ན་ཟླ་ཚོ། ལམ་ལ་ཆས་རོགས།

450/545

དེ་རིང་གི་ཉི་འོད་ལ་གསེར་མདོག་གི་འདབ་མ་བཞད། དེ་རིང་གི་མགྲོན་པོ་ལ་གླུ་ངག་གི་མཆོད་པ་ཡོད། མགྲོན་པོ་དེ་དག་གི་མིག་ཟུང་ཁྲོད་ནས་ང་ཚོ་ལམ་ལ་ཆས་འགྲོ། ངེད་ཚང་གི་ན་ཟླ་ཚོ། ལམ་ལ་ཆས་རོགས། ལྗིད་ཏིག་ཏིག་གི་ཁུར་བོ་དེ་དག་ལ་སུན་སྣང་སྐྱེ་དོན་མི་འདུག འདི་ལྟར་འདི་ལྟར་མ་བཤད་པའི་གོང་ནས་ང་ཚོ་ལམ་ལ་ཆས་རན། དུས་ཚོད་ཀྱི་རྦ་རླབས་ཇེ་མཐུག་ཇེ་མཐུག་ཡིན། ཚེ་སྲོག་གི་དགའ་མ་ཇེ་མང་ཇེ་མང་ཡིན། འདི་རུ་ལམ་ལ་ཆས་པའི་རྟགས་མཚན་ཉག་གཅིག་པུ།

ལམ་ལ་ཆས་རོགས། སྙིང་ཉེ་བའི་མི་དེ་དག དྭངས་གཙང་གི་རྫ་ཆུ་བསིལ་མ་འུ་ཅག་གི་འཐུང་ཆུ་ཡིན། བརྗིད་ལྡན་གྱི་རི་བོ་ཇོ་གླང་འུ་ཅག་གི་བླ་རི་ཡིན། མུ་མེད་ཀྱི་ནོར་འཛིན་ལྷ་མོ་འུ་ཅག་གི་ཕ་གཞིས་ཡིན། རང་ཅག་གི་རྣམ་ཤེས་འུ་ཅག་དང་འགྲོགས་ཡོད། གོང་དུ་སྨྲས་པ་དེ་དག་ནི་ང་དང་ཁྱོད་ཀྱི་ལས་འབྲས་དཀར་པོ་ཡིན། ཁུ་སིམ་མེར་འདུག་དོན་གྱི་ངོ་བོ་གང་ནས་བཙལ་ཡ། ན་ཟླ་ཚོ། ང་ནི་ཉི་འོད་ལ་སྐྲག་གི་མི་འདུག ཟླ་འོད་ལ་སུན་གྱིན་མི་འདུག ང་ནི་རང་དགར་བསྡད་པའི་མི་འདི་ཚོར་སྐྲག་ནས་ཡོད། ཁ་ནང་ན་འབུ་ཁྲ་མང་བའི་སྐྱེས་བུ་དེ་དག་ལ་སུན་གྱིན་འདུག

ལམ་ལ་ཆས་རོགས། ཐོབ་བྱ་མེད་པའི་དངོས་པོ་དེ་དག་ཕར་ལ་གཡུགས་ཤོག འདང་བརྩེ་མེད་པའི་བྱམས་པ་དེ་ཚོར་ཁ་ཁར་བྱོས་དང་། འུ་ཚོས་འཆར་གཞི་གཞན་ཞིག་དང་འགྲོགས་ནས་ལམ་ཆུང་གསར་བ་འགའ་ལ་རྒྱུས་ལོན་བྱས་ཆོག ཁ་སང་གི་ལས་བྱ་དོད་པོ་དེ་རིང་ནས་འབྲི་དགོས། སང་ཉིན་ལ་ཉི་རྩེ་ཆ་མེད་ཅིག་དང་འགྲོགས་ནས་ཆས་འགྲོ། གླུ་དང་དབྱངས་རྟ་ལ་བརྒྱུས་པའི་མེ་ཏོག་གི་ལག་ཤུབས་དེ་ཚོར་སྐྱུར་ནས་དབུས་ལམ་བསྙེགས་འགྲོ། འདི་ལས་བྱ་གཞག་མཚར་བོ་ཞིག་གི་ལས་འབྲས་རྙེད་ཐུབ། ལས་འབྲས་འདི་ལ་བརྟེན་ནས་བདེན་པའི་ལམ་བུ་བཙལ་ཆོག

