དོན་འགྲུབ་གཡང་མཚོའི་རྩོམ་ཡིག་གཉིས།

439/545

བྱིས་སྒྲུང་གསར་པ།

གནའ་སྔ་མོ་གནམ་གཤིས་ཧ་ཅང་ལེགས་པའི་དབྱར་དུས་ཀྱི་ཞོགས་པ་ཞིག འཕྱི་བ་ཞིག་སྤང་སྟེང་དུ་ཞོགས་ཟས་འཚོལ་བར་འགྲོ་དུས། ཨ་བྲ་ཞིག་ཀྱང་ལམ་ཞོར་དུ་ངོ་ཤེས་བྱུང་ནས་ཁོང་གཉིས་ཀྱིས་ས་མཐོའི་དབྱར་གྱི་མཛེས་ལྗོངས་དང་རང་རང་གི་འཚོ་བའི་སྐྱིད་སྡུག་སྣ་ཚོགས་གླེང་བཞིན་ཕན་ཚུན་མནའ་ཤག་གྲོགས་པོ་སྒྲིག་པ་རེད། དེ་ནས་མི་རིང་བར་ཁོ་ཚོའི་འཚོ་རྟེན་རྩ་སྔོན་ཉུང་དུ་སོང་སྟབས། འཕྱི་བ་དང་ཨ་བྲ་གཉིས་ཀྱི་དེའི་སྐོར་ལ་བསམ་བློ་སྣ་ཚོགས་བཏང་མཐར་འཕྱི་བ་ཡིས་རང་གི་གྲོགས་པོ་ཨ་བྲར་དམ་བཅའ་དང་ཁས་ལེན་བྱས་ཏེ་ངས་དབྱར་དུས་ཀྱི་རྩ་སྔོན་ལས་དགུན་ཁའི་རྩ་སྐམ་པོ་རྩ་བ་ནས་ཟ་ཡི་མིན་དེ་ལྟར་བྱས་ན་མ་འོངས་པའི་འཚོ་རྟེན་ལ་ཕན་ཐོགས་དང་སྐྱེ་ཁམས་དོ་མཉམ་ཡོང་རྒྱུར་ཕན་ཐོགས་ཡོད་ཅེས་རང་གི་བསམ་ཚུལ་གསལ་པོར་བཤད་པར། ཨ་བྲས་ཀྱང་ལམ་སེང་བསམ་བློ་ཞིབ་ཕྲ་མ་བཏང་བར་ད་འོ་ན་ངས་ཀྱང་དགུན་ཁའི་རྩ་སྐམ་པོ་ལས་དབྱར་གྱི་རྩ་སྔོན་རྩ་བ་ནས་ཟ་ཡི་མིན་དེ་ལྟར་བྱས་ན་འབྱུང་འགྱུར་གྱི་འཚོ་ཐབས་ལ་ཕན་པ་ཡོད་ཅེས་དམ་བཅའ་བཞག་པར་ཁོ་གཉིས་མོས་མཐུན་བྱུང་། དེ་ལྟར་དུས་ཚོད་ཀྱི་ཉིན་གྲངས་རེ་རེ་བཞིན་འདས་ཏེ་གྲང་ངར་ཆེ་བའི་དགུན་དུས་སླེབས་དུས། འཕྱི་བ་ནི་རང་གི་དམ་བཅའ་བཞིན་དགུན་ཧྲིལ་པོ་རྩ་སྐམ་པོ་མ་བཟས་པར་དགུན་ཉལ་གྱི་འཚོ་བ་བསྐྱལ་བཞིན། དབྱར་དུས་ཀྱི་ལོ་ཟླར་རེ་སྒུག་བྱེད་བཞིན་ཡོད། ཨ་བྲས་གྲང་ངར་ཆེ་བའི་དགུན་གྱི་ལོ་ཟླར་དཀའ་སྡུག་གི་འཚོ་བ་སྣ་ཚོགས་སྤྱོད་བཞིན་ལུས་པོའི་ཤ་ཡང་སྐམ་དུ་ཕྱིན་ཡོད་ཀྱང་ཁོའི་གྲོགས་པོས་ག་ལ་ཤེས། དུས་ཚོད་ཀྱི་མི་རྟག་འཁོར་ལོ་མུ་མཐུད་འཁོར་བཞིན་སླར་ཡང་དཔྱིད་དཔལ་གྱི་རྣམ་པ་གསར་དུ་བཞད་པས།འཕྱི་བ་ཡང་གཉིད་ལས་སད་དེ། མར་ཐོན་ཡོང་དུས་རྩ་སྔོན་གསར་པ་སྐྱེས་ཏེ་བདེ་སྐྱིད་ཀྱི་འཚོ་བའི་རྩ་ཆུ་ཕུན་སུམ་ཚོགས་པོ་ལོངས་སྤྱོད་བྱེད་རྒྱུ་བྱུང་བས་ལུས་པོ་ཡང་ཧ་ཅང་རྒྱགས་པ་དང་། བག་གྲོ་པོ་ཆགས་ཡོང་སྟབས་ ཨ་བྲ་ཡིས་རང་གི་གྲོགས་པོ་མཐོང་དུས་རང་ཉིད་རྩ་སྐམ་པོ་ཀྱང་ཀྱང་བཟས་ཏེ་ཤ་སྐམ་རུས་སྐམ་ཆགས་པ་མ་བཟོད་པར། སྔར་གྱི་དམ་བཅའ་སྐྱུར་ཏེ་རྩ་སྔོན་མཉམ་དུ་བཟས་སྟབས་དུས་དེ་ནས་བཟུང་ཨ་བྲ་ལུས་པོ་སྔོ་རིད་དུ་གྱུར་ནས་སྔར་ལས་མདོག་ཇེ་ཉེས་གྱུར་པ་མ་ཟད་དམ་བཅའ་ཉམས་པའི་རྐྱེན་གྱིས་དཔྱིད་ཀར་ཨ་བྲ་ལ་གཟའ་ནད་ཕོག་འགྲོ་གི་ཡོད། བྱས་ཙང་དེང་སང་གི་ཨ་བྲ་ཡང་དཔྱིད་ཀ་ཤར་བ་དང་ལུས་པོ་སྔོ་རིད་དང་སྤུ་མེད་ཀྱི་མདོག་ཉེས་གཟའ་ནད་ཅན་ཀྱང་ཀྱང་ཆགས་པ་རེད།

