༄༅། ། རིག་གནས་དང་སྐད་ཡིག་བར་གྱི་འབྲེལ་བ།

453/545

རིག་གནས་ཞེས་པ་སྒྲ་ཡངས་འཇུག་གི་ཆ་ནས་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་བའི་གོ་རིམ་ནས་བྱུང་བའི་ཤེས་བྱ་སྣ་ཚོགས་པ་སྟེ། ལོ་རྒྱུས་དང་ས་ཁམས། མི་ཆོས། སྲོལ་ལུགས། འཚོ་ཐབས། རྩོམ་རིག་སྒྱུ་རྩལ། སྐད་ཡིག མཚན་ཉིད་བསམ་བློ་སོགས་རེད། ཡུལ་བབ་དང་གནམ་གཤིས། ཆོས་ལུགས། མི་རིགས་མི་འདྲ་བ་སོགས་ཀྱིས་རིག་གནས་ལའང་དེ་དག་གི་ངོ་བོའམ་ཁྱད་ཆོས་ལྡན་ཡོད། དཔེར་ན། མདོ་དབུས་མཐོ་སྒང་ན་གནས་པའི་བོད་མི་རིགས་ལ་ཡུལ་གཤིས་དང་ཆོས་ལུགས་སོགས་ལས་མི་རིགས་དེ་རང་ཉིད་ཀྱི་རིག་གནས་ཤིག་གྲུབ་ཡོད་པ་ལྟ་བུ། ཡང་མི་རིགས་ཤིག་གི་སྐད་ཡིག་ནི་ཕྱོགས་གཅིག་ནས་མི་རིགས་དེ་རིག་གནས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཡོད་པས་སྐད་ཡིག་དེའི་མིང་བརྡ་གྲུབ་ཚུལ་དང་སྡེབ་སྦྱོར་སྟངས་སོགས་ཀུན་ན་མི་རིགས་དེའི་རིག་གནས་ཀྱི་ཕྱོགས་མང་པོའི་ཤུགས་རྐྱེན་དེ་ཐེབས་ཡོད་ཅིང་། ཡང་ཕྱོགས་གཞན་ཞིག་ནས་རིག་གནས་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་རྟེན་གཞིའམ་རིག་གནས་མ་ལག་དང་བཅས་པ་དག་གཟུགས་སྒྲ་སོགས་ཀྱི་ལམ་ནས་གནས་ཐབས་དང་བརྒྱུད་སྤེལ་བྱེད་པ་མཐའ་དག་ཀྱང་སྐད་ཡིག་འདི་ལ་བརྟེན་དགོས་པ་ཡིན། མདོར་ན་དེའི་ཕྱིར་སྐད་ཡིག་ནི་མི་རིགས་གང་དེའི་རིག་གནས་དེ་འཛིན་སྐྱོང་སྤེལ་གསུམ་གྱི་ལག་ཆ་ཆེས་རྨད་དུ་བྱུང་བ་དེ་ཡིན་ལ། ཡང་རིག་གནས་རྒྱབ་ལྗོངས་དང་ཁོར་ཡུག་དེའི་ཁྲོད་ན་ད་གཟོད་སྐད་ཡིག་དེ་ནི་གསོན་ཉམས་ལྡན་ཞིང་ཕུན་སུམ་ཚོགས་པའི་དོན་ལྗོངས་དང་ལྡན་པ་ཞིག་ཡིན། རིག་གནས་ནི་སྐད་ཡིག་གང་དེའི་ཡལ་འདབ་དང་འབྲས་བུ་ལྟ་བུ་དང་སྐད་ཡིག་ནི་རྟེན་གཞི་དང་གཞུང་རྟ་ལྟ་བུ་ཡིན། རིག་གནས་མེད་པར་གྱུར