ཆུ་སྐྱེས་དཀར་པོ་དང་གསེར་སྦྲང་གི་ལས་དབང༌།

451/545

གལ་སྲིད་སྐྱི་གཡའ་བའི་དགུན་ཟླ་ནི་མེད་གྱུར་ན། དཔྱིད་དུས་ནི་དེ་ལྟ་བུའི་ཡིད་དབང་འཕྲོག་ཐུབ་པ་ཞིག་གང་ནས་ཡིན་སྲིད་དམ། གལ་སྲིད་གེགས་དང་བར་ཆད་ནི་མེད་གྱུར་ན། རྟིང་སོར་གྱི་བདེ་སྐྱིད་ལ་སུ་ཡིས་ཞེན་པ་བྱེད། གལ་སྲིད་ཡུན་རིང་ན་ཟུག་དྲག་པོ་ཞིག་གིས་མནར་ནས་མེད་ན། གནམ་བརྐོས་ཀྱི་ལས་དབང་དེ་ལ་སྡང་མིག་སུ་ཞིག་གིས་ལྡིར་རམ།

ལེའུ་དང་པོ། ལས་སྐལ་གྱི་མཇལ་འཕྲད།

དུས་སྐལ་དུ་མའི་ཡར་སྔོན་དུ་བསགས་པའི།།

ལས་སྨོན་བཟང་པོའི་ཤར་རླུང་ལྡང་བས་ན།།

དུས་བཟང་དབྱར་གྱི་དགའ་སྟོན་ཆེན་པོ་འདིར།།

མཉམ་འཛོམས་སྐལ་བཟང་རྗོགས་པར་རྟེན་འབྲེལ་ཞུ།།

འཇམ་གཉེན་གྱི་འདབ་གཤོག་ཟུང་མཚར་དུ་མངའ་བའི་པད་མའི་གེ་སར་གྱི་དྲི་བསྲུང་ཕྱོགས་བཅུར་འཐུལ་ཞིང༌། ཞིམ་མངར་གྱི་རོ་བཅུད་ནི་གསེར་སྦྲང་གི་རོ་འཛིན་དབང་པོའི་མྱོང་བྱར་གྱུར་དུས། རྣམ་མཛེས་ཐིག་ལེ་བཀྲ་བའི་གསེར་སྦྲང་ནི་གསུང་སྙན་པོའི་འགྱུར་ཁུག་གི་ཕོ་ཉ་མངགས་ཤིང༌། སྒྱུ་འཕྲུལ་གཤོག་འགྱུར་གྱི་སྟངས་སྟབས་ངོམས་ཀྱིན་དུ་པད་མོའི་འདབ་སྟེང་དུ་འཁོར་བ་ཆོས་ཉིད་དུ་ཁུམས་སོ། བཞིན་དཀར་འོད་ཀྱིས་བཀྲུས་ཤིང༌། མཛུམ་ཟེར་ཕྱོགས་བཅུར་བཀྱེ་བའི་ཉིན་བྱེད་ཀྱི་དབང་པོས། ཤར་ཕྱོགས་ཀྱི་རི་རབ་བརྒལ་ཏེ། སྔོ་ལྗང་གི་གཡུ་ལོ་འབུས་ནས་ནོར་འཛིན་མས་དགའ་སྤྲོའི་མཛུམ་མདངས་ཕྱུར་བས།དལ་འགྲོའི་བུ་མོས་ཤང་ཤང་སྙན་པའི་གླུ་དབྱངས་གྱེར་བའི་དཔྱིད་ཀྱི་དཔལ་ཡོན་ལ་གཟིགས་མོར་ཕེབས། དེ་ལྟ་བུའི་ཡིད་འོང་དཔལ་ཡོན་ལ་ལོངས་སུ་སྤྱོད་པའི་བསྐལ་བ་བྱུང་བའི་རྟ་བདུན་གྱི་བདག་པོ་ནི་སྤྲོ་བས་རབ་ཏུ་མྱོས་ནས། གཟི་འོད་ཀྱི་ཉག་ཕྲན་ཡངས་པའི་ས་གཞི་ཆེན་པོའི་འབེན་ལ་འཕེན་པ་རང་དབང་ཡིན་ན་ཡང༌། བགྲང་ཡས་སྐྱེས་འགྲོ་ཀུན་དང་གསར་བཞད་ཀྱི་མྱུ་གུ་དག་ནི་ཚ་སྡུག་གིས་ལྷག་པར་མནར་ཞིང༌། ཉིན་བྱེད་དབང་པོའི་གཟི་བྱིན་གྱི་དཔལ་ཡོན་ལ་ངོ་ཚེའི