རྒྱ་སེར་གྱི་མཁས་པ་ཞིག་དང་ལྷན་དུ་ཁ་བརྡ་བྱས་པ།

445/545

ཕྱི་གླིང་གི་རྩོམ་པ་པོ་བོད་སྐད་ཤེས་མཁན་ཞིག་ན་རེ། བོད་མི་དབྱིན་ཡིག་མཚོན་པ་རེ་ཤེས་མཁན་ཁག་ཅིག་གིས་འཛམ་གླིང་གི་བརྩམས་ཆོས་གྲགས་ཆེ་བ་ཚང་མ་དབྱིན་ཡིག་སྤྱད་ནས་གསར་རྩོམ་བྱས་པ་ཞིག་ཏུ་འདོད་དེ་སོ་སོས་བཀླགས་པ་ནི་དངོས་དང་། རྒྱ་ཡིག་དང་བོད་ཡིག་ཐོག་ནས་བཀླགས་པ་དེ་རྫུན་མ་ལྟ་བུ་ཞིག་ཏུ་སྨྲ་བཞིན་འདུག་མོད་ནོར་བ་ཡིན། གྲགས་རྩོམ་མང་པོ་ཞིག་ཐོག་མར་ཧྥ་རན་སི་དང་འཇར་མན་སོགས་ཀྱི་སྐད་ཡིག་སྒང་ནས་ཡོང་ཞིང་། ལུང་པ་ཆུང་ཆུང་གི་སྐད་ཡིག་སྒང་ནས་ཡོང་བ་དེ་འདྲ་ཡང་མང་པོ་རེད། གང་ལྟར་གྲགས་རྩོམ་དེ་དག་ལོ་ཟླ་རིམ་ཕྱིན་གྱིས་དབྱིན་ཡིག་ཏུ་འགྱུར་བ་ལས་ཐོག་མ་ནས་ནི་བྱུང་མེད། སོང་ཙང་དབྱིན་ཡིག་ཏུ་འགྱུར་བ་ཚད་ལྡན་དང་ཡིག་རིགས་གཞན་དུ་འགྱུར་བ་ཚད་མ་ལྡེང་བ་ཞིག་ཏུ་འཛིན་རྒྱུ་མེད། དེ་ནས་དབྱིན་སྐད་དབྱིན་ཡིག་ཏོག་ཙམ་ཤེས་པ་བོད་པ་ཞིག་གི་ངོས་ནས་འཇོན་ཐང་ཞིག་ཡིན་ན་ཅི་ཤེས་ལས་ང་ཚོར་མཚོན་ན་ཁྱད་པར་ཅང་མི་འདུག དབྱིན་སྐད་དབྱིན་ཡིག་བྱང་ཆུབ་པ་ཞིག་ཤེས་ཀྱང་དེ་རྩོམ་རིག་ལ་གོ་བ་ལོན་པའི་སྒྲུབ་བྱེད་དུ་འགྲོ་དཀའ་ཙམ་གདའ། ཨ་རི་སོགས་ཀྱི་སྨད་འཚོང་མ། ཨར་ལས་པ། སྐྲ་བཟོ་པ་ཚུན་ཆད་ཀྱིས་དབྱིན་སྐད་དབྱིན་ཡིག་ཆུ་བཞུར་བཞུར་ལབ་ཤེས་ཀྱི་ཡོད་མོད། རྩོམ་རིག་ལ་ཁ་གཏད་དུས་ལྐུགས་པ་ལྟ་བུར་ཆགས་འགྲོ་བ་མང་པོ་རེད། དབྱིན་ཡིག་གི་རྩོམ་ལ་བལྟ་འདོད་ན་དབྱིན་སྐད་དབྱིན་ཡིག་ཤེས་དགོས་པ་ཤོད་མ་དགོས་ཀྱང་དེ་ཁོ་ན་ཞིག་གིས་འཐུས་ཀྱི་མེད། རྩོམ་རིག་ཡག་པོ་གོ་དགོས་ན་དེ་གོ་ཐུབ་བྱེད་ཀྱི་བསམ་བློའི་ནུས་པའམ་ཁྱད་ཆོས་མ་འདྲ་བ་ཞིག་དགོས་པ་རེད། ནུས་པ་དེ་མི་ཚང