་མང་པོའི་རིང་ལ་སེམས་ཅན་ཁྲི་ཚོ་དུ་མའི་སྲོག་བཅད་བཅད་དེ་མཐར་རང་ཁ་ཙམ་ཡང་གསོ་མ་ཐུབ་པ་དང་མལ་སའང་བརླགས་ནས་འདུག་པ་མང་པོ་མཐོང༌།གྲོང་ཁྱེར་ཆེ་ཁག་ལ་འཛུགས་བསྐྲུན་བྱས།ཡོད་པའི་འཁྲུལ་ཁང་འདི་དག་གིས་བོད་མི་མང་གི་འཚོ་བ་ཡར་རྒྱས་འོང་བར་ཕན་པ་ཅི་ཞིག་འདུག གཞན་ཡང་འདི་ཕྱི་གང་ལ་ཡང་ཕན་པ་མེད་པའི་ལས་སྲོག་ཆགས་རྣམས་ལ་མནར་གཅོད་དྲག་པོ་གཏོང་བའི་ལུགས་སྲོལ་འདིས་མི་རབས་ཕྱི་མ་རྣམས་སྲོག་ཆགས་ལ་ཤ་ཚ་དང་སྲུང་སྐྱོབ་གཏན་ནས་བྱེད་མི་ཤེས་པའི་གཅན་གཟན་གདུག་པ་ཅན་ལྟ་བུར་གྱུར་ནས་བསམ་པའི་དཔལ་ཡོན་ལའང་གནོད་པ་ཚབས་ཆེན་འོང་རྒྱུ་གོར་མ་ཆགདེས་ན་རང་གི་ཚེ་འདི་ཕྱི་གཉིས་ཀ་ལ་བསམ་བློ་ཞིག་བཏང༌།སྒོ་ཕྱུགས་འདི་རྣམས་ཀྱང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རང་རེ་དང་མཚུངས་པ་ཡིན་པས་དེ་ལ་བྱམས་རྙིང་རྗེ་བསྐྱེད་དེ་རང་དབང་ཡོད་བཞིན་དུ་སེམས་ཅན་རྣམས་སྡུག་བསྔལ་དྲག་པོའི་བཙོན་དོང་གི་ནང་དུ་མི་འཕེན་པར་ཞུ་ཞེས་ཐལ་མོ་སྙིང་ཁར་སྦྱར་ནས་ཞུ་བ་ཕུལ་བ་ལགས་ན།སེམས་ཅན་གྱི་ཕན་བདེ་འཁུར་དུ་བསྣམས་པའི་བསྟན་འཛིན་གྱི་སྐྱེ་བུ་དམ་པ་རྣམས་ནས་མཐུན་འགྱུར་དང་སྐྱེ་བོ་རྣམས་ཀྱིས་ཐུགས་ལ་འཇགས་པ་མཁྱེན་མཁྱེན་མཁྱེན།

ཞེས་བོད་རབ་བྱུང་བཅུ་བདུན་པའི་ལྕགས་འབྲུག་སྟོན་པ་ལྷ་བབས་ཀྱི་དུས་ཆེན་ལ་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་༧འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་གངས་རིའི་ལྗོངས་ཀྱི་སྐྱེ་འགྲོ་མཆོག་དམན་ཐམས་ཅད་ལ་ཕུལ་བ་ཡིན་པས་ཐུགས་ཉམས་སུ་བཞེས་པར་མཛོད་ཅིག །