སློབ་འབྲིང་སློབ་མའི་བོད་ཡིག་རྨང་གཞི་སྲ་བརྟན་གཏོང་རྒྱུའི་ཐད་ཀྱི་ཐོག་མའི་བསམ་གཞིག

454/545

གླེང་གཞི།

རང་སྡེའི་མེས་པོའི་ཕྱག་སོར་ལས་འཁྲུངས་པའི་རིག་གཞུང་རྒྱ་མཚོར་འགྲན་པ་འདི་བས་ངེད་ཚོ་མི་རིགས་མང་པོའི་དབུས་ན་ལག་པ་སྐེད་པར་བཟུང་ནས་མགོ་བོ་གནམ་དུ་བཏེགས་རྒྱུ་བྱུང་ལ་ཡང་རྩེར་གནས་པའི་མི་རིགས་འདིས་ཡང་རྩེར་སོན་པའི་རྟགས་སུ་གཞན་རིག་ལས་ལྷག་པའི་རིག་གནས་ཀྱི་གོ་མིང་བཟུང་ལ་འཛམ་བུའི་ཁྱོན་ན་རླུང་ལྟར་གྲགས་འདི་འོན་ལྕོག་མིན་པ་ཀུན་གྱིས་མཁྱེན་གསལ་རེད། ཏང་གི་ཡང་དག་སྲིད་ཇུས་འོག་དམིགས་བསལ་གཟིགས་མཐོང་གིས་རིགས་སོ་སོའི་མི་རིགས་ལ་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་ཡོད་ཅེས་བཅའ་ཁྲིམས་གཏན་ལ་ཕབ་ཡོད་ཅིང་། འོན་ཏེ་དེང་འདིར་ཁྲིམས་འགལ་བ་འགའ་རེས་སྐད་ཡིག་སློབ་གསོ་འདི་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བའི་ལྟ་ལོག་འདིས་སྐད་ཡིག་སློབ་གསོ་སྔོན་ཐོན་ཅན་དུ་འགྲོ་བའི་བྱ་གཞག་ལ་བར་ཆད་གཏོང་ལ་སློབ་མར་གཙོ་ཁྲིད་ནུས་པ་འདོན་སྤེལ་མེད་པར་རང་གར་བཏང་སྙོམས་སུ་བཞག་ཅིང་། ཆེས་རྩ་བར་གྱུར་བའི་རྨང་གཞིའི་ཤེས་བྱ་འམ་གནད་འགག་དག་དགེ་རྒན་རང་ངོས་ནས་ཁ་བྱང་ལག་བྱང་ཞིག་མེད་པར་སློབ་མར་ཤེས་འདོད་ཀྱི་རེ་སྟོང་རྒྱག་མཁན་མང་བའི་ཚོད་དུ་འདུག་ཅིང་དེ་ནི་དོན་དམ་དུ་སེམས་བསམ་པས་བར་སྣང་འགྲོ་འདོད་ཀྱང་རྒྱུ་དངོས་པོས་སྦར་མཐིལ་ལ་སོ་མི་ཐེབས་པའི་དཔེ་དང་ཅིས་མི་མཚུངས་ཤིང་ཚད་མ་རྣམ་འགྲེལ་ལས་ཀྱང་། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ།། དེ་འཆད་པ་ནི་དཀའ་བ་ཡིན།། ཞེས་གསུངས་པ་ལྟར་དགེ་རྒན་རང་ཉིད་ཀྱང་བྱ་དཀའ་བའི་སྣང་ཚུལ་འདི་རིགས་ཐོན་དང་ཐོན་མུས་སུ་གྱུར་གཤིས་དེས་སློབ་མའི་རྨང་གཞི་སྲ་བརྟན་གཏོང་བར་གེགས་ཆད་དུ་འགྲོ་བའི་གཙོ་རྐྱེན་དུ་ཟད་པས་ཐོག་མར་གཙོ་ཁྲིད་པ་རང་ངོས་ནས་སྐད་ཡིག་ལ་འཛིན་པའི་ལྟ་འདུ་ཡང་དག་གཅིག་དང་སྐད་ཡིག་གི་བྱང་ཚད་མཐོ་པོ་ལོན་པ། དེ་བཞིན་སུམ་དག་གཉིས་གནད་ཀྱི་ལྟེ་བར་འཛིན་ནས་ཁ་བྱང་ལག་བྱང་ཞིག་བྱེད་ཐུབ་པ་བྱ་རྒྱུ་དེ་སློབ་མའི་རྨང་གཞི་སྲ་བརྟན་གཏོང་བར་གནད་འགག་གལ་ཆེན་ཞིག་ཏུ་མཐོང་བས་གཙོ་བོ་དགེ་རྒན་ལ་ཁ་ཕྱོགས་ནས་བྱ་མེད་ཀྱང་བོང་བུས་ནམ་ཚོད་འཛིན་ཁུལ་གྱིས་དེའི་ཐད་བསམ་ཚུལ་འགའ་གླེང་བར་བྱ་བ་ལ།