་མར་ཡོད་པ་ཞིག་ཀྱང་ཡིན་ལས་མི་ཆེ། ཁ་སང་ཁྱོད་ཀྱིས་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་ཡིག་རྙིང་གོ་བདེར་ཕབ་སྐབས་ཉམས་མྱོང་དང་ཚོད་དཔག་ལ་བརྟེན་ནས་མ་ཕྱིར་ཆད་པའི་ཚིག་མང་པོ་ཁ་སྣོན་བྱས་ཚུལ་ཞིག་བརྗོད་སོང་། དཔྱད་རྩོམ་ལ་ཅི་ཤེས་ཀྱང་སྙིང་སྟོབས་དེ་འདྲ་རྩོམ་རིག་འབྲི་ཀློག་གི་ཐད་ལ་དགོས་ཤག་ཤག་རེད་སྙམ། འགྱུར་ཡིག་ནི་རུས་ཀྲང་ལྟ་བུ་ཞིག་ལས་མེད་ཀྱང་སྐྱོན་ཡོད་པ་མ་རེད། དེ་ལ་ཁྲག་རྩ་རྒྱས་སུ་འཇུག་པ་དང་ཤ་ཚིལ་འཐོག་པར་བྱ་བ། མཐར་རྣམ་ཤེས་ཀྱི་བདག་ཉིད་ཅན་ཞིག་ཏུ་འགྱུར་ཐུབ་མིན་ཁྱོད་ཀྱི་སྒྱུ་རྩལ་སེམས་ཁམས་ལའང་འབྲེལ་བ་ཆེན་པོ་ཡོད་པ་རེད། དེ་མ་གཏོགས་རྩོམ་ཉིད་ཐོག་མར་སྐད་ཡིག་གང་གི་སྒང་ལ་བྲིས་ཡོད་ན་དེ་འབའ་ཞིག་དག་པར་སྙམ་སྟེ་མི་གཏོང་ཁུལ་བྱས་ཚེ། རྩོམ་རེ་རེ་གཉིས་རེའི་ཆེད་དུའང་སྐད་ཡིག་རེ་སྦྱོང་དགོས་ཐུག་རྒྱུ་རེད། དེ་ནི་ཚེ་དང་ཚེགས་གཉིས་ཀྱིས་ལྕོགས་པ་མིན། ཡང་གཅིག་ན་བཤད་ན་རྩོམ་མང་པོ་ཞིག་ལ་རྩོམ་པ་པོ་རང་ཉིད་ཀྱིས་ཀྱང་འདི་ཡིན་འདི་མིན་ཞེས་ཁ་ཚོན་གཅོད་མི་ཐུབ་ན་ང་ཚོས་ཀྱང༼མ་ཡིག་ངོ་མ་བོ༽ཞེས་བྱ་འཚོལ་བྱེའུ་འཚོལ་མ་བྱས་དྲག་སྙམ། ཞེས་ཐལ་ལོ། །

དེ་ལ་ངས། ཁྱོད་ཀྱིས་བཤད་པ་འཇིགས། མི་ལ་ལས། 二手货དང三手货ཞེས་འགྱུར་ཐག་ཉེ་མི་ཉེ་ལ་གཞིགས་ནས་ཀྱང་དག་མི་དག་ཅིག་ཤོད་ཀྱི་འདུག་མོད་སོ་སོའི་རྣམ་རྟོག་ཙམ་ལས་དངོས་གནས་བྱས་ན་ཁྱད་པར་མང་པོ་ཨེ་ཡོད་དམ། འགྱུར་ཐག་རིང་མིན་གྱི་ཆ་ནས་བསམས་ན། སངས་རྒྱས་ཀྱི་བཀའ་མང་པོ་ཞིག་ཐོག་མར་ས་ཆ་བྱེ་བྲག་པ་རེའི་སྐད་ཡིག་ཐོག་ནས་བྱུང་བ་ཡིན་ཚོད། དེ་ནས་པཱ་ལིའི་གཞུང་སོགས་སུ་རིམ་གྱིས་མཆེད་པར་གྲགས། ཡ་ལ་ཡུན་གྱིས་གཟོད་ལེགས་སྦྱར