སློབ་གསོའི་ཁྲོད་ཀྱི་རུལ་སུངས་པའི་རྫུན་རྐུབ་རྡོལ་བ།

431/545

ལར་སློབ་གསོ་ཟེར་བ་འདིའི་ཁྱབ་ཁོངས་ཤིན་ཏུ་ཆེ་ཞིང་བྲིན་ཁ་ཧ་ཅང་རྒྱུགས་པའི་འཛམ་གླིང་གི་གཙོ་རྒྱུགས་རིག་གནས་གཅིག་པུ་དེ་རེད། འདིར་རྒྱལ་ཁབ་ཀྱི་དབྱེ་མཚམས་དང་མི་རིགས་ཀྱི་དབྱེ་མཚམས་ཆོས་ལུགས་ཀྱི་དབྱེ་མཚམས་སོགས་གང་ཡང་མེད་པར་ཐུན་མོང་ལ་དབང་ཞིང་ཡོད་ཚད་ལ་མཁོ་བའི་རྩ་ཆེན་གྱི་ནོར་བུ་ཞིག་ཏུ་ཟད། དེར་བདག་གཅེས་ཤེས་མིན་སྐོར་དམངས་ཁྲོད་ཀྱི་བཤད་རྒྱུན་ཞིག་ལ་”མི་བུའི་བཟང་ངན་སློབ་གསོ་དང་ལོ་ལེགས་འབྱུང་མིན་ཆུ་ལུད་”ཟེར་བའི་བཤད་སྲོལ་ཞིག་ཆགས་འདུག་པ་འདི་ལས་དྲང་ལྡོག་གཉིས་ཀྱི་གནས་ལུགས་ཤིག་འཆད་བཞིན་འདུག ཐོག་མར་དྲང་ཕྱོགས་ནས་བསམ་ན་སློབ་གསོ་ལེགས་པོ་ཞིག་རྒྱུད་ལ་འཇགས་པའི་མི་བུ་དེས་བླང་དོར་གྱི་གནས་ལུགས་རྟོགས་ཤིང་འགན་འཁྲིའི་འདུ་ཤེས་ཟབ་པས་སྤྱི་ཚོགས་དེའི་ཁོར་ཡུག་ཀུན་ལ་ཕན་འབྲས་བླ་ན་མེད་པ་ཐོན་སྲིད། འོན་ཀྱང་སློབ་གསོ་ངན་པའི་ཤུགས་རྐྱེན་འོག་འཚར་ལོངས་བྱུང་བའི་མི་བུ་དེར་འགན་འཁྲིའི་འདུ་ཤེས་མེད་ཅིང་བསམ་པའི་གོ་རྟོགས་དམའ་ལ་རང་རྒྱུད་ལ་འཇགས་པའི་ངན་གཤིས་དེས་སྤྱི་ཚོགས་ཀྱི་བདེ་འཇགས་དང་མི་བུའི་རིན་ཐང་ལ་བརྩི་སྐུལ་མེད་པ་སོགས་མདོར་ན་གནོད་འཚེ་ཆེན་པོ་བཟོ་སྲིད། དེར་སློབ་གསོའི་ལེགས་ཉེས་ཀྱི་བསྡུས་དོན་ཙམ་བརྗོད་པ་ཡིན། སྐབས་བབ་ཀྱི་བརྗོད་བྱ་ནི་སློབ་གསོ་བའི་ཁྲོད་ཀྱི་རུལ་སུངས་དེ་དག་རྫུན་རྐུབ་བརྟོལ་རྒྱུ་དེ་ཡིན། དེ་ལྟར་བཤད་ན་རང་ཉིད་ཀྱང་ཅུང་མི་བདེ་བའི་སྣང་ཚུལ་ཞིག་འཕྲད་ཡོང་གི་འདུག རྒྱུ་མཚན་གང་ཡིན་ཟེར་ན་ང་ཡང་སློབ་གསོ་བ་ཞིག་གི་མིང་ཐོབ་ཡོད་ལ་ངས་སློབ་གསོའི་ཁྲོད་དུ་རུལ་སུངས་ཀྱི་གནས་ཚུལ་ལྷག་མྱོང་ཡོད་པས་སོ། དེ་ནས་གནས་ཚུལ་དངོས་དེ་བརྗོད་ཀྱི་ཡིན། དེར་གོ་རིམ་གསལ་པོ་ཞིག་སྒྲིག་མ་ཤེས་པར་སྣ་ཟིན་སྤུ་ཟིན་དུ་སོང་བས་ཀློག་པ་པོ་རྣམས་དགོངས་འགལ་རྩ་བ་ནས་མེད་པར་ཞུ།

གཅིག

མཐོ་རིམ་སློབ་གསོའི་གོ་གནས་ཁྲོད་དུ་ཡོད་པའི་བོད་ཀྱི་མཁས་མིང་ཅན་དེ་ཚོ་རེད། ཁོང་རྣམ་པའི་ཁོར་ཡུག་དེར་གཞུང་ལུགས་ལ་བསྟུན་ཏེ་གཏམ་སྙན་པོ་སྨྲ་བ་དང་མགོ་སྒུར་ལྕེ་མནར་བྱས་ཏེ་ལངས་ཕྱོགས་ཀྱང་ཁོང་ཚོར་བསྟུན་གང་ཐུབ་དགོས་པ་ལས་སྐྱོན་བརྗོད་དང་དོགས་འདྲི་དགག་སྒྲུབ་སོགས་མང་པོ་འགྲོ་ས་མེད་པ་ཞིག་རེད། དེའི་རྒྱུ་མཚན་གཙོ་བོ་ནི་ང་རྒྱལ་རིང་ལུགས་ཀྱི་