ལམ་ཕྱེད་ནས་ཕྱི་མིག་བལྟས་པ། འཇུ་སྐལ་བཟང་།

447/545

 

དགའ་སྐྱོ་གོམ་ལ་གཞལ་བའི་བཤུལ་ལམ་གྱི་ཁུགས་པར།།

སྐྱིད་སྡུག་ཚེ་ཕྱེད་ཟད་ལ་འགྱོད་པ་རང་མེད་ཀྱང་།།

ཨ་མའི་པང་ནས་རྙེད་པའི་ལྷན་སྐྱེས་ཀྱི་གཤིས་རྒྱུད།།

རྩྭ་མགོར་ཤིང་མགོར་ཟགས་ལ་ཕང་སེམས་ཤིག་ཤོར་སོང་།།

ང་རྒྱལ།

གཅུན་ཆེ་ན་རྒྱ་མོའི་བྱིའུ་རྐང་འདྲ།།

བསམ་བཞིན་དུ་རང་ལུས་ཕྱེད་ཀར་གཏོང་།།

སྦུད་ཆེ་ན་དབུགས་ཀྱི་ལྒང་བུ་འདྲ།།

ཚད་ཅིག་ནས་རང་ལུས་ཚལ་བར་འགས།།

ལས་དབང་།

རེས་འགའ་ཤིང་ལོ་རླུང་ཞོན་མ།།

འགྲོ་འདུག་གདམ་ག་འགའ་ཡང་མེད།།

རེས་འགའ་གླ་ལྤགས་བཟའ་མཉེད་མ།།

ག་སར་འཐེན་ན་དེ་སར་འོང་།།

ཉིན་གུང་གི་དབེན་པ།

གོག་མ་གེར་གྱིས་ལངས་པའི་རེ་སྦྲ་རིད་པོ་ན།།

བན་མ་བུན་དུ་ལྡང་བའི་དུ་བ་ནད་པ་ཞིག།

དྲོད་མ་འཇམ་དུ་ཤར་བའི་ཉི་ཐིག་རྙིད་པོ་ན།།

གཉིད་མ་སད་དུ་ལོག་པའི་བགྲེས་པོ་རྙིང་བ་ཞིག།

དགུན།

ལྗོན་ཤིང་ཡལ་གར་འཕྲེད་དུ་རེངས་པའི་མི་སྡུག་གཟུགས།།

ཁུ་བྱུག་ལྕེ་རྩ་དམ་དུ་བཅིངས་པའི་སྐྱོ་ཤས་སྒྲོག།

རྫི་བོའི་ལྷམ་ངོར་རིམ་གྱིས་མཁར་བའི་གངས་འཁྱགས་ལྕིད།།

ཆབ་རོམ་སྦུབས་ན་ལྷུང་ལྷུང་འབབ་པའི་རེ་བའི་རྒྱུན།།

མཛའ་བརྩེ།

གཡང་དཀར་པགས་པའི་སློག་པ་སྤུ་རིང་མ།།

ཇི་ཙམ་མཐུག་པ་དེ་ཙམ་སིམ་ནས་འོང་།།

རྫས་འགྱུར་སྐུད་པའི་ལྭ་བ་མཛེས་པོ་མ།།

ཇི་ཙམ་སྲབ་པ་དེ་ཙམ་བརྟོལ་དུ་མེད།།

སྙན་ངག་གི་རིན་ཐང་།

ཐོ་ཤོར་གྱི་མེ་ལྕེ་ཁ་ཚ་མས།།

འདོད་སྲེད་ཀྱི་ཅོ་ནས་བཟུང་གྱུར་དེ།།

རྒྱལ་ཁམས་འདི་འུར་གྱི་གང་བའི་དུས།།

ངུ་རྒོད་ཀྱི་གཏམ་དེ་སུ་ལ་སྒྲོག།

གྲངས་ལྷགས་ཀྱི་མཚན་མོ།

གངས་འཁྱགས་མལ་དུ་གནག་ཕྱུགས་སོ་སྒྲ་འཆའ།།

སྒོ་ཁྱི་ཟུག་པའི་གཅོང་སྐད་རླུང་གིས་འཁྱེར།།

སྦྲ་ནག་གོང་ཁ་རལ་བའི་བུ་ག་ན།།

ལྷག་པས་འཇུམ་པའི་སྐར་མ་ཁོང་འདར་བྱེད།།

རྩྭ་ཐང་གི་དགོང་སྲོད།

སྲོད་ཁའི་ཉི་མས་གྲིབ་མ་རིང་དུ་བསྲིངས།།

གཡང་དཀར་མ་བུ་འཕྲད་པས་འབའ་སྒྲ་སྒྲོག།

ཨོང་སྒྱེ་ཕྲག་པར་གཟར་བའི་གཞོན་ནུ་མས།།

རྡུལ་རླུང་འཐིབ་པའི་ལམ་ལ་རྒྱང་མིག་ལྟ།།

བག་ཆགས།

ནམ་ཞིག་རྟེན་མེད་རྣམ་ཤེས་འཁྱམ་པོར་གྱུར་པའི་ཚེ།།

ཁྱོད་དང་འུ་གཉིས་དུར་ས་གཅིག་ཏུ་སྦས་གྱུར་ན།།

ཁྱོད་ཀྱིས་དེ་རུ་གསེར་གྱི་སྒོར་མོ་ཁྲོག་ཁྲོག་བརྩི།།

ཁོ་བོས་ད་དུང་ལེགས་ཉེས་དགེ་སྐྱོན་འབད་པས་དཔྱོད།།