སེམས་ཀྱི་མཐུན་པ་སྤུན་བཞི།

440/545

ཁ་བ་གངས་ཅན་གྱི་ལྗོངས་སུ་མཐུན་སྒྲིལ་གྱི་མིག་དཔེར་འོས་པའི་རི་མོའི་སྒྲུང་འདི་མདོ་དབུས་ཁམས་གསུམ་ལ་ཁྱབ་པ་ཡིན། མཐུན་པ་སྤུན་བཞིའི་སྒྲུང་འདི་ཡི་ནང་ལ་སྲོག་ཆགས་ཆེ་ཆུང་བཞིས་རང་ཉིད་ཀྱི་འཇོན་ཐང་ཆེ་ཆུང་དང་། སྟོབས་ཤུགས་སམ་ནུས་ཤུགས་ཆེ་ཆུང་སོགས་ལ་མི་ལྟོས་པར་སེམས་དཀར་གཞུང་དྲང་གི་སྒོ་ནས་རྒན་བཀུར་གཞོན་སྐྱོང་གི་གོ་རིམ་འདི་ལྟར་བསྒྲིགས་པ་ཡིན་འདུག དེ་སྔར་ཡུལ་ཀ་ཤི་ཞེས་བྱ་བའི་ནགས་གསེབ་ཅིག་ན་སྲེག་པ་དང་།རི་བོང་།སྤྲེའུ། གླང་ཆེན་བཅས་མཉམ་འཛོམས་བྱུང་བའི་ཚེ་ན་རང་རང་གི་གནས་ཚུལ་གསལ་བོར་སྨྲས་ནས།རོགས་རམ་དང་གུས་བཀུར་སོགས་འཆམ་མཐུན་གྱི་གྲོས་མོལ་བྱས་ནས་ཐག་གཅོད་བྱས་པ་ཡིན།ལམ་ལ་འགྲོ་འོང་བྱེད་སྐབས་སུ་ལོ་ན་གཞོན་ཅིང་སྟོབས་ཤུགས་ཆེ་བའི་གླང་བོ་ཆེའི་སྟེང་ལ་ཅུང་ཙམ་རྒན་པ་སྤྲེའུ་དང་། སྤྲེའུ་ཡི་སྟེང་ལ་དེ་ལས་ཅུང་ཙམ་རྒན་པ་རི་བོང་དང་། རི་བོང་གི་སྟེང་ལ་དེ་ལས་ཅུང་ཙམ་རྒན་པ་སྲེག་པ་ཞོན་ནས་འགྲོ་བའི་གོམས་གཤིས་བཟང་པོ་ཆགས་པ་ཡིན།བོད་པའི་ཁ་དཔེ་ཞིག་ལ་མིས་མི་བཀྱག་ན་མི་དཔོན་དང་ལྷ་དཔོན། ཤིང་གིས་ཤིང་བཀྱག་ན་ལྷ་ཁང་དང་གསེར་ཁང་ཞེས་པའི་དཔེ་ལྟར།དེ་ཡང་ཕྱི་རྣམ་འགྱུར་གྱི་མཐུན་སྒྲིལ་ཙམ་མ་ཡིན་པར་ནང་སེམས་ཁམས་ཀྱི་སྟེང་ནས་གཅིག་གིས་གཅིག་ལ་བརྩེ་བ་དང་ཡིད་ཆེས་གདེང་འཇོག་གུས་ཞབས་བཅས་བྱས་ནས་ལག་ལེན་དངོས་ཀྱི་སྟེང་དུ་ཁེལ་ཐུབ་པ་ཞིག་བྱུང་ན་ད་གཟོད་ཡར་རྒྱས་ཀྱི་ལམ་སྣེ་ཟིན་པ་ཡིན་འདུག དེའི་ཕྱིར་ད་ལྟ་ཆེད་མཁས་པ་དག་གི་མགྲིན་གཅིག་དང་དབྱངས་གཅིག་གིས་མཐུན་འབྲེལ་ནི་སྟོབས་ཤུགས་ཡིན་ལ་སྟོབས་ཤུགས་ནི་ཡར་རྒྱས་ཀྱི་རྣམ་པ་ཡིན་ཞེས་བཤད་པ་ལྟར་དོན་དངོས་པོའི་གནས་ལུགས་ལ་ཡིན་འདུག ལྷག་པར་དུ་ནང་སེམས་ཁམས་ཀྱི་གཤིས་བཟང་འདི་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་བ་གཞིར་བཞག་གི་སྟེང་ལ་ཤེས་འཇོན་གཉིས་ལྡན་གྱི་མི་བུ་སྐྱེད་སྲིང་བྱེད་པ་ཧ་ཅང་ཁ་ཚ་དགོས་གཏུག་གི་བྱ་བ་ཡིན། ངོ་མ་ཕྱི་དངོས་པོའི་སྟེང་གི་དཔལ་འབྱོར་ཆབ་སྲིད་སོགས་ཡར་རྒྱས་ཅི་ཙམ་སོང་ཡང་བདག་འཛིག་དང་འདོད་རྔམ་སོགས་ཇེ་ཆེར་འགྲོ་བ་མ་གཏོགས་ང་རྒྱལ་དང་ཁོང་ཁྲོ་ཕྲག་དོག་སོགས་ཕྱི་དངོས་པོའི་སྟེང་ནས་སྒྱུར་ཐབས་མེད་པ་ང་ཚོའི་ཉམས་མྱོང་གིས་གྲུབ་པ་འདི་མངོན་གསལ་ལྟར་ཡིན། མལ་ནས་སྐྱིད་པོ་བྱས་ཏེ་རྐྱེན་ངན་དང་མ་འཕྲད་ཚེ་ཁ་སྟོང་ནང་ནས་ཚིག་སྟོང་ངམ་འགན་མི་ཁུར་བའི་སྐད་ཆ་གླེང་རྒྱུ་དཀས་ལས་ཁག་པོ་མ་རེད་མོད་འོན་ཀྱང་རང་སྟེང་དུ་རྐྱེན་ངན་ཅི་བྱུང་ཡང་ཀུ་ཡངས་༼སྒམ་དཀྱེལ་༽ངང་གདོང་ལེན་བྱས་ཏེ་སེམས་གཏིང་ནས་བཟོད་སྲན་ཐུབ་པ་བྱེད་རྒྱུ་གལ་ཆེན་དོན་སྙིང་ཡིན། བོད་མིའི་ངག་རྒྱུན་ན་ཚིག་བཤད་པ་མི་གཙོ་སྤྱོད་པ་གཙོ་ཞེས་པ་ལྟར་ཡིན། ཡ་རབས་སྤྱོད་བཟང་ངམ་སེམས་དཀར་གཞུང་དྲང་འདི་རང་རང་སོ་སོའི་རྒྱུད་ལ་སྐྱེ་ཐབས་བྱེད་པ་ཤིན་ཏུ་ནས་ཀྱང་གལ་ཆེན་ཡིན་པ་ངོ་ཤེས་པ་དང་ངོ་ཤེས་པ་ཙམ་གྱིས་མི་ཆོག་པར་ཉམས་སུ་ལེན་པ་གལ་ཆེ། ཟན་ཤེས་པས་མི་ཆོག་བཟའ་དགོས་པ་ལྟར་ཡིན། ལྷག་པར་དུ་ནང་ཆོས་པ་དག་གིས་འདི་ཕྱོགས་ལ་དོ་སྣང་དང་འགན་དང་ལེན་བྱེད་དགོས་ལགས། རྒྱུ་མཚན་ནི་ནང་ཆོས་ཞེས་པའི་ཚིག་འབྲུ་གཉིས་པོར་གོ་བ་ལེགས་པོ་ཆགས་རྒྱུ་ནང་བསྟན་རྗེས་འཇུག་པ་ཡོངས་ཀྱི་འགན་ཁྲི་དང་ལྷག་ཏུ་སྤྲུལ་སྐུ་དང་མཁན་པོ་དགེ་བཤེས་གྲྭ་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་འགན་འཁྲི་ཡིན་པ་རེད། ད་ལྟ་ནི་སྤྲུལ་མིང་འཛིན་པ་དང་མཁན་མིང་འཛིན་པ་སོགས་འགའ་རེས་རང་ཉིད་ཀྱི་འཇིག་རྟེན་གྱི་འདོད་བློ་སྒྲུབ་བྱེད་དུ་ནང་བསྟན་འདི་ཚོང་རྫས་ཀྱི་ངོ་བོར་བསྒྱུར་ཏེ་ཁ་གསོ་རྒྱབ་འགེབ་ཀྱི་ལག་ཆ་བྱེད་པ་ཤིན་ཏུ་མང་པོ་མཐོང་འདུག ནང་ཆོས་ཀྱི་ཕྱི་ཤུན་མཆོད་རྟེན་དང་ལྷ་ཁང་འཁོར་ཁང་ལྷ་སྐུ་སོགས་ནང་ཆོས་ཀྱི་གཙོ་བོར་ངོ་སྦྱོར་བྱེད་པ་དང་རང་ཉིད་ཀྱི་དེ་གཙོ་བོར་འཛིན་པ་ཤིན་ཏུ་མང་ནས་མང་དུ་འགྲོ་བཞིན་ཡོད།དེ་ལྟར་བྱས་ན་ནང་ཆོས་ཞེས་པ་དེ་ཕྱི་ཆོས་པའི་གོ་བ་ལེན་སོང་བ་མ་ཡིན་ནམ། དེ་དག་གཏན་ནས་མི་དགོས་པ་མ་ཡིན་ལ་དགོས་ངེས་ཡིན་མོད་དུས་རབས་ཀྱི་འགྲོས་དང་བསྟུན་པ་ཙམ་མ་གཏོགས་གཙོ་བོ་ནི་ལུང་རྟོགས་གཉིས་ཡིན་པ་གསལ་བོ་གསལ་རྐྱང་ཡིན།འདོད་རྔམ་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོར་གྱུར་ན་དེ་ནི་ནང་ཆོས་ཀྱི་གོ་བ་ལོག་པ་རེད་སྙམ། མདོར་ན་མི་སུ་དང་སུ་ཡིན་ཀྱང་མཐུན་པ་སྤུན་བཞིའི་མིག་དཔེ་འདི་ལ་བརྟེན་ནས་ཕན་ཚུན་མཐུན་སྒྲིལ་དང་བྱམས་བརྩེ་གུས་བཀུར་བྱེད་པ་ནི་འཛམ་གླིང་ཡར་རྒྱས་དང་བདེ་འཇགས་ཀྱི་དོན་མཚོན་ཡིན་པ་མཁྱེན་པར་ཞུ་ཞུ།

༢༠༡༤/༦/༢༡/ཨ་སྐྱོང་དགོན་བསམ་བཟང་ནས།