བྱིས་སྒྲུང་ཁག་གཉིས།

432/545
༡ ༼རྒན་པོ་དང་མི་རྒྱུད་ནག་པོའི་ཕྲུ་གུ།༽
བསྒྱུར་མཁན། བདེ་ཁང་བྱམས་པ།
ཉིན་ཞིག། མི་རྒྱུད་དཀར་པོའི་ཕྲུ་གུ་ཁ་ཤས་སྤྱི་གླིང་ནང་དུ་རྩེད་འཇོར་རོལ་ནས་བསྡད་ཡོད་པའི་སྐབས་སུ།ཆིང་རླུང་གི་དབུགས་ལྒང་འཚོང་བའི་རྒད་པོ་ཞིག་དོས་འཁོར་འབུད་ནས་སྤྱི་གླིང་ནང་འཛུལ་ཡོང་བས།མི་རྒྱུད་དཀར་པོའི་ཕྲུ་གུ་དེ་དག་འཚང་ཁ་བཤིག་བཤིག་ཏུ་རྒྱུགས་ཕྱིན་ནས་མི་རེར་དབུགས་ལྒང་རེ་ཉོས་ཏེ་མཁའ་དབྱིངས་སུ་གློད་ནས་དགའ་ཚོར་ཆེན་པོས་དབུགས་ལྒང་གི་རྗེས་འདེད་བཞིན་རྒྱུགས་ནས་ཕྱིན་སོང་།ཁོང་ཚོའི་གཟུགས་བརྙན་མིག་ལམ་དུ་མི་སྣང་བར་གྱུར་རྗེས་མི་རྒྱུད་ནག་པོའི་ཕྲུ་གུ་ཞིག་འཚེར་སྣང་ཆེན་པོས་རྒད་པོའི་དོས་འཁོར་འཁྲིས་སུ་ཡོང་ནས།ཞུ་བ་ཕྲན་བུ་འཐེན་པའི་ངག་གདངས་ཤིག་གིས་བགྲེས་སོང་ལ།ཁྱེད་ཀྱིས་ང་ལའང་དབུགས་ལྒང་ཞིག་འཚོང་ན་འགྲིག་གམ་ཞེས་དྲིས་པས།རྒན་པོས་བྱམས་བརྩེ་དང་ལྡན་པའི་ངང་ནས་ཁོ་ལ་བལྟ་བཞིན་ངག་འཇམ་པོས།ལོས་འགྲིག།ཁྱེད་ལ་ཚོས་གཞི་ག་རེ་དགོས་སམ།ཞེས་དྲིས་པར།ཕྲུ་གུ་དེས་བློ་སྟོབས་ཆེར་བསྐྱེད་ཀྱིས་ང་ལ་ཚོས་གཞི་ནག་པོ་དགོས་ཞེས་བཤད་པས་ངོ་གདོང་སྟེང་འཇིག་རྟེན་གྱི་འགྱུར་བ་མ་ལུས་གསལ་བ་ལྟ་བུའི་རྒན་པོ་དེས་ཡ་མཚན་ཆེན་པོས་མི་རྒྱུད་ནག་པོའི་ཕྲུ་གུ་དེར་བལྟ་ཙམ་བལྟ་ཙམ་བྱས་ནས་དེ་མ་ཐག་ཏུ་དབུགས་ལྒང་ནག་པོ་ཞིག་ཁོ་ལ་སྤྲད།
ཕྲུ་གུ་དེས་དགའ་ཚོར་ཆེན་པོས་དབུགས་ལྒང་བླངས་བཞིན་དབུགས་ལྒང་ལག་ཏུ་རག་མ་ཐག་ལག་ཆུང་གློད་པས་དབུགས་ལྒང་ནི་ལྷགས་རླུང་བསིལ་བསིལ་དང་འགྲོགས་ནས་དལ་བུ་དལ་བུར་ནམ་དགུང་དུ་འཕུར་སོང་།
རྒན་པོས་ཕྱོགས་གཅིག་ནས་ནམ་མཁར་འཕུར་བཞིན་པའི་དབུགས་ལྒང་ལ་བལྟ་བཞིན།ཕྱོགས་གཅིག་ནས་ཕྲུ་གུ་དེའི་མགོ་བོ་ལ་ལག་པས་བྱིལ་བྱིལ་བྱས་ཏེ་ཕྲུ་གུ་དེར།ཁྱེད་ཀྱིས་ངེས་པ་བྱེད་ཨང་།དབུགས་ལྒང་ནམ་མཁའི་དབྱིངས་སུ་འཕུར་ཐུབ་མིན་ནི་ཁོའི་ཚོས་གཞི་དང་འབྲེལ་བ་མེད་པར།ཁོ་ཆིང་རླུང་གིས་ཁེངས་ཡོད་མེད་དེ་ཡིན་ཞེས་བཤད་དོ།