་ན་མ་མཐའ་སྐད་ཡིག་གི་སྲོག་དབང་ལྟ་བུའི་ཕུགས་དོན་དག་ཉམ་པར་འགྱུར་སྲིད་ལ། སྐད་ཡིག་མེད་པར་གྱུར་ན་རིག་གནས་ཀྱི་གཞུང་རྟ་དང་མ་ལག་རང་བཞིན་དེ་མེད་པར་འགྱུར་ཞིང་། སིལ་བུར་གྱུར་བའི་ཤེས་བྱ་ཁག་སྐད་ཡིག་གམ་རིག་གནས་མ་ལག་གཞན་དག་ཏུ་ཐར་ཐོར་ངང་གནས་ཀྱང་སྐད་ཡིག་གཞན་ལ་བརྟེན་ནས་འགྲེལ་བཤད་བྱས་པ་གང་དག་ནི་རང་གི་སྐད་ཡིག་ལས་ལྷག་པ་ཞིག་ཡོད་མི་སྲིད་དོ།། མདོ་དོན་དེ་གཉིས་ནི་སྡོང་བོ་ཞིག་གི་རྩ་བ་དང་ཡལ་འབྲས་ཇི་བཞིན་གཅིག་ལ་གཅིག་རྟེན་དུ་ཡོད་ཅིང་། ཕྱོགས་གང་ཞིག་རྒུད་པར་གྱུར་བ་ན་ཅིག་ཤོས་དེའང་རྒུད་པར་འགྱུར་བ་སྟེ་གནས་སྐབས་ཙམ་ལ་གནས་པའང་སྲིད་ཀྱང་རིམ་པར་སྐམ་ཞིང་རྒུད་པའི་རྒྱུ་ཡིན་པ། དཔེར་ན། བོད་ཡུལ་གྱི་ས་ཆ་མང་པོ་ཞིག་ན་ཞིང་འབྲོག་གི་ལས་རིགས་འདི་བསྐྱུར་བ་དང་དུས་མཚུངས་སུ་ཞིང་འབྲོག་གི་རིག་གནས་གང་མང་ཞིག་ཀྱང་ཉམ། དེ་དང་འབྲེལ་བའི་སྐད་ཡིག་གི་མིང་བརྡ་སོགས་ཀྱང་གང་མང་ཞིག་ཉམ་བཞིན་པ་སྟེ། རྟ་ནོར་ལུག་སོགས་འཚོ་སྐྱོང་གི་དུས་རིམ་སོ་སོ་ལ་མིང་རེ་ཡོད་པ་དེ་དག་སྤྱིར་བཏང་དུ་ལོ་གཅིག་དང་གཉིས་ཞེས་སུ་བགྲང་བ་ཙམ་མ་ཡིན་པར་དེ་དག་གི་མིང་བརྡའི་ཤུགས་ན་སྒོ་ཕྱུག་རིགས་ཀྱི་ཁྱད་པར་དང་། དུས་རིམ་སོ་སོའི་འཚོ་སྐྱོང་དང་བཀོལ་སྤྱོད་ཀྱི་གནས་སྐབས་དག་གསལ་བོར་མཚོན་པའི་རིག་གནས་ཤེས་བྱ་ཕོན་ཆེན་པོ་ཉར་ཡོད་པ་དེ་དག་ཀྱང་རིམ་པར་ཉམ་ནས་དེ་འབྲེལ་གྱི་མིང་བརྡ་དག་ཀྱང་ཤེས་མཁན་དཀོན་པོར་འགྱུར་བ་ལྟ་བུ། ཨ་རིའི་སྐད་ཆ་རིག་པའི་མཁས་དབང་ E.Sapir ཞེས་པ་ཁོང་གིས་སྐད་ཆའི་རྒྱབ་ལོགས་ན་རིག་གནས་ཀྱི་ཆ་ཞིག་ཡོད་དེ། སྐད་ཆ་ནི་རིག་གནས་ལས་ཡན་གར་གནས་ཐབས་མེད་ཅེས་པའི་སྡོམ་ཚིག་ཀྱང་བཀོད་ཡོད་དོ ། །