་ཟོལ་གྱིས་མགོ་བོ་ཡང་དུད་དེ་ལུས། ཚུལ་དེ་ཆུ་འཛིན་གྱི་གཞོན་ནུས་མཐོང་བས། སྙིང་བརྩེའི་བདུད་རྩིས་རབ་ཏུ་མྱོས་ཏེ་ནུབ་ཕྱོགས་གནམ་སའི་འབྲེལ་མཚམས་ཀྱི་སྤྲིན་དཀར་པོའི་བང་རིམ་རིམ་བཞིན་ཇེ་མཐུག་དང་ཇེ་ནག་ཏུ་གྱུར་ནས། ཅང་མ་འགོར་བར་སྔོ་བསང་བུ་མོའི་མཛེས་པའི་བཞིན་དཔལ་དེ་སྨུག་བཞག་གིས་ཚོས་པའི་རས་ཡོལ་ཞིག་གིས་བཀབ་པ་ལྟར་དུ་གྱུར། སྤྲིན་ནག་གི་བང་རིམ་སྟུག་པོས། ཁྲི་གདུགས་ཉི་མའི་བགྲོད་ལམ་ཡང་བཀག དེ་ནས་ཡུད་ཙམ་ཞིག་ལ་དཔྱིད་ཀྱི་སྦྲང་ཆར་བསིལ་མ་ཞིག་གིས། ངོ་ཚ་ཡིན་ནམ་ཅི། ཚ་གདུང་གིས་མནར་བའི་སྐྱེས་དངོས་དག་ཉམས་ཞན་གྱི་གནས་ཚོད་ལས་དྲངས་པས། ལ་ལ་ནི་བྱ་མྱང་བྱེད་ཅིང༌། ལ་ལ་ནི་མགོ་དཀྲུགས་བྱེད། ལ་ལ་ནི་ལོ་འདབ་ཀྱི་ཆར་ཁེབས་ཕུད་ནས་གེ་སར་གྱི་ར་རི་བཀྲུ་བཞིན་འདུག དེ་འདྲའི་ཉམས་དགའ་བའི་རྣམ་པ་ལ་སྐྱེ་འགྲོ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་བཏོར་བཞིན་མཆིས། གཞན་ཕན་གྱི་ཆུ་འཛིན་དག་ནི་རླབས་ཆེན་གྱི་བྱ་གཞག་ཞིག་སྒྲུབ་ཟིན་པ་ལྟར་དལ་གྱི་གོམས་ཁ་ནུབ་ཕྱོགས་ལྷུན་པོའི་རྒྱབ་རོལ་དུ་རིམ་གྱིས་སྒྱུར།

དེ་ལྟར་འཁྱུག་ཙམ་ཞིག་ལ་ཉིན་བྱེད་ཀྱི་དབང་པོ་བརྗིད་ཆགས་ས་འཛིན་གྱི་ཕྲེང་བར་བྲེས་པའི་ལང་ལོང་ཆུ་འཛིན་གྱི་བར་སྲུབས་ནས་དགོངས་དྭངས་ཀྱི་རྣམ་འགྱུར་སྟོན་བཞིན་བྱུང༌། ཆར་ཤུལ་ཉི་མས་དྲོད་པས་མཐོ་རིས་འོད་ལྔའི་མཛེས་དཔལ་འབར་བའི་དབང་གཞུའི་གུར་ཁང་ཞིག་གིས་པད་མའི་རྫིང་བུ་ནས་དགུང་ཨ་སྔོན་དབྱིངས་སུ་མཚོན་རིས་བཀྲ་བའི་མཁའ་ལམ་ཞིག་བསྐྲུན། སུམ་རྩེན་གྱི་དཔལ་ལ་འགྲན་འོས་པའི་དཔྱིད་ཀྱི་དཔལ་ཡོན་གྱིས་སྐྱེས་དངོས་དག་ཀྱང་ཡིད་དབང་འཕྲོག་ཏེ་དགའ་ཡི་གླུ་དབྱངས་ལེན་བཞིན་སྐྱིད་པའི་སྐོར་བྲོ་འཁྲབ་ཀྱིན་འདུག གསར་བཞད་ཀྱི་མེ་ཏོག་དང་རྩྭ་ཕྲན་དག་ཀྱང་འཚར་ལོངས་ཀྱི་གོམས་སྟབས་དེ་བས་མྱུར་དུ་བཏང་ནས་ཆེས་མཛེས་སྡུག་ལྡན་པའི་རྣམ་པ་དེ་གཞན་ལ་ངོམས་སུ་འདོད་པ་ལྟར་དུ་སྣང༌།