གཏམ་རྒྱུད་འདི་ལས་ང་ཚོར་གནས་ལུགས་འདི་འདྲ་ཞིག་ཤེས་ཐུབ་པར།གྲུབ་འབྲས་ནི་སྐྱེ་ཁུངས་དང་འབྲེལ་བ་གང་ཡང་མེད་པར།རང་གིས་རང་ལ་ཡིད་ཆེས་ཡོད་མེད་དང་འབྲེལ་བ་དམ་ཟབ་ཡོད་དེ།ང་ཚོའི་འཇིག་རྟེན་འདི་ཡང་རང་གིས་རང་ལ་ཡིད་ཆེས་ཡོད་པས་གསར་བསྐྲུན་བྱས་ཤིང་།རང་གིས་རང་ལ་ཡིད་ཆེས་ཡོད་ན།ཧུར་བརྩོན་ཆེན་པོས་རང་ཉིད་ལ་ལྡན་པའི་དགེ་སྐྱོན་ཐ་དག་དང་གདོང་གཏུག་བྱེད་ཕོད་ལ།འདི་ལྟ་བུའི་ཧུར་བརྩོན་དང་རང་གིས་རང་ལ་ཡིད་ཆེས་བྱས་པ་དེས་རང་ཉིད་ལེགས་འགྲུབ་ཀྱི་རི་རྩེར་འཛེགས་ཐུབ་རྒྱུར་རོགས་པ་ཆེན་པོ་བྱ་ཐུབ།
༼ཆུ་ལ་མཆོང་བའི་རི་བོང་།༽
བསྒྱུར་མཁན། བདེ་ཁང་བྱམས་པ།
རི་བོང་གི་བློ་ཁོག་ཧ་ཅང་ཆུང་བ་ནི་ཚང་མས་ཤེས་གསལ་ལྟར་ཡིན་ཞིང་།བློ་ཁོག་ཆུང་བ་དེའི་རྐྱེན་ལས་ཁོང་ཚོར་རྒྱུན་དུ་འཇིགས་སྐྲག་རྒྱུན་ཆད་མེད་པར་ཡོང་གི་ཡོད་ལ་འཇིགས་སྐྲག་དེ་དག་ནི་རྡོ་ལེབ་གཅིག་དང་མཚུངས་པར་རྟག་ཏུ་ཁོང་ཚོའི་སེམས་པ་ལྗིད་ཏིག་གེར་མནན་གྱི་ཡོད།
ཐེངས་ཤིག།རི་བོང་མང་པོ་ཞིག་ལྷན་དུ་འཛོམས་ནས་རང་ཉིད་ཀྱི་བློ་ཁོག་ཆུང་ལ་ནུས་པ་ཞན་པར་སེམས་སྡུག་དང་རང་ཉིད་ཀྱི་འཚོ་བའི་ནང་དུ་ཉེན་ཁ་དང་སྐྲག་སྣང་གིས་ཁྱབ་ཡོད་པར་དབུགས་རིང་དབང་མེད་དུ་ཤོར།
ཁོང་ཚོ་དེ་ལྟར་རང་ཉིད་ཀྱི་ལས་དབང་ག་ཚོད་ཀྱིས་མང་བ་གླེང་ན་དེ་རྩིས་ཀྱིས་སེམས་པ་སྐྱོ་རུ་སོང་ནས།དངོས་གནས་ཆག་སྒོ་མང་པོ་ཞིག་ཁོང་ཚོའི་ལུས་ཐོག་ཏུ་ཟགས་པ་དང་མཚུངས་ཤིང་།གཅིག་བྱས་ན་དེ་ནི་ཁོང་ཚོ་༼རི་བོང་༽དུ་གྱུར་བའི་རྒྱུ་རྐྱེན་ཡང་ཡིན་ངེས།གནས་སྐབས་འདི་འདྲ་ཞིག་ལ་སླེབས་སྐབས།ལྡོག་ཕྱོགས་ཀྱི་བསམ་བློ་དེ་ནི་ཤྭ་འོད་བརྡོལ་བ་ལྟར་ཕྱོགས་མཚམས་མེད་པར་བཞུར་ཡོང་བས།ཁོང་ཚོས་རང་ཉིད་སྐྱེ་དུས་ནས་སྟོབས་ཤུགས་དང་གཤོག་པ་མེད་ལ་སོ་ཡང་མེད་པས།ཉིན་ལྟར་ཤར་གབ་ནུབ་ཡིབ་ཀྱི་ཁྲོད་དུ་འཚོ་བ་སྐྱེལ་དགོས་ཤིང་།ཐ་ན་ཡོད་ཚད་ལ་སྣང་བ་མ་བཏང་བར་གཉིད་སྐྱིད་པོ་ཞིག་ཉལ་བསམ་ནའང་ག་རེ་ཡིན་ཡང་ཐོས་ཐུབ་པའི་རྣ་ཅོག་རིང་པོ་དེས་འགོག་རྐྱེན་བཟོས་པར་སྡུག་ཡུས་དང་འཁང་ར་བྱེད་བཞིན་དམར་པོར་གྱུར་བའི་མིག་ཟུང་དེ་ཡང་དེ་བས་དམར་མདངས་དོད་པར་གྱུར་ཞིང་།ཁོང་ཚོས་རང་ཉིད་ཀྱི་འདི་ལྟ་བུའི་འཚོ་བ་ནི་དོན་སྙིང་གང་ཡང་མེད་པ་ཞིག་ལ་ངོས་འཛིན་བྱས་ལ་ངོས་འཛིན་བྱས་པ་དེས་ཀྱང་ཁོང་ཚོས་རང་ཉིད་ལ་ཞེ་བསུན་བྱེད་པའི་འབྱུང་རྩ་ལྟ་བུར་གྱུར་བས།ཁོང་ཚོ་ཚང་མའི་སེམས་ལ་འདི་ལྟར་མི་ཚེ་གཅིག་འཇིགས་སྣང་དང་དངངས་སྐྲག་ཁྲོད་དུ་འཚོ་བ་ལས་ཤི་ནའང་ཡག་པ་མེད་དམ་སྙམ།
དེས་ན།ཁོང་ཚོས་མགྲིན་གཅིག་ཏུ་རི་མཐོ་ས་ཞིག་ནས་མཆོངས་སྟེ།རང་ཉིད་ཀྱི་ཚེ་སྲོག་ལ་རྫོགས་ཚིག་བཀོད་ནས་སྡུག་བསྔལ་ཡོངས་རྫོགས་མཇུག་སྒྲིལ་རྒྱུའི་ཐག་བཅད་ཅིང་ཐག་གཅོད་བྱས་རྗེས་ཁོང་ཚོ་མཉམ་དུ་བྲག་གཡང་ཕྱོགས་སུ་རྒྱུགས་ཏེ་མཚོ་ལ་མཆོངས་ནས་རང་སྲོག་གཅོད་དགོས་བསམ། སྐབས་དེར།སྦལ་པ་ཁ་ཤས་མཚོའི་འཁྲིས་སུ་ཙོག་པུར་བསྡད་ཡོད་པ་ལ།ཛ་དྲག་ཆེ་བའི་གོམ་སྒྲ་ཐོས་མ་ཐག་དགྲ་ཆེན་པོ་ཞིག་དང་འཕྲད་པ་ལྟར་ཆུའི་གཏིང་སར་འཛུལ་ནས་བྲོས་སོང་།
དེ་ནི་རི་བོང་ཚོ་རྒྱུན་དུ་མཚོ་འགྲམ་དུ་ཡོང་སྐབས་རྟག་པར་མཐོང་རྒྱུ་ཡོད་པའི་སྣང་ཚུལ་ཞིག་ཡིན།ཡིན་ནའང་དེ་རིང་རི་བོང་གཅིག་གིས་གློ་བུར་དུ་གནས་ལུགས་གང་ཞིག་ཤེས་རྟོགས་བྱུང་ནས་སྐད་ཤུགས་ཆེན་པོས།ཁྱེད་ཚོ་ལམ་སེང་རྒྱུགས་མཚམས་འཇོག་དང་།ང་ཚོ་སྐྲག་སྣང་དབང་གིས་ཤི་གྲབས་སྨྱོ་གྲབས་བྱེད་མི་དགོས་ཏེ།ད་དུང་ང་ཚོ་ལས་ཀྱང་བློ་ཁོག་ཆུང་བའི་སེམས་ཅན་མང་པོ་འདུག་ཟེར།
སྐད་ཆ་འདི་གོ་བ་དང་རི་བོང་ཚོའི་བསམ་རྒྱ་ཡང་གློ་བུར་དུ་ཆེ་རུ་ཕྱིན་ནས།ཤོད་ཐབས་བྲལ་བའི་བློ་སྟོབས་ཤིག་གིས་ལུས་གཟུགས་ཧྲིལ་པོ་ཁྱབ་པས།ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་ཁྱིམ་དུ་ལོག་སོང་།
གཏམ་རྒྱུད་འདི་ལས་ང་ཚོར་གནས་ལུགས་འདི་འདྲ་ཞིག་ཤེས་རྟོགས་ཐུབ་སྟེ།ང་ཚོ་སུ་ལའང་གནས་སྐབས་ཤིག་གི་རིང་ལ།བཏང་སྙོམས་མིན་པའི་ལས་དབང་དང་ཐུག་འཕྲད་བྱུང་ནའང་འཁང་ར་བྱེད་རྒྱུ་མེད་དེ།དོན་དངོས་ཐོག་འཛམ་གླིང་འདིའི་སྟེང་ང་ཚོ་ལས་བཀྲ་མི་ཤིས་པའི་མི་ཧ་ཅང་མང་པོ་ཡོད་ལ།ང་ཚོ་ལས་བཀྲ་མི་ཤིས་པའི་མི་དེ་དག་གིས་སྡུག་རུས་ཆེན་པོས་འཚོ་སྡོད་བྱེད་ཐུབ་ན།ང་ཚོ་འཚོ་སྡོད་བྱེད་མི་ཐུབ་པ་གང་ཡང་མེད་དོ།