 

ཕོ་བྲང་པོ་ཏ་ལའི་འཆར་སྣང་།

གངས་ཅན་མེས་པོའི་རྣམ་དཔྱོད་མཐུ་རྩལ་གྱིས།། སྙན་གྲགས་ལྡན་པའི་ཕོ་བྲང་པོ་ཏ་ལ།། སྣ་ཚོཌ་ནོར་བུས་ཕྱུག་པའི་ཁང་བཟང་ནང་།། ངོོ་མཚར་རྟེན་སྐུ་ཁྱབ་པས་མིག་དབང་འཕྲོག ། རིན་ཐང་གཞལ་དུ་མེད་པའི་པོ་ཏ་ལ།། ཀུན་གྱིས་བསྔཌ་བརྗོད་ཁྱེད་ལ་གླུ་དབྱངས་འཁྱིལ།། མཇལ་བའི་སྐལ་བ་འདི་ལ་གོ་སྐབས་དབེན།། ཁྱེད་ལ་གངས་ཅན་བོད་ཀྱི་ལ་རྒྱས་ཕྱུག། ངེད་ཅག་རང་དབང་མེད་པར་མཇལ་འདོད་ཁྱེད།།

ཞེས་མཐོ་སྒང་ནོར་འཛིན་གྱི་དམར་པོ་རིའི་དབུ་རྩེ་ལ་མཛེས་སྡུག་དང་བརྗིད་ཉམས་ཀྱི་གསེར་འོད་ཁྲི་སྟོང་དང་བསྡོངས་ནས།ལོ་ཟླའི་ཉི་འོད་དང་ཆར་རླུང་མང་པོའི་ལྡང་ཤུལ་ཁྲོད།སྣང་དོགས་མེད་པར་ལྷིང་འཇཌ་ངང་འགྱིང་། བསྔོ་སྨོན་ཡིག་དྲུག་གི་དབྱངས་རྟ་སྙན་མོ་ཞིག་ལས།ངས་ཁྱེད་ནི་མེས་པོའི་བློ་གྲོས་སྟོང་གི་ཉིང་བཅུད་ཡིན་པ་ཤེས་ལ། བསང་དུད་ལྷོག་ལྷོག་གི་ལྷན་སྐྱེས་དྲི་བསུང་ཞིག་ལས།ངས་ཁྱེད་ནི་སྐྱེས་རྒུའི་དད་སེམས་ཀྱི་དྲོད་སྣང་འབར་བའི་དག་ཞིང་ཡིན་པའང་རྟོཌ། ཁྱེད་ནི་བོད་རིགས་ཀྱི་སྤོབས་པ་དང་སྙན་པ་སྤུར་སའི་རྨི་ལམ་གྱི་ཞིང་དང་། འཛམ་གླིང་ཡང་རྩེའི་གཙུག་རྒྱན་འཁྲུལ་མེད་རང་རེད་ཨང་། དེ་རིང་མེས་པོ་ཚོའི་ངོ་སོ་དང་གྲུབ་འབྲས་ལོངས་སུ་སྤྱོད་པའི་ང་ཚོས་དུས་རབས་ཀྱི་ཉི་གཞོན་གསར་པའི་བདེ་དྲོད་འོག་ཏུ་སྔོན་ཐོན་དང་ཡར་རྒྱས་ཀྱི་ལམ་བུ་སྙེག་བཞིན། གསར་གཏོད་དང་འཚོལ་སྙེག་གི་སྒོ་མོ་ཕྱེ་སྟེ་ཕོ་བྲང་པོ་ཏ་ལའི་ངོ་མཚར་གྱི་ལོ་རྒྱུས་ལ་ཚོན་མདོག་གསར་པ་ཞིག་བསྣན་ཐུབ་ན་ཅི་མ་རུང་།

 

རྩོམ་པ་པོ། དོན་འགྲུབ་གཡང་མཚོ།