 

དང་པོ། དགེ་རྒན་གྱི་སྐད་ཡིག་ལ་འཛིན་པའི་འདུ་ཤེས་ཡང་དག་ཅིག་ཡོད་དགོས་པ།

དུས་རབས་ཉེར་གཅིག་ནི་ཤེས་རིག་གིས་དཔུང་ཐང་བརྡར་བའི་དུས་སྐབས་ཤིག་ཡིན་མོད་འོན་ཏེ་དེང་གི་ཆར་སྐད་ཡིག་སློབ་གསོ་འདི་ཉམས་ཇེ་ཞན་འགྲོ་བའི་སྣང་ཚུལ་ཞིག་ལྦ་ལེར་མངོན་ཡོང་ཞིང་དེའི་རྒྱུ་རྐྱེན་ཅི་རིགས་ཡོད་མོད་ཀྱི་གཙོ་རྐྱེན་དེ་སྐད་ཡིག་དགེ་རྒན་ལ་ཁ་ཕྱོགས་ནས་བརྗོད་ན་མི་འོས་པ་མི་འདུག་སྙམ། དགེ་རྒན་ནི་རང་དཔེ་གཞན་ཁྲིད་བྱེད་མཁན་ཞིག་ཡིན་གཤིས་ཐོག་མར་རང་ངོས་ནས་སྐད་ཡིག་ལ་འཛིན་པའི་ལྟ་བ་བའམ་འདུ་ཤེས་རྣལ་མ་ཞིག་ངེས་པར་ཡོད་དགོས། དགེ་རྒན་གྱི་རྒྱུད་ལ་དེ་གཉིས་མ་ཚང་ནའང་སློབ་ཁྲིད་བྱེད་པའི་བར་ཆད་དུ་འགྲོ་ཞིང་། སློབ་ཡུལ་གྱི་བསམ་ཐོག་ཏུ་ཤེས་རིག་འཁྱོལ་རྒྱུ་ལྟ་ཅི་བསམ་པ་ལོག་པའི་འགལ་རྐྱེན་དུ་འགྲོ་བས་ཐོག་མར་དེ་ཁོ་ན་ཉིད་ལ་འཇུག་པ་ཤིན་ཏུ་གཅེས་དགོས་སོ། གལ་ཏེ་བསམ་བློ་དེ་གཉིས་ཀྱི་སྟོང་སོང་ན་སློབ་མར་ཡོན་ཏན་སློབ་པར་ཐད་ཀར་སྐྱོན་དུ་འགྲོ་ཞིང་། དགེ་རྒན་གྱི་བསམ་བློ་གར་ཁྲིད་དེ་བཞིན་སློབ་མས་ཀྱང་བསམ་བློ་དེ་ཕྱོགས་སུ་འཛོལ་ན་འགྲིག་མིན་གང་ཡིན་ཆུ་སྣ་གར་ཁྲིད་ལྟར་དུ་འགྲོ་བར་ཐེ་ཚོམ་མེད་དོ། ལྷག་པར་དེང་འདིར་སྐད་ཡིག་འདི་ཉིད་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བའི་ལོག་ལྟ་བཟུང་བ་མང་བའི་ཚོད་དུ་འདུག་པས་དེ་ལྟར་གྱི་ལྟ་འདུ་བཟུང་ན་སློབ་མས་རིག་གནས་ལ་དད་པ་ཇི་ལྟར་ཡོང་། རིག་གནས་ལ་སྦྱངས་བློ་ཇི་ལྟར་སྐྱེས། དགེ་རྒན་གྱི་བསམ་བློ་དེ་ཙམ་གྱི་ཚད་དུ་སླེབས་ཚར་དུས་སློབ་མའི་སྐད་ཡིག་ཆུ་ཚད་ལ་སྐྱོན་འཛུགས་ཇོ་རི་ལས་ལྕི་བ་