ལོ་རྒྱུས་དཔྱད་བསྡུར་ལས་ཐོབ་པའི་མ་འོངས་པའི་ལམ། ཁྲི.མཆོད་ཀོང་།

449/545

དེ་ཡང་འཛམ་གླིང་འདི་རྨོངས་པ་དང་མུན་པའི་གསེང་དུ་བྲིད་ཅིང་ཐིམ་ཐིམ་པ་ནས་དལ་གྱིས་ནུབ་ཕྱོགས་པ་ཁག་གིས་སྣེ་ཁྲིད་ཀྱིན་ཆོས་ལུགས་མི་འདྲ་བའི་སྟོན་པ་ཁག་གིས་བློ་བསྟན་ནས་ད་སྐབས་གཞི་ནས་ཉི་ཟླ་དང་འོད་ཟེར་གྱི་ཕྱོགས་སུ་སླེབས་དང་སླེབས་བཞིན་ཡོད།

ཡིན་ཡང་ད་དུང་ཤར་ཕྱོགས་པ་ཁག་གཅིག་གིས་ནང་ཁུལ་ནས་རང་རྟོན་གྱི་འདུ་ཤེས་གང་ཡིན་ལ་བློ་ཁ་ཕྱོགས་མེད་པ་ཙམ་དུ་མ་ཟད་སོ་སོ་རང་རང་ལ་འཐོབ་འོས་པའི་རང་དབང་དང་མི་བུ་སྒེར་གྱི་ཐོབ་ཐང་། ཆོས་དད་རང་མོས་སོགས་ལའང་ད་དུང་མགོ་བོ་རྨོངས་ཤིང་དོན་ཐོག་ཏུ་འབབ་ཏུ་འཇུག་གིན་མེད་པ་ཤེས་གསལ་རེད།

ཡིན་ན་ཡང་བོད་པའི་སོང་ཟིན་པའི་ནོར་འཁྲུལ་དང་ངེས་པར་བསམ་གཞིག་བྱེད་དགོས་པ་ནི་འདི་དག་སྟེ།

འུ་ཚོ་བོད་མི་རིགས་ཀྱིས་ཀྱང་དུས་རབས་ཉི་ཤུ་བའི་ལོ་རབ་དགུ་བཅུ་ཡས་མས་ནས་བཟུང་སེམས་ཀྱི་སྨན་མཆོག་ཏུ་འཁུམས་པའི་ནང་བསྟན་ཆོས་ལུགས་འདིར་སྔར་ལས་ལྷག་པའི་དད་འདུན་ཆེ་རུ་སོང་ཞིང་འདི་ལ་ཤི་འཐམས་རོ་འཐམས་བྱེད་པའི་སྲོལ་བརྟན་པོ་ཞིག་སྤྱི་དམངས་ཁྲོད་དུ་ཚུགས་ཡོད་པ་རེད།

ལར་བོད་རྒྱལ་གྲི་གུམ་གྱི་དུས་སུ་ནང་ཆོས་ཀྱི་ལག་པས་རྒྱལ་བོའི་ཕོ་བྲང་དུ་བྱིལ་བྱིལ་བཏང་ནས་ཡོད་པ་དང་གཅིག བོད་རྒྱལ་ཉེར་བརྒྱད་པ་ཐོ་ཐོ་རིའི་སྐབས་ནས་དངོས་སུ་ཆོས་དཔེ་བོད་དུ་སྲིང་ཤིང་ཁྱེར་ནས་ཕོ་བྲང་དུ་ཉར་ཚགས་བཟོས་ཡོད་པ་དང་གཉིས། བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོའི་དུས་ནས་རྒྱ་བོད་གཞུང་སྒྲིལ་གྱིས་ཆོས་དཔེ་བོད་སྒྱུར་གྱི་ལས་ལ་བྲེལ་བ་ནས་བཟུང་། སོ་སོའི་རྒྱལ་ཁབ་ཀྱི་མཐའ་སྲུང་དགོས་པ་དང་སྐབས་ཀྱི་ཕྱི་དགྲ་འགོག་རྒྱུ་དེ་ཨང་གསུམ་པར་བཞག་ནས་ནང་ཆོས་ཀྱི་ཕྱིར་ཚེ་སྲོག་འབེན་དུ་བཙུགས་ཏེ་མཐའ་སྲུང་བློན་ཆེན་ཁག་གིས་ནང་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཨང་དང་པོར་བརྩིས།