དུས་ཚོད་ཀྱི་དལ་འགྲོའི་རྒྱུན་དང་བསྟུན་ནས་འཇའ་འོད་ཀྱི་གུར་ཁྱིམ་ཕུབ་པའི་པད་མོའི་རྫིང་བུ་ཞིག་ཏུ་སྔོ་ལྗང་གི་རྩྭ་ཕྲན་འགའ་ཞིག་གི་རམ་འདེགས་འོག མཚར་སྡུག་གི་མཛེས་དཔལ་ཡོངས་སུ་རྫོགས་པའི་མེ་ཏོག་པད་མ་ཞིག་སྐྱེས་འགྲོ་ཀུན་གྱི་འདྲེན་བྱེད་ཀྱི་ཡུལ་དུ་སྐུ་འཁྲུངས། པད་མའི་ལང་ཚོར་མཚར་སྡུག་གི་མཛེས་དཔལ་ཡོངས་སུ་སྨིན་པས་རྐང་དྲུག་གི་ཚོགས་རྣམས་ནི་མ་གྲོས་གཅིག་མཐུན་གྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བར་ཕེབས་པ་བཞིན་དུ་འདིར་འཛོམས་ནས་བྱུང༌། རྟེན་འབྲེལ་གྱིས་ཕྱུག་པའི་བཀྲ་ཤིས་གཡང་ཆགས་ཀྱི་བཞུགས་གྲལ་སྒོར་མོ་དེ་ནི་ཡུན་རིང་མ་འགོར་བར་སྟོང་སང་སང་དང་གྲང་ལྷང་ལྷང་ཞིག་ཏུ་གྱུར། འོན་ཀྱང༌། ཆེས་ཁེར་རྐྱང་དང་ཆེས་སྐྱོ་ཤས་ཆེ་བའི་ནམ་ཟླ་དེར་རྒྱ་མཚོ་མཐོང་བས་ཆུ་ཕྲན་བརྗེད། གསར་གྲོགས་གཤིབས་ནས་ལ་རྒྱ་བསྐྱུར། ཞེས་པ་ལྟར་མ་ཡིན་པར། སྐྱི་གཡའ་བའི་མཐའ་ཁོབས་འདིར་ཉིན་ལྟར་འཕུར་ལྡིང་བྱེད་ཅིང༌། ལྡེམ་མྱུར་གྱི་གར་སྟབས་ལ་རྩེན་པའི་གསེར་སྦྲང་གིས་འཇམ་སྙན་གྱི་གསུངས་དབྱངས་མགྲིན་པའི་ལམ་ནས་གྱེར་བས་པད་མོའི་སེམས་ཀྱི་དཀྱིལ་འཁོར་དུ་བཞད་པའི་སེམས་སྡུག་དང་སྐྱོ་སྣང་གི་རྩྭ་ངན་དག་གི་དྲུངས་ནས་འབྱིན། དེ་ལྟར་ཕན་ཚུན་གྱི་འདྲེན་བྱེད་གཉིས་པོའི་དཀྲི་ཀའི་འོག་ཏུ་ཡིད་ཆེས་དང་བརྩེ་སེམས་ཀྱི་མདུད་པ་གྲོལ་ཏུ་མེད་པ་ཞིག་རང་བཞིན་གྱིས་འཁྲུངས་སོ།