་སྐད་དུ་འཕེལ་རྒྱས་བྱུང་ཟེར། དེའི་ཡང་གཞུག་ཅིག་ནས་གཟོད་རྒྱ་བོད་སྐད་དུ་དྲངས་པ་ཡིན་རབས་འདུག་ན། དགེ་འདུན་ཆོས་འཕེལ་ལ་ཚིག་ཅིག་འདུག་པ་ངས་གསལ་པོ་དྲན་མ་སོང་མོད། གང་ལྟར་ཅི་ཅི་ཅིག་གི་བར་ཐག་རིང་བ་སྟེ་ཉི་ཉི་ཉིག་གི་བར་ཐག་དེ་ལས་རིང་ཞེས་པའི་དཔེ་རུ་སོང་འདུག་མོད་བྱ་ཐབས་ཟད། ཡང་གཅིག་བཤད་ན་དབྱིན་ཡིག་ཐོག་གི་འགྱུར་ཐམས་ཅད་པོ二手货ཡིན་པའི་ངེས་པ་མེད་ལ། 三手货ཡིན་པའང་འདི་དང་དེ་འདུག་ཅེས་བསམ་བློ་ཞིབ་ཏུ་བཏང་ན་ཡིད་ལ་འཁོར་བར་ལོས་བྱེད། གཞན་དུ二手货ཡིན་པ་ཙམ་གྱིས་འགྱུར་ལེགས་འགྲུབ་འབྱུང་བའི་ཁྱབ་པའང་མེད་འདྲ། བྲག་གདོང་བཀྲས་གླིང་དབང་རྡོར་གྱིས་དབྱིན་ཡིག་ནས་ཐད་ཀར་བསྒྱུར་པའི་ཤིག་སི་པེ་ཡར་གྱི༼ཧམ་ལེཀྲི༽[Hamlet]དང༼རའོ་མེ་དང་ཇུ་ལེཀྲི༽[Romeo and Juliet]གཉིས་ཡོད་པ་རེད་མོད། བོད་ཡིག་སྒང་ནས་དག་ཚར་ཀློག་མཁན་གཅིག་ཀྱང་བྱུང་ཨེ་ཡོད་སྙམ། ཞེས་པར།

ཁོ་རང་ཉམས་འུར་ནས། དེ་རེད། དེ་རེད། ཁྱོད་ཅག་གིས་ང་ཚོའི་དབྱིན་སྐད་དབྱིན་ཡིག་ལ་ཤ་ཐང་ཐང་གིས་འབད་པ་ནང་བཞིན་ངས་ཀྱང་མི་ལོ་ཧྲིལ་པོ་བཅུ་གཉིས་ཐམ་པར་བོད་སྐད་བོད་ཡིག་བསླབས་པ་ཡིན་མོད། སྐད་ཆ་དང་འགྲོགས་པའི་རིག་གནས་ཀྱི་བྲོ་བ་ཕྲ་མོ་མང་པོ་ཞིག་ད་དུང་ཡང་མྱོང་ཤེས་ཀྱི་ཡོད་ས་ཨེ་རེད། ཏན་ཏན་མེད་ས་རེད་སྙམ་བཞིན་ཡོད། བོད་ཡིག་གཏན་ནས་བསླབས་མ་མྱོང་མཁན་ཞིག་དང་བསྡུར་ན་ང་ཡག་པོ་ཡོད་དང་ཡོད། རེད་དེ་བོད་པ་གཤའ་མ་ཞིག་གི་འཁྲིས་ནས་ནི་ངས་ཤེས་པ་ནི་དངོས་གནས་དྲང་གནས༼རྟེན་འབྲེལ་ཙམ༽ལས་ཅི། ༼རྟེན་འབྲེལ་ཙམ༽པོ་དེར་བརྟེན་ནས་ང་སོགས་ལ་བོད་ཡིག་གི་ཤེས་རམས་པའི་མིང་སོགས་ཀྱང་བདེ་བླག་ཏུ་ཐོབ་མོད། ངའི་བོད་སྐད་ཀྱི་གདངས་མ་དག་པ་དང་བཤད་སྟངས་ག་ཕྱི་ལོག་པ་མང་པོ་ཞིག་འབྲོག་པའི་བྱིས་པ་ལོ་བརྒྱད་དགུ་ཅན་ཚོས་ཀྱང་དགག་སྒྲུབ་མཐིལ་ཕྱིན་པ་བྱ་ཐུབ་མདོག་ཁ་པོ་ཡིན། བྱས་ཙང་ལོ་ཙཱའི་ཐབས་ལམ་གང་འདྲ་ཞིག་ལ་བརྟེན་ནས་ཀྱང་བརྒྱ་ཆའི་མང་ཙམ་ཞིག་ཕར་བསྐྱལ་ཚུར་ལེན་བྱས་ཡོད་ན་ལས་ཆ་ཚང་དང་ཧྲིལ་པོ་ཞིག་ཡོང་ཐུབ་ཀྱི་ཨེ་ཡོད་སྙམ། ང་སོགས་བོད་ས་བོད་ཡུལ་ནས་དུས་ཡུན་རིང་པོ་འདི་ཙམ་ཞིག་བསྡད། བོད་ཀྱི་རུ་ནང་དུ་སོང་། བོད་ཀྱི་གཡག་ལུག་གི་ཤ་དང་རྩམ་པ་འོ་མ་སོགས་ལོབས་པའི་བར་དུ་སྤྱད། བོད་ཀྱི་བུད་མེད་དང་འདུས་པ་སོགས་བོད་རྐྱང་རྐྱང་གི་ནང་ལ་ཟུག་བསྡད་པ་དེ་འདྲ་ཤ་སྟག་ཡིན་ཡང་། བོད་སྐད་བོད་ཡིག་གི་ཤེས་ཚད་བྱང་ཚད་ནི་ཆེས་མཐའ་སྡུག་མིན་པ་ཙམ་དུ་ཟད་ན། བོད་པ་ལ་ལ་ཞིག་གིས༼ཁྱིམ་གྱི་མལ་དུ་དཔྱད་དེ༽དབྱིན་སྐད་དབྱིན་ཡིག་གི་ཟ་སྐད་འཐུང་སྐད་ཙམ་ཤེས་པ་ལ་བརྟེན་ནས་སྐད་སྟོང་ཡིག་ཁྲིའི་སྒང་གི་རྩོམ་རིག་གི་ཉམས་དང་བྲོ་བ་མ་ལུས་རྟོགས་ཚར་བ་ལྟ་བུ་ཞིག་སྨྲ་བཞིན་པ་དེར་སྙིང་ནས་ཁྲེལ་བ་ཞིག་བྱུང་། ཞེས་ཐལ་ལོ། །

དེ་ལ་ངས་འདི་སྐད། མི་ཚེ་ཧྲིལ་པོར་བསླབས་ཤིང་སྦྱངས་ནས་ཡོང་བའི་ཕ་སྐད་མ་ཡིག་ཀྱང་གལ་ལ་ཐུག་དུས་ཚིག་སྐྱོན་དོན་སྐྱོན་མེད་པ་ཞིག་སྤྱོད་མི་ཤེས་ཤིང་ཡག་པོ་ཞིག་གོ་ཡང་མི་ཐུབ་པ་དེ་ཚོས། དུས་ཐུང་ལོ་ཟླ་ཁ་ཤས་ལ་བརྩོན་ཁུལ་བྱས་པའི་གཞན་རིགས་ཀྱི་སྐད་བརྡ་འདི་དང་དེའི་ཐོག་ནས་ཐམས་ཅད་ཤེས་ཤིང་ཡོངས་རྫོགས་རྟོགས་སོང་བ་ལྟ་བུ་ཞིག་ཤོད་བཞིན་པ་དེར་ང་ཡང་སྔོན་ནས་ཡིད་མི་ཆེས། གཞན་ཡང་། ༼དབྱིན་ཡིག་ཤེས་པ་རེད༽ཅེས་པའི་འུར་རླབས་དེ་དང་འགྲོགས་པའི་འུར་རླབས་གཞན་ཞིག་ནི། ༡ ༼ང་ཨ་རིའམ་དབྱིན་ཇིའི་མཐོ་རིམ་སློབ་གྲྭ་ག་གེ་མོ་ནས་ཡོང་བ་ཡིན་པས་ཐམས་ཅད་ངས་ཤེས་ཡོད༽ཅེས་དང་། ༢ ༼མོའི་དཔེ་སྒྲོམ་དུ་འཛམ་གླིང་གི་གྲགས་དེབ་དེ་དང་འདི་འདུག་པས་མོས་མ་ཤེས་པ་ཞིག་ཡོད་མི་སྲིད༽ཅེས་པ་སོགས་རེད། དང་པོ། དཔེ་བཞག་ན། བླ་བྲང་ནས་ཐོན་པ་ཐམས་ཅད་དཀོན་མཆོག་འཇིགས་མེད་དབང་པོ་ལྟ་བུ་ཤ་སྟག་ག་ལ་ཡིན། མང་པོ་ཞིག༼ཏ་ལའི་འདབ་བཞིན་ཤམ་ཐབས་རྡོག་ག་བརྒྱབ་སྟེ་ཐ་ཆད་ལག་ཆ་ལྕགས་གྲི་ཇ་ཤིང་བཟུང༽བའི་གྲས་ཡིན་པ་དགེ་ཆོས་ཀྱིས་སྔོན་ནས་བཤད་ཚར་ཡོད། བླ་བྲང་འདྲ་བ་ཞིག་ལ་ཆ་མཚོན་ནའང་ལོ་ངོ་སྟོང་ཕྲག་ཡས་མས་ཀྱི་རིང་ལ་དཀོན་མཆོག་འཇིགས་མེད་དབང་པོ་ལྟ་བུའི་སྐྱེས་བུ་གཅིག་གཉིས་ཙམ་འབྱུང་ཨེ་ཐུབ་བམ། དེའི་སྟབས་ཀྱིས་སེ་འབྲས་དགའ་གསུམ་ནས་ཐོན་པ་རེད་དང་། བོད་བརྒྱུད་ནང་བསྟན་སློབ་གླིང་ནས་ཐོན་པ་རེད་དང་། རྫོགས་ཆེན་ནས་ཐོན་པ་རེད་ཅེས་འདུག་སའི་ཁང་པ་གསེར་ཡིན་པའི་རྒྱུ་མཚན་གྱིས་འདུག་མཁན་མི་ཡང་གསེར་ཡིན་པ་ལྟ་བུ་ཞིག་ལབ་བཞིན་པར་ཆོ་དེ་ཙམ་མེད་སྙམ། གཉིས་པ། སུ་གང་ལ་གྲགས་དེབ་ཡོད་པ་བདེན་དུ་ཆུགས་ཀྱང་དེས་དེ་བཀླགས་ཡོད་མེད་ཅི་ལྟར་ཤེས། བཀླགས་ཀྱང་ཡོད་པ་བྱོས་དང་གོ་ཡོད་མེད་ཅི་ཆ། འབྲོག་པའི་ཁྱིམ་ཚང་མང་པོར་ཏིང་འཕགས་བསྐལ་གསུམ་དང་ཡུམ་དུམ་པ་བཅུ་གཉིས་ཀྱིས་མཚོན་པའི་གྲགས་དཔེ་སྣ་ཚོགས་ཡོད་ཀྱང་། དེ་དག་གི་ཞིབ་ཕྲའི་ནང་དོན་ཕར་ཟད་ལེའུ་དང་ས་བཅད་ལྟ་བུའི་སྤྱིའི་ཁ་ཕྱོགས་ཤིག་ཀྱང་ལེགས་པར་ཤོད་མཁན་ཨེ་ཡོད་དམ། བྱས་ཙང་རྣམ་པ་ཙམ་ལ་འཇིགས་ནས་དད་མི་དགོས་སར་དད་པ་དང་མཚར་མི་འོས་སར་མཚར་བ་ནི་དེང་གི་གཞོན་ནུའི་ཚོའི་སྐྱོན་ཆེ་ཤོས་རེད་སྙམ། དེས་ན། ཡོད་ཚད་ཀྱི་ཡོད་ཚད་བཤད་པའི་གཏམ་དང་བྲིས་པའི་རྩོམ་གྱི་སྟེང་ནས་གཞལ་ན་དོན་དང་མཐུན་པར་སེམས། ཞེས་སྨྲས་སོ། །

༢༠༡༤ ༥ ༢༡ སེང་རྡོར་གྱིས།