བྱེད་པ་དེ་ནི་ཁ་ནང་དུ་ཕྱོགས་ནས་བསམ་ན་བཞད་བགད་སློང་བའི་རྒྱུ་རུ་འགྲོ་ལ་དགེ་རྒན་སྣ་ལུད་འཚིར་འཚིར་ལ་ཕྲུ་གུ་འདི་བཞིན་བྱུང་བའི་དཔེ་ལྟར་དུ་ཟད་དོ། དེས་ན་སྐད་ཡིག་དགེ་རྒན་ངོས་ནས་ཐོག་མར་རང་གི་ཆེད་ལས་སམ་ལས་རིགས་དེ་ལ་དད་པ་གང་ཆེ་དང་སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་པའི་གདམས་པ་དེ་སྲུང་དགོས་པ་མ་ཟད་སྐད་ཡིག་སློབ་གསོ་འཛིན་སྐྱོང་བྱེད་མཁན་རང་ཉིད་ནས་བསམ་པ་དག་ཁྱེར་གྱིས་རང་རྒྱུད་དུ་སྐད་ཡིག་ལ་དད་པའི་ལྟ་འདུ་ལེགས་པོ་ཞིག་འཛུགས་དགོས་ཏེ། དཀོན་མཆོག་ཏ་ལ་ལའི་གཟུངས་ལས། དད་པ་སྔོན་འགྲོ་མ་ལྟར་སྐྱེས་པ་དེ།། ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད།། ཅེས་པའི་གདམས་པ་ལྟར། དད་པ་སྔོན་འགྲོར་ཕྱིན་ན་ཡང་དག་པའི་ལྟ་འདུ་ཞོར་ལ་བྱུང་སྐད་དེས་རང་ཉིད་ཀྱི་ཆུ་ཚད་ནུས་པ་ཇེ་འཕེལ་དུ་འགྲོ་བ་དང་མཚུངས་སུ་སློབ་མའི་སྣོད་དུ་སྐད་ཡིག་ལ་དད་པའི་ལྟ་འདུའི་ས་བོན་འདེབས་དགོས་པ་དང་སྐད་ཡིག་ལ་དད་པ་སླེབས་ཕྱིར་དགེ་རྒན་གྱི་སྐད་ཡིག་ལ་དད་པའི་ལྟ་འདུ་དེ་སློབ་མའི་སྣོད་དུ་རྒྱུད་སྤེལ་བྱེད་ཐུབ་ན་སློབ་མས་ཀྱང་སྐད་ཡིག་ལ་སྦྱངས་བསམ་པའི་དད་པ་རང་ཤུགས་སུ་འཕེལ་ཞིང་སྐད་ཡིག་གི་ཆུ་ཚད་གོམ་པ་རིམ་བགྲོད་ཀྱི་ཡར་རྒྱས་སུ་འགྲོ་ཐུབ་ལ་སློབ་སེམས་ཀྱང་ཇེ་ཆེར་སྐྱེ་ངེས་ལགས་པས་དང་ཐོག་དགེ་རྒན་གྱི་སྐད་ཡིག་ལ་འཛིན་པའི་ལྟ་འདུ་ལེགས་པོ་ཞིག་དགོས་ཀྱི་ལོང་བས་ལོང་བར་ལམ་སྣ་ཁྲིད་པའི་དཔེ་ཟླར་འཇུག་མི་རིགས་སོ། དེའི་སྐོར་ཡིག་ཚོགས་ལ་འཇིགས་པས་གང་ལྟར་ཡང་བརྒྱ་བཤད་དོན་གྱི་རྡོག་རྩ་དེ་ལ་ཐུག་པ་མིན་ནམ་སྙམ་མོ།