ལེའུ་གཉིས་པ། བརྩེ་བའི་འདབ་རྒྱ་ལྷུག་པོར་གྲོལ་བ།

གསེར་སྦྲང་དང་པད་མོ་གཉིས་ནི། སྔོན་བསགས་ཀྱི་ལས་སྨོན་བཟང་པོའི་བརྩེ་ལྡན་ལ་རྒྱ་ཅན་གྱི་ཆུང་འདྲིས་ཟུང་དང་འདྲ་བར། གཅིག་ཕན་གཅིག་རོགས་དང་གཅིག་སེམས་གཅིག་རྟེན་གྱིས། དཀའ་དུབ་ཀྱི་ནམ་ཟླ་ཕར་ལ་བསྐྱལ་ནས། ཕྲལ་གྱི་དཀའ་ཚེགས་ལས་བརྒལ་ཏེ། སྐྱིད་པའི་མ་འོངས་ཀྱི་ཕུགས་ལམ་གཏོད་བཞིན་དགའ་བདེར་རོལ། པད་མོ་འདི་ནི་ཆ་ལུགས་ཀུན་དང་མཐུན་ཞིང་། བརྣབ་སེམས་དང་གནོད་སེམས་ཀྱི་དྲི་མ་ཙམ་ཡང་མ་བགོས་པའི་དྭངས་གཙང་ལྷད་མེད་ཀྱི་མེ་ཏོག་ཞིག་ཡིན་ལ། གསེར་སྦྲང་དེ་ཡང་གཙང་སྤྱོད་ཀྱི་ཆ་ཤས་ཐ་དག་རྫོགས་ཤིང་རང་འཁྲི་ཕྲག་ཏུ་འཁུར་ནུས་པའི་སེམས་གཤིས་དང་ལྡན་པ་ཞིག་ཡིན་པས། ཁོ་གཉིས་ཀྱི་འཛམ་གླིང་ཆུང་ངུ་དེ་ནས་ལང་ཚོར་གཟི་མདངས་རྒྱས་ཅིང་བརྩེ་སེམས་ཀྱི་ལྷག་བསམ་དཀར་པོའི་རླབས་ཟིལ་དགུང་དུ་འཐོར་ཞིང་། ལང་ཚོའི་གཟི་བྱིན་ལས་མཐའ་འཁོར་གྱི་སྐྱེ་འགྲོ་ཀུན་ལ་སེམས་འགུལ་གྱི་རྟ་ལྕག་ཐེབས། དེ་བས། འཁྲུག་རྩོད་སྒོམ་དུ་མེད་པའི་བཟའ་ཚོ་དག་ལ་ནི་དྲིན་རླབས་ཆེན་མངའ་བའི་ཕ་མའི་བཀའ་སློབ་ལས་ཀྱང་ཟབ་པའི་སློབ་གསོ་ཞིག་དང་མིག་དཔེ་ཞིག་སྟོན་བཞིན་གནས་སོ།

ལེའུ་གསུམ་པ། དུས་ཀྱི་གཤེད་མའི་རྡུང་རྡེག་གིས་བཟོས་པའི་གྱེས་བྲལ།

རིག་པའི་དཔའ་བོ་དགེ་འདུན་ཚོས་འཕེལ་མཆོག་ནས།

ཉེ་འཁོར་འཁོར་གཡོག་འཛོམས་པ་ཚོང་འདུས་ཀྱི་མགྲོན་པོ།

སྟོབས་འབྱོར་ཁེངས་དྲེགས་དར་བ་རྨི་ལམ་གྱི་ལོངས་སྤྱོད།

སྐྱིད་སྡུག་སྤེལ་མའི་ཉམས་མྱོང་དབྱར་དགུན་གྱི་འགྱུར་ལྡོག

བསམ་བཞིན་མ་བཅོས་ཤུགས་པའི་གླུ་དབྱངས་ཤིག་ཤོར་སོང་།

༼སྐྱིད་ལ་ཁའི་རྩྭ་ལ་མཉམ་བཟའ་དང་།སྡུག་སྔོན་པོའི་ཆུ་ལ་མཉམ་འཐུང་།༽ བྱེད་པའི་བློས་ཐུབ་ཀྱི་གྲོགས་པོ་དང་། བརྩེ་སེམས་ལ་རྒྱའི་ཞགས་པས་བཅིངས་པའི་ཆུང་འདྲིས་ཀྱི་བྱམས་པ། སྔོན་བསགས་ལས་ཀྱི་དགེ་བས་བརྐོས་པའི་ཕ་མ་དང་རང་རང་སྐྱེས་པའི་ཕ་མ་སོགས། འཇིག་རྟེན་འཁོར་བའི་སྐྱེ་འགྲོ་ཀུན་གྱི་འདུ་འཛོམས་དང་སྣང་སྐྱིད་ནི་མི་རྟག་སྒྱུ་མའི་འཕྲུལ་ཅན་འབའ་ཞིག་ཡིན་པས། ཚོང་འདུས་ཀྱི་མགྲོན་པོ་བཞིན་དུ་རང་རང་སོ་སོར་གྱེས་དགོས་ལ། དེ་བས་སྐྱེ་རྒ་ན་འཆི་རིམ་འཁོར་ནི་འཁོར་བའི་ཆོས་ཉིད་སུ་ཁུམས།