ང་ཚོའི་ཡབ་མེས་གོང་མའི་ཆོས་ལུགས་བོད་རང་ས་རང་ཡུལ་ནས་དར་ཞིང་རྒྱས་པ་འཛམ་གླིང་གི་མི་ཚོགས་ཁྲོད་དུ་ངའི་ཆོས་ལུགས་འདི་ཞེས་ངོམ་ཞིང་བསྟན་ན་གཞན་གྱིས་འཕྱ་དགོད་དང་རང་ཉིད་ངོ་གནོང་མི་དགོས་པའི་སངས་རྒྱས་གཡུང་དྲུང་ཆོས་ལུགས་འདི་དང་དེ་དང་འགྲོགས་པའི་བོད་རང་གི་ལོ་རྒྱུས་ཀྱི་ལྟ་བ་དང་། མཛེས་སྤྱོད་ཀྱི་ལྟ་བ། སྲོལ་རྒྱུན་གྱི་ལྟ་བ་སོགས་ཐབས་དང་ཇུས་གང་མང་གིས་མེད་པར་གཏོང་ཅི་ཐུབ་བྱེད་རྒྱུ་དེ་ཨང་གཉིས་པར་བརྩིས་ཡོད་པ་དང་གསུམ།

བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་སྐབས་བན་བོན་གྱི་གྲུབ་མཐའི་འཐབ་རྩོད་ཀྱི་མེ་ལྕེ་ཤུགས་ཆེ་རུ་སོང་ནས་བློན་མ་ཞང་ཁྲོན་པ་སྐྱེས་དང་སྟག་ར་ཀླུ་གོང་རྒྱ་གར་གྱི་སློབ་དཔོན་ཀ་ལ་ཤི་ལ་མི་ཕུགས་བལ་ཡུལ་ཡིན་པའི་གསང་བའི་མི་སྣ་སློབ་དཔོན་པདྨ་འབྱུང་གནས་སོགས་ཀྱི་མི་ཚེའི་རིན་ཐང་དང་རྩ་ཆེ་བའི་ཚེ་སྲོག་དག་བསྟུན་མར་ཕྱིར་ཡོང་མེད་པའི་སར་བསྐྱལ་བ་རེད།

ཁྲི་སྲོང་ཁོང་སྐབས་དེར་གཡོག་འོག་ཏུ་ཚུད་ཅིང་སློབ་དཔོན་པདྨ་འབྱུང་སོགས་ཀྱིས་བྲིད་ཆུན་ག་ཙམ་བཏུང་དུ་བཅུག་ཡོད་མེད་འུ་ཚོས་འདི་ནས་”སྦ་བཞེད “རིགས་མི་འདྲ་བ་ཁག་ལས་ཤེས་དགོས། དེ་ཡང་སློབ་དཔོན་གྱི་ཞལ་ནས་ ” བོད་འབངས་རྣམས་སྐྱིད་པའི་སླད་དུ་གནོད་ལས་ནོར་བསླངས། འཛམ་གླིང་གི་ནོར་ཁུངས་ཡོད་ཚད་བོད་དུ་འབྱུང་བར་བྱ། ངན་ཤོད་སོགས་ཆུ་དཀོན་པ་རྣམས་སུ་ཆུ་བཏོན་ནས་གྲམ་པ་ཐམས་ཅད་ཞིང་དུ་བསྒྱུར་ནས་ཞིང་གིས་བོད་ཀུན་འཚོ་བར་བྱ། གཙང་ཆུ་སྦུགས་སུ་འཇུག་པ་དང་། བྱེ་མ་ནགས་ཚལ་དང་ནེའུ་གསིང་དུ་བསྒྱུར། བོད་ཡུལ་ངན་པ་ཀུན་བཟང་པོར་བྱ”ཞེས་པ་འདིས་ཀྱང་སློབ་དཔོན་པདྨ་འབྱུང་གནས་སོགས་ཀྱིས་བོད་རྒྱལ་དང་བོད་ཀྱི་དབུ་ག་ཙམ་དཀྲུགས་ཡོད་མེད་ཅི་ལ་མི་ཤེས།

ཁྲི་སྲོང་རང་ཡང་སྣང་བ་ཡུད་ཙམ་འཁྲུལ་ནས་༼སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་པོ༽ རུ་ཁྲི་སྲོང་་གི་ཞལ་ན་རེ། ཆོས་འདི་རྒྱ་གར་ཀུན་གྱི་སྤྱོད། རྒྱལ་པོའི་ལོ་སྟོང་ཐུབ་པོ་ཟེར། ཚེ་ཕྱི་མར་ལྷ་རུ་སྐྱེ། ཞེས་གསུངས་ཡོད་འདུག སྐབས་དེར་གསང་བའི་མི་སྣ་ཁག་གིས་མགོ་གཡོགས་པ་དང་དབུ་དཀྲུགས་ནས་དེ་འདྲ་ཞིག་གསུངས་པ་རེད་འདུག་སྙམ་པ་འདི་བཞི་བཅས་སོ།།

མཐའ་སྡོམ་ལ་སྤྱིར་འུ་ཚོའི་གོང་མ་ནས་དམའ་རིམ་བར་ཡོད་ཚད་ཀྱིས་ཆོས་ལུགས་ལོ་རྒྱུས་སྲོལ་རྒྱུན་གང་ཡིན་ནའང་རང་ལ་ཡོད་པ་ལས་གཞན་རྒྱུ་ལ་མཐོང་ཆེན་བྱེད་པ་དང་གཞན་དག་ལ་ཁ་གདངས་ཡིད་སྨོན་བྱེད་པ་ནི་དངོས་ཡོད་ཅིག་རེད། ངས་འདི་ནས་དཔེར་མཚོན་ཆུང་ངུ་ཞིག་དྲངས་ན། སྦ་བཞེད་ལས། “དེ་ལ་ཁབ་རན་ཙམ་ན་བོད་ཀྱི་མི་ཐམས་ཅད་སྤྲེའུ་དང་བྲག་སྲིན་གྱི་བུ་ཡིན་པས་འདིའི་ཇོ་མོ་མི་འོས་འདི་ལ་རྒྱའི་བུ་མོ་ཞིག་སློང་བར་ཆད་དོ”། ཞེས་འབྱུང་། གོང་གི་དེ་སྒྲ་ནི་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གོ་དགོས་པར་འདུག

ཚིག་དུམ་འདི་ལས་འུ་ཚོ་བོད་མི་རྣམས་ལ་མཐོང་ཆུང་གི་འདུ་ཤེས་དང་ལྷག་ཏུ་བོད་པའི་བུད་མེད་རྣམ་ལ་མཐོང་ཆུང་དང་དམའ་འབེབས་ཀྱི་འདུ་ཤེས་ཆེན་པོ་མཐོང་ཐུབ།

སྤྱིར་ལོ་འདི་ཚོར་བོད་པའི་བུད་མེད་མང་ཙམ་གྱིས་ཕོ་མོ་འདྲ་མཉམ་ལ་རྩོད་ཀྱིན་སྔོན་གྱི་གོག་བགྲོད་ལས་ཧྲེང་གིས་འགྲོ་བར་འདོད་པའི་སྤོབས་པ་ནི་དངོས་གནས་བསྟོད་འོས་པ་ཞིག་རེད།

རང་ལ་ཡོད་པའི་སྲོལ་རྒྱུན་དང་དང་ལྟ་བ་འདི་དག་གཞིར་བཟུང་ནས་སྔོན་གྱི་ལོ་རྒྱུས་དང་ང་བརྒྱད་ཕྱིན་ཆོད་ཀྱི་ལོ་རྒྱུས་དག་ལ་གསར་རྗེའི་མགོ་ཞིག་འཛུགས་དགོས་པ་ནི་འུ་ཚོ་ན་གཞོན་ཚོའི་གཡོལ་དུ་མེད་པའི་འགན་ཁྲི་དེ་རེད་ཨང་།

ཕྱི་ལོ་2014ལོ་ཟླ་8པའི་ཚེས6ཉིན་ཡུལ་སྨད་ཀྱི་འབྲོག་སྡེ་ཆེན་མོ་ཞིག་ནས་ཁམས་ཀུན་དགའ་རྒྱ་མཚོས(ཁྲི.མཆོད་ཀོང)བྲིས་པའོ།