དེའི་ཕྱིར། སྐད་ཡིག་གི་རིག་གནས་ཀྱི་རང་བཞིན་ཞེས་པ་ནི་མིང་བརྡའི་འདོགས་སྟངས་དང་། ཚིག་གི་གོ་རིམ། ཐ་ན་གདངས་ཀྱི་འཇོག་ཕབ་དང་ཡིག་འབྲུའི་ཚུགས་སོགས་ནས་མི་རིགས་གང་དེའི་འཚོ་བའི་ཁོར་ཡུག་དང་དད་པ། བསམ་སྟངས། རིན་ཐང་ལྟ་བ། འཇིག་རྟེན་ལྟ་བ་སོགས་ཀྱི་རིག་གནས་ཀྱི་ཆ་ཞིག་ངང་ངམ་ཤུགས་ཀྱིས་མངོན་ཡོད་པ་དེ་ལ་ཟེར་བ་སྟེ། དེ་ལྟ་བུའི་རིག་གནས་ཀྱི་ཆ་དེ་ཉིད་ནི་མིང་བརྡ་དེ་དག་གི་རྩ་བའི་དོན་ལ་སིམ་ནས་ཡོད་ཅིང་དབྱེ་རུ་མེད། དཔེར་ན། It is a Greek gift to you.དང་། Give someone the wall.ཞེས་པ་སོགས་ཏེ། གནའ་བོའི་ཀེ་རི་སི་དང་ནུབ་ཕྱོགས་ཀྱི་ལོ་རྒྱུས་དང་འབྲེལ་བའི་རིག་གནས་ལ་ཆ་རྒྱུས་མེད་ན་ཚིག་ངོ་རྐྱང་བ་ནས་གོ་ཐབས་མེད་པ་ལྟ་བུ། མི་རིགས་ཤིག་གི་ལོ་རྒྱུས་དོན་རྐྱེན་སོགས་དང་དངོས་སུ་འབྲེལ་ནས་ཡོད་པ་ལྟ་བུ། དེ་བཞིན་དུ་ཉི་མའི་ཁ་དོག་བརྗོད་པར་རྒྱ་མིས་ཉི་མ་དམར་པོ་ཟེར་ཞིང་། བོད་མིས་ཉི་མ་སེར་བོ་བརྗོད་པ་ལྟ་བུ་སྟེ་འཚོ་བའི་ཁོར་ཡུག་མི་འདྲ་བའི་ཁྱད་ཆོས་དེ་གྲུབ་ཡོད་པ་དང། དེ་བཞིན་དུ་ཉིན་རྒྱུན་གྱི་ཐུག་འཕྲད་འཚམས་འདྲི་དང་ལབ་གླེང་སོགས་ཀྱི་ཁྱད་པར་ལས་གསལ་བོར་མཐོང་ཐུབ་པ་ལྟ་བུ་དེ་དག་སྟེ། དེའི་ཕྱིར་སྐད་ཡིག་ཅིག་ཚུལ་བཞིན་དུ་བཀོལ་ཤེས་པ་དགོས་ན་སྐད་ཡིག་དེའི་མིང་བརྡ་ཐ་སྙད་དང་བརྡ་སྤྲོད་ཙམ་ངེས་པས་མི་ཆོག་པར་མིང་བརྡ་སོགས་ཀྱི་ཤུགས་ལ་གབ་པའི་མི་རིགས་ཀྱི་རིག་གནས་རྒྱབ་རིས་ལའང་ཆ་རྒྱུས་ངེས་ཅན་ལྡན་པ་ཞིག་དགོས།མཐར་གཏུག་ན་སྐད་ཡིག་གི་ལག་ཆའི་རང་བཞིན་དང་རིག་གནས་རང་བཞིན་གཉིས་ནི་ཕན་ཚུན་འབྲལ་བ་མེད་པར་འདྲེས་ནས་ཡོད་པ་སྟེ། སྐད་ཡིག་གི་ལག་ཆའི་ནུས་པ་དེ་ལེགས་པར་འདོན་དགོས་ན་སྐད་ཡིག་དེའི་སྐབས་བབ་ཀྱི་མིང་བརྡ་སོགས་ཀྱི་ཤུགས་ནས་ཡོད་པའི་རིག་གནས་ཀྱི་ཆ་དེའང་བཏང་སྙོམས་སུ་འཇོག་ཐབས་མེད་པ་ཞིག་ཡིན།

རྩོམ་པ་པོ། མེལ་ཚེ་བ།