དེས་ན་འདུ་འཛོམས་ཀྱི་སྤྲོ་སྣང་དེ་ཡང་གྱེས་བྲལ་གྱི་སྔོན་བརྡ་ཞིག་ཡིན་པས། པད་མོ་དང་གསེར་སྦྲང་གིས་ནི་འཇིག་རྟེན་གྱི་ཆོས་ཉིད་དེ་ལས་ལྡོག་པར་ཅི་ལ་ནུས་ཏེ། མི་ནུས་སོ། དབྱར་ལྷ་མོས་གྱེས་བྲལ་གྱི་ཕྱག་གཡུག་གནང་ནས་འབྲལ་མི་འདོད་པའི་འདྲེན་བྱེད་བརྩེ་ལྡན་བྱམས་པ་ཟུང་ལ་གཟིགས་བཞིན་གཤེགས་ཀྱང་། བཞུགས་ཟེར་བའི་དབང་ཆ་ནི་མེད་ལ་དེ་བས་བཞུགས་པའི་བསྐལ་བ་གང་ན་ཡོད་དེ་མེད་དོ། ཁོ་ཚོ་ནི་སྐྱིད་པའི་ཞིང་ཁམས་དེ་ཡི་སྙིང་པོ་ཡལ་ནས་འགྲོ་བར་ལྟ་ཞིང་མིག་ཆུའི་ཕྲེང་ཐག་འཐོར་ནས་ཕྲེང་རྡོག་བར་མེད་དུ་འཛར་ཡང་ཐབས་ཤེས་གང་ཡང་མེད་པས། བར་ཐག་དེ་དེ་ལྟར་ཇེ་རིང་ནས་ཇེ་རིང་དུ་འགྲོ་བཞིན་པར་ཡིད་རབ་ཏུ་མུག དེའི་མུ་ལ་མཐའ་འཁོར་གྱི་སྐྱེས་དངོས་དག་ནི་སྔོ་ལྗང་ལྗང་གི་ན་བཟའ་ཕུད་ནས་གསེར་མདོག་གི་གྱོན་པ་བརྗེས་ལ་བྲེལ། མཚར་སྡུག་གི་མཛེས་དཔལ་ཡོངས་སུ་རྗོགས་པའི་ཆུ་སྐྱེས་པད་མ་དེ་ཡང་དབྱར་ལྷ་མོས་ཕྱག་རྟགས་སུ་གནང་བའི་གྱོན་པ་དེ་ཕུད་ནས། དུས་ཀྱི་ཉེན་རྟོག་པས་སྤྲད་པའི་བཙོན་གོས་དེ་གྱོན་ནས་གསེར་སྦྲང་དང་བྲལ་དགོས་ལས་སུ་བརྐོས་པར་ཁྲོ་བའི་མེ་ལྕེ་དྲག་ཏུ་འབར་བས། སེར་མདོག་གི་ལྭ་བ་དེ་ཡང་དུམ་བུ་དུམ་བུར་དབྲལ་ནས། བསིལ་བསིལ་གྱི་རླུང་བུ་གྲང་མོ་ཞིག་ལ་བསྐུར། དེ་ལྟར་བལྟསཔས་མིག་དབང་འཕྲོག་པའི་མཛེས་སྡུག་གི་ཡུལ་རྣམ་དེ་ཡལ་ཟིན་ཡང་། བརྟག་པས་ཡིད་དབང་འཕྲོག་པའི་ལྷག་བསམ་རྣམ་དག་གི་བརྩེ་དུང་དེ་ཡི་རང་མདངས་ནི་ནམ་ཡང་འགྱུར་མི་སྲིད། གསེར་སྦྲང་དེས་ཕྱི་ཚུལ་གྱི་རང་མདངས་ཉམས་ཟིན་ཡང་ནང་སེམས་ཀྱི་བརྩེ་བ་མ་འཐོར་བའི་པད་མའི་སྡོང་སྐམ་དེར་བསྐོར་བ་འགའ་ཞིག་བརྒྱབ་ཀྱིན་མི་རྣམས་ཀྱི་མིག་མདུན་ནས་ཡལ་སོང་། དེ་ནི་གཅིག་ན་ནང་སེམས་ལ་ཉོན་མོངས་པའི་དྲི་མ་མེད་ལ། ཚེ་གང་པོ་གཞན་ཕན་གྱི་བྱ་གཞག་ལ་གཞོལ་བས་ད་ཐེངས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན་ནམ་ཡང་ན་དུས་ཀྱི་གཤིན་རྗེའི་ལས་ཀྱི་ཞགས་པར་འཁོན་ནས་འཁོར་བའི་མུན་དོང་དུ་སླེབས་པ་ཡིན་སུ་ཡིས་ཀྱང་ཚིག་ཐག་བཅད་ནས་སྨྲ་བྱེད་ལས་གླེང་དཀའ་བ་ཞིག་ལགས།

གལ་སྲིད་སྐྱི་གཡའ་བའི་དགུན་ཟླ་ནི་མེད་གྱུར་ན། དཔྱིད་དུས་ནི་དེ་ལྟ་བུའི་ཡིད་དབང་འཕྲོག་ཐུབ་པ་ཞིག་གང་ནས་ཡིན་སྲིད་དམ། གལ་སྲིད་གེགས་དང་བར་ཆད་ནི་མེད་གྱུར་ན། རྟིང་སོར་གྱི་བདེ་སྐྱིད་ལ་སུ་ཡིས་ཞེན་པ་བྱེད། གལ་སྲིད་ཡུན་རིང་ན་ཟུག་དྲག་པོ་ཞིག་གིས་མནར་ནས་མེད་ན། གནམ་བརྐོས་ཀྱི་ལས་དབང་དེ་ལ་ལྡང་མིག་སུ་ཞིག་གིས་ལྡིར་རམ།

མཛེས་པའི་དཔལ་ཡོན་རྒུད་ནས་ཉམ་ཐག་པར་གྱུར་ཟིན་དུས། ལས་དབང་བཙན་པོའི་བར་ཆད་ལ་འཁང་ར་བྱེད་བཞིན་ལུས་ལ་རྒྱན་མེད་སྒྲེན་མོར་གྱུར་བའི་རྣམ་པ་དེ་མཐོང་དུས་སེམས་ཁོངས་རུས་པའི་གསེང་ནས་ཨ་ཐང་ཆད་པའི་དབུགས་རིང་ཞིག་རང་བཞིན་དུ་ཤོར།།

ཆུ་སྐྱེས་པདྨ།

སྙན་འཇེབས་ཡིད་དབང་འགུག་པའི་བུང་བའི་གཤོག་ཟུང་གི་གླུ་སྒྲ།།

ཐོས་སྐལ་རྗོགས་པས་རྣམ་མཛེས་ཐིག་ལེ་བཀྲ་བ་ཡི་ཆུ་སྐྱེས།།

བཟོད་ཐབས་མེད་པའི་སྡུག་བསྔལ་ཆེན་པོའི་གཡང་ས་རུ་ལྷུང་ཡང་།།

ཕྱི་ལོའི་དབྱར་གྱི་དགའ་སྟོན་མགྱོགས་མྱུར་སླེབས་པའི་རེ་སྒུག །

གསེར་སྦྲང་།

མཚར་སྡུག་ལང་ཚོའི་དཔལ་ཡོན་རྗོགས་པའི་པད་མའི་བཞིན་དཔལ།།

རིག་སྐལ་ཟད་པས་སྐྱོ་གདུང་མིག་ཆུ་བོར་བའི་རྐང་དྲུག་གཞོན་ནུ།།

ལྷད་མེད་བརྩེ་བ་ཟབ་མོའི་རོ་འཕྲོར་མྱོང་བཞིན་རྒྱང་དུ་བཞུད་ཀྱང།།

རེ་བའི་མིག་ཟུང་ཕྱི་ལོའི་འདུ་འཛོམས་གང་དེར་ལྡིར་ནས་ནི་གནས་སོ།།