 

གཉིས་པ། གཙོ་ཁྲིད་ནུས་པ་འདོན་མཁན་རང་ཉིད་ལ་སྐད་ཡིག་གི་བྱང་ཚད་མཐོ་པོ་ལྡན་དགོས་པ།

མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན།། ཞེས་གསུངས་པ་ལྟར། གོང་གི་ལུང་ལྟར་ཆོས་བཅུ་པོ་དེ་དག་ལྡན་ན་དགེ་རྒན་གྱི་ཚད་གཞི་མཐོ་ཤོས་སུ་གྲགས་ལ་མཚན་ཉིད་ཚང་བའི་དགེ་རྒན་དུ་བལྟ་བས་དེ་ལྟར་ཡོངས་སུ་ཚང་བ་ནི་དཀའ་ཙམ་ཡིན་རུང་རང་ཉིད་ལ་དགེ་རྒན་ཞེས་ཁྱི་ལ་སེང་རྒྱལ་གྱི་མིང་ཆེན་དེ་ཐོགས་ཚར་དུས་མ་མཐར་ཡང་སློབ་མ་ལས་ལྷག་པའི་ཡོན་ཏན་དང་། ལུང་གི་ཕྱུག་པ། དེ་ཉིད་རབ་ཏུ་རྟོགས་པ། སྐྱོ་ངལ་མེད་པ་བཅས་ལྡན་དགོས་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་ཞིག་ཡིན། མ་གཞི་སློབ་མའི་རྨང་གཞི་སྲ་བརྟན་གཏོང་རྒྱུ་དེ་དགེ་སློབ་ཐུན་མོང་གི་ལས་འགན་ཞིག་གམ་གཉིས་ཀའི་རྒྱུ་རྐྱེན་ལ་བརྟེན་དགོས་རུང་སྔོན་འགྲོར་གཙོ་ཁྲིད་པའི་གཙོ་རྐྱེན་ཏེ་སྐད་ཡིག་གི་བྱང་ཚད་མཐོ་པོ་ཞིག་ངེས་པར་ལྡན་དགོས། སྐད་ཡིག་དགེ་རྒན་ནི་མི་རིགས་ཤིག་གི་རིག་གནས་རྒྱུད་སྤྲོད་བྱེད་མཁན་ནམ་རིག་གནས་བདག་སྐྱོང་བྱེད་མཁན་གཙོ་གྲས་པ་ཞིག་ཡིན་པས་རང་ཉིད་ཀྱི་རྒྱུད་ལ་སྐད་ཡིག་གི་ཤེས་བྱ་ཕུན་སུམ་ཚོགས་པོ་གསོག་འཇོག་མེད་པར་ཁྲིད་ཐུབ་ཙམ་མམ་ཁྲིད་བྱའི་ནང་དོན་ལ་ངོ་གདོང་ཙམ་གྱི་རྒྱུས་ལོན་ཐུབ་པས་མི་ཆོག་པར་རྒྱུན་དུ་རང་ཉིད་ཀྱི་གཞན་ཆ་ངོས་འཛིན་གྱིས་ཡོ་བསྲང་ཐུབ་པ་བྱེད་དགོས་པ་དང་སྔོན་ལ་མཛུམ་མོ་ནང་བཀུག་གིས་རང་ཉིད་ཀྱི་སྐད་ཡིག་བྱང་ཚད་ལ་ཚད་ཅིག་གཞལ་དང་དེ་དུས་ཤེས་བྱའི་སྟོང་ཆ་ལུས་འཕྲོ་ངེས་ཤེས་ཐུབ་ལ་དེ་རྗེས་སློབ་མའི་ལང་ཕྱོགས་ནས་འདང་ཞིག་བརྒྱབ་དང་གཞི་ནས་ཁ་ཕྱོགས་སའི་སློབ་མའི་ཤེས་ཡོན་ཇི་ལྟར་འཕེལ་འགྲོ་བ་ཤེས་ཐུབ། དགེ་རྒན་གྱི་སྐད་ཡིག་བྱང་ཚད་དེ་ཁྲིད་ཐུབ་ཙམ་མམ་ངོ་གདོང་ཙམ་གྱི་རྒྱུས་ལོན་ཐུབ་པར་བལྟ་སྟངས་འཛིན་རྒྱུ་མེད་ཅིང་དེ་ལྟར་རྒྱུན་འབྱམས་སུ་སོང་ན་གཉིས་ཀར་འཕེལ་རྒྱས་ཡོང་མི་སྲིད་ལ་རིག་གནས་དྲི་མ་ཙམ་ཞིག་མ་གཏོགས་རོ་བྲོ་དངོས་མི་ཤེས་པར་གྱུར་སྲིད་པས་དགེ་རྒན་ནས་ཐོག་མར་བསླབ་གཞིའི་ནང་དོན་སུམ་དག་གཉིས་གཙོ་བོར་བྱས་པའི་རིག་གནས་ཁག་ལ་ནང་བྱན་ཆུད་པ་ཞིག་དང་ཁ་བྱང་ལག་བྱང་གིས་སྐད་ཡིག་གི་བྱང་ཚད་མཐོ་པོ་ཆགས་པ་བྱས་རྗེས་གཞི་ནས་སློབ་མ་ལས་ལྷག་པའི་ཡོན་ཏན་ནམ་ལུང་གིས་ཕྱུག་པ་ཞིག་ཏུ་གྱུར་ལ་ཁྲིད་བྱའི་ནང་དོན་ཁག་འཁོན་ཐོགས་མེད་པར་ཁྲིད་ཐུབ་ཅིང་དེ་ལས་སློབ་མའི་རྨང་གཞི་གང་ཡོད་སྲ་བརྟན་དུ་འགྲོ་བར་ཐེ་མི་ཚོམ་མོ། དེས་ན་སློབ་མའི་རྨང་གཞི་སྲ་བརྟན་གཏོང་བར་དགེ་རྒན་གྱི་སྐད་ཡིག་བྱང་ཚད་མཐོ་པོ་ལྡན་དགོས་ཤིང་ཁྲིད་ཐུབ་ཙམ་མམ་བོད་ཀྱི་རིག་གནས་ལ་ངོ་གདོང་ཙམ་གྱིས་སྦྱངས་པས་རྔོ་མི་ཐོགས་སོ།

 

གསུམ་པ། སུམ་དག་གཉིས་བསླབ་གཞིའི་སློབ་ཁྲིད་ཀྱི་ཉིང་དགོས་སུ་འཇོག་པ།

སུམ་དག་གཉིས་ནི་སློབ་ཚན་གཅིག་གི་ནང་དོན་ཧྲིལ་པོ་སྟོན་པར་དོན་སྔ་ཕྱི་འམ་ཚིག་གོང་འོག་གཉིས་འབྲེལ་མཁན་མེད་ན་མེད་ཐབས་སུ་གྱུར་བའི་གནད་འགག་གལ་ཆེན་ཞིག་ཏུ་སོང་གཤིས་ཐོག་མར་སུམ་དག་གི་འགྲོ་སྟངས་དེ་སློབ་ཁྲིད་ཀྱི་ཉིང་དགོས་སུ་འཇོག་དགོས་ཀྱི་ཕལ་པར་བལྟ་མི་རིགས་སོ། དེ་ཡང་། ཕྲད་ཀྱི་འཇུག་སྟངས་སམ་འགྲོ་སྟངས། དག་ཡིག་དག་རྩ་བར་མ་ཟིན་པའི་སྐྱོན་འདིས་ནོར་ཉེན་ཆེན་པོ་ཕུད་པའི་དགེ་རྒན་དང་སློབ་མས་བཀོད་པའི་དཔེར་བརྗོད་དང་། བརྗོད་པ། རྩོམ་ཡིག་གི་ཚིག་དུམ་དེ་བཞིན་བོད་ཡིག་གི་སྒོ་བྱང་མང་པོར་བལྟས་ནའང་ང་ཚོར་དྲན་སྐུལ་གྱི་འགྲམ་ལྕག་ཚ་པོ་ཞིག་ཕོག་ཡོང་ལ་འདི་དང་དེ་ལ་སོགས་པའི་མིག་མཐོང་ལག་ཟིན་འདི་བས་རང་ཉིད་ནས་གཙོས་པའི་ད་ལྟའི་རིག་གནས་སྦྱོང་མཁན་རྣམས་ཀྱི་ནང་རོལ་ཕྱིར་མངོན་པ་མ་ཡིན་ནམ། ཇི་སྐད་དུ། ཡི་གེའི་སྦྱོར་བ་ལ་འཕྲུལ་ན།། དོན་རྣམས་འཕྲུལ་བ་སྨོས་ཅི་དགོས།། ཞེས་གསུངས་པ་ལྟར། སུམ་དག་ཙམ་གྱི་རྨང་གཞི་གདེང་ཐོབ་པ་ཞིག་མེད་ན་ཆུང་ས་ཚིག་གྲུབ་གཅིག་ནས་ཆེ་ས་སློབ་ཚན་གྱི་ནང་དོན་རྟོགས་ཚད་ལ་ཇི་ལྟར་འཇུག་འགྲོ་ལ་སློབ་ཚན་གྱི་མགོ་རྔའི་ནང་དོན་ཇི་ལྟར་དུ་འགྲེལ་འགྲོ་དེ་བཞིན་སློབ་ཚན་གྱི་ནང་དོན་ཁག་དག་ཡིག་དང་ཚིག་ཕྲད་ཀྱི་བཀོད་འདོམས་མེད་ན་ནང་དོན་གར་འགྲོ་འདི་འགྲོ་མེད་པར་སློབ་མས་ལུས་པོ་སློབ་ཁང་དུ་ཚུགས་ཀྱང་བསམ་པས་གནམ་གྲུར་བཞུགས་པའི་གནད་དོན་ཐོན་པ་འདི་ཡང་གནད་ཀྱི་དམ་པ་གོང་བཤད་ཀྱི་རྨང་གཞི་འདི་ལ་ཐུག་སོང་བས་རང་ཉིད་དང་འདྲ་བའི་དེ་འདྲའི་ཞན་ལྡན་མཁན་གྱི་དགེ་རྒན་རྣམས་པས་གལ་པོ་ཆེ་ལ་ནན་ཏན་དུ་བལྟ་དགོས་འདུག་ཅིང་། ལྷག་པར་དུ་དག་ཡིག་དང་སུམ་ཅུ་པ་གཉིས་ནི་སློབ་འབྲིང་སློབ་མའི་བསླབ་གཞིའི་ནང་དོན་ཅི་རིགས་ལ་འཇུག་པའི་གཙོ་གནད་དུ་གྱུར་རྐྱེན་ཐོག་མར་རྨང་གཞི་དེ་དག་འཇུས་ཏེ་དགེ་རྒན་གྱི་ཁ་བྱང་ལག་བྱང་བྱས་ཐོག་སློབ་མར་ཁ་སྦྱངས་ལག་སྦྱངས་བྱེད་དུ་བཅུག་ན་བོད་ཡིག་གི་རྨང་གཞི་སྲ་བརྟན་གཏོང་བར་ཕན་པ་ཐོན་རེ་སྙམ་མོ།