ལམ་ལ་ཆས་རོགས། ལྷིང་འཇགས་ཀྱི་ལུང་པ་དེ་ནས་ནོར་ལུག་གི་འཕེལ་ཁ་མི་བརྩི་རོགས། རྒྱུས་ཡོད་ཀྱི་རི་ལུང་དེ་རུ་དོན་མེད་ཀྱི་རྐང་རྗེས་མི་སྤར་རོགས། བདག་གི་བློ་ཡིད་ན་འཁྱིལ་བའི་གྲོགས་དང་ན་ཟླ། ལང་ཚོའི་རྦབ་ཆུ་ནང་བཞིན་མདུན་ནས་མདུན་དུ་བཞུད་དགོས། མཐོང་མི་ཐུབ་པའི་དངོས་པོ་ཞིག་ཡོད་ན་ལྷ་སྒྲུང་ལ་མི་བརྟེན། གོ་མི་ཐུབ་པའི་གཏམ་རྒྱུད་ཅིག་ཡོད་ན་ཐུབ་པ་ལ་མི་རེ། ལམ་ལ་ཆས་དང་། ན་མཉམ་གྱི་གྲོགས་དང་གྲོགས་མོ། འུ་ཚོ་ལ་རེ་བ་ཆེན་མོ་འདུག དེ་རིང་དང་མ་འོངས་པ་སོགས་ཀྱི་སེམས་ཁམས་སུ་ཤུགས་རེ་རྒྱོབ་དང་། སྲས་མོ་ཞིག་གི་འཛུམས་མདངས་བརྗེད་ཤོག སྐུ་སྲས་ཤིག་གི་ཁ་ངོ་བསུབས་ཤོག

ལམ་ལ་ཆས་རོགས། ཨ་མ་དང་མཉམ་དུ་གངས་རི་ལ་ཆས། གངས་དཀར་པོའི་ལས་དབང་ལ་གནའ་གཏམ་མང་དུ་འཇུག ནགས་གཡུ་ལོའི་ལོ་མ་ལ་ཁ་དོག་མང་དུ་འཇུག སྔོན་ཆད་ནས་བོར་སོང་བ་དག་ལ་ཞེན་པ་ཆགས་ནས་ཅི་བྱ། འཆར་གཞི་གསར་བ། བསམ་བློ་གསར་བ། དམིགས་ཡུལ་གསར་བ། དད་པ་གསར་བ། གླུ་གཞས་གསར་བ་དེ་དག་མང་པོ་མང་པོ་ཞིག་གི་ང་ཚོ་ལ་སྒུག་ནས་བསྡད་ཡོད། རྟ་ཕོར་ཞོན་ནས་ལམ་ལ་མི་འབུད་རོགས། དབྱངས་རྟ་བཀྲོལ་ནས་གླུ་དབྱངས་ལེན་ཤོག རྫིག་ཉམས་སྟོན་ནས་ལམ་དུ་མི་ཆས་རོགས། སྤྱོད་བཟང་མནབས་ནས་འཛུམ་ཞལ་བསུ་རོགས། གཡང་གི་ལྷ་དར་འུ་ཚང་གི་མཆོད་རྫས་ཡིན། མུ་མཐུད་ནས་མུ་མཐུད་དུ་རེ་བ་དང་འགྲོགས་ཆོག

མཐིང་སྨུག་སྦྲ་ལ་མགོ་བོ་ཁེན་ནས་འདུག་པའི་ཕ་དང་ཨ་ཁུ་ལམ་ལ་ཆས་རོགས། དམིགས་བྱ་གང་ཡང་མེད་པའི་མི་བུ་དེ་ཚོ་ལམ་ལ་ཆས་རོགས། སྦྲ་འདབས་ན་མེ་ཏོག་གི་ལང་ཚོ་ཡོད་པ་བདེན་པར་རློམ། ཡིན་ཡང་དེ་ཡིས་ཚེ་སྲོག་ལ་འོད་སྣང་འདྲེན་ཐུབ་བམ། འདྲེན་ཐུབ་པའི་དབང་དུ་བཏང་ནའང་དུས་ཚིགས་ལ་འགྱུར་བ་ཡོད་པ་བརྗེད་མེད་ཡིན། ངུ་སྐད་རྩྭ་ཐང་ནས་འཐོར། ཤི་སྐད་ཡང་རྩྭ་ཐང་ལ་མཆོད་དགོས་སམ། རྒྱང་རིང་གི་ཡུལ་གྲུ་ཞིག་ན་གནམ་གྲུ་འཕུར་གྱིན་འདུག དེ་མིན། སྦྲ་ནག་ལྟ་བུའི་རླངས་འཁོར་དུ་མ་ཡོད། སྒྱེད་པུ་ལྟ་བུའི་གསེར་གྱི་ཕོ་བྲང་མང་པོ་མཆིས། ལམ་ལ་ཆས་དང་། རིག་གཞུང་གི་བདག་པོ་ཕ་དང་ཨ་ཁུ་ཡིན་ན་ལོས་ཆོག ཡིག་འབྲི་བགྲང་ལས་འདས་པ་ཞིག་གངས་སེང་གི་རྒྱབ་ནས་ལུས་སོང་། གངས་སེང་འདི་ཡུལ་གཞན་ན་ཡོད། ན་ཟླ་ཚོ། བསམ་བློ་གཏོང་རན།

ན་ཟླ་ཚོ། ལམ་ལ་ཆས་རོགས། དབྱངས་གསལ་སོ་བཞིའི་བདེ་སྡུག་གི་ཆེད་དུ། མཐིས་སྨུག་སྦྲ་ཡི་ལས་དབང་གི་ཆེད་དུ། འུ་ཚང་གི་ཚེ་སྲོག་གི་ཆེད་དུ། མདོར་ན། ས་ཡ་དྲུག་གི་མ་འོངས་འཕེལ་འགྱུར་གྱི་སླད་དུ་ཀི་ཞིག་ལོས་འདེབས།

སྤྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་མཚན་མོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་བྲིས་ནས་ཚར།