དེ་ཡང་། སྙིགས་དུས་དྲན་དབང་སྐྱབས་རྗེ་གུང་ཐང་པས། རྩ་བ་བོར་ནས་ཡལ་གར་དཔེ་ལྟ་བ།། དཔེ་མང་ལྟ་བ་ཤེས་རབ་འཆལ་བའི་རྒྱུ།། ཞེས་གསུངས་པ་ལྟར། སུམ་དག་གཉིས་ནི་སློབ་ཚན་སྤྱི་དང་བྱེ་བྲག་མིང་ཚིག་གི་དོན་གོ་འཕྲོད་པར་བྱེད་པའི་རྩ་གནད་དམ་ཐེམ་སྐས་ལྟར་དུ་སོང་གཤིས་སྐད་ཡིག་དགེ་རྒན་ནས་ཐོག་མར་སུམ་དག་གཉིས་དེར་བྱང་ཆ་ལྡན་པའི་སྒོ་ནས་གཙོ་གནད་དུ་བཟུང་སྟེ་ཐབས་རྩལ་ཡོད་དགུ་རྩལ་དྲུག་གིས་གང་གོ་བདེར་ཁྲིད་དགོས་ཤིང་གལ་སྲིད་མ་ཤེས་ནའང་སྐྱོ་ངལ་ལ་མ་འཛེམས་པར་ངང་རྒྱུད་རིང་པོས་ཟློས་བཤད་བྱེད་དགོས། སུམ་ཅུ་པ་ལྟ་བུར་མཚོན་ན་རྩ་བ་གཙོར་ཟིན་གྱིས་འགྲེལ་ཏེ་དཔེར་བརྗོད་མང་ཙམ་བཀོད་ནས་དོན་རྟོགས་བྱེད་དུ་བཅུག་ཐོག་སློབ་མར་ཡང་དཔེར་བརྗོད་གང་མང་བཀོད་དུ་བཅུག་ནས་ཕྲད་ཀྱི་འཇུག་སྟངས་སམ་མིང་ཚིག་སྔ་ཕྱིའི་དོན་གྱི་སྟོན་སྟངས་ཐད་མཛུམ་མོས་རི་སྟོན་གྱི་དཔེ་ལྟར་ནན་བཤད་བྱེད་དགོས་ཏེ། དཔེར་ན། ཁྱི་ཡིས་ཤ་བཟས་དང་ཁྱི་ཡི་ཤ་བཟས་ལྟ་བུར་མཚོན་ན། ནང་དོན་ནམ་ཚིག་ཕྲད་གཉིས་ཀ་འགལ་བ་ལྟག་ཁྲོད་དུ་སོང་བས་ཁྱད་པར་དེ་རིགས་ཁ་གསལ་གཏོང་ཕྱིར་དགེ་སློབ་ཕན་ཚུན་དྲི་བ་དྲི་ལན་གྱི་རྣམ་པའི་ཐོག་ནས་དབྱེ་ཞིབ་བྱེད་པ་དང་སློབ་མས་ཀྱང་ངེས་པ་རྙེད་དུ་འཇུག་དགོས་ཤིང་སུམ་ཅུ་པའི་རྨང་གཞི་དེ་སོགས་བྱུང་ན་སློབ་ཚན་ཚང་མའི་ནང་དོན་ལ་འཇུག་བདེར་འགྲོ་བས་སུམ་ཅུ་པའི་གཞུང་འདི་སློབ་ཁྲིད་ཀྱི་ཉིང་དགོས་སུ་འཇོག་དགོས། དག་ཡིག་ཐད་དགེ་རྒན་གྱི་འགྲེལ་བཤད་དམ་སློབ་མས་དཔེ་འཛིན་སྐྱོར་སྦྱངས་གཅིག་པུས་ཕན་ནུས་ཐོན་དཀའ་བས་ཇི་སྐད་དུ། ཚིག་གི་སྒྲ་ཙམ་སྒྲ་ན་ཡང་།། དོན་ལ་ཁྱད་པར་ཤིན་ཏུ་ཆེ།། གསུངས་པ་ལྟར། རྒྱུན་དུ་སྒྲ་གཟུགས་འདྲ་བའི་ཡི་གེ་འམ་ནམ་རྒྱུན་འཚོ་བའི་ཁྲོད་རྒྱུག་ཆེ་བའི་ཡི་གེར་ཚིག་གྲོགས་གང་མང་སྦྱར་དུ་བཅུག་པ་དང་འབྲེལ་ནས་དེ་གཉིས་ཀྱི་སྟོན་པའི་དོན་གྱི་ཁྱད་པར་ཤེས་སུ་འཇུག་ན་ཚིག་དོན་གཉིས་ཀར་གོ་བ་ལེགས་པར་འཆར་ཞིང་བྲིས་པའི་དག་ཆས་དོན་གྱི་གནད་སྟོན་ལ་དོན་གྱི་གོ་བས་ཚིག་གིས་དག་ཐོན་པར་གྱུར་ནས་སློབ་མའི་དག་ཡིག་གི་ཤེས་བྱའི་ཆུ་ཚད་གཏན་ཆགས་ཏུ་འགྲོ་ཐུབ་སྙམ། མདོར་ན། སུམ་དག་གཉིས་ནི་སློབ་ཁྲིད་ཀྱི་ཉིང་དགོས་སུ་འཇོག་དགོས་ཤིང་དེ་གཉིས་ཀྱི་རྨང་གཞི་གང་ཙམ་ཞིག་མེད་པར་དོན་གྱི་སྙིང་པོ་ལེན་བསམ་པ་ནི་ངལ་བའི་རྒྱུ་རུ་ཟད་ལ་བསླབ་ཚན་སྤྱི་ལ་འཇུག་པར་ཐོག་མར་སུམ་དག་གཉིས་ལ་གོམས་སྦྱངས་བྱེད་དགོས་ཀྱི་དེ་མིན་ན་ཤེས་རབ་འཆལ་ནས་བསླབ་གཞིའི་ནང་དོན་རྟོགས་པར་བར་ཆད་རི་བོའི་གཏོས་དང་མཉམ་པ་ཞིག་འཕྲད་སྲིད་པས་སུམ་དག་གཉིས་དེ་སློབ་ཁྲིད་བསླབ་གཞིའི་ཉིང་དགོས་སུ་འཇོག་དགོས་སྙམ་མོ། དེའི་སྐོར་བཏགས་ཟིན་འཐག་པའི་ངལ་བ་ཧུར་མ་བླངས་པར་རང་ཉིད་ཀྱི་བསམ་ཚུལ་རེ་ཞིག་དེ་ཙམ་དུ་རྫོགས་སོ།

གངས་ཤུལ་མིག་དམར་ཚེ་རིང་།

༢༠༡༡ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་བོད་སྐད་ཡིག་གསར་འགྱུར་ཆེད་ལས་འཛིན་གྲྭ་ནས་མཐར་ཕྱིན། ད་ལྟ་ཉིང་ཁྲི་ས་ཁུལ་རྫ་ཡུལ་རྫོང་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་སྒྲུབ་མུས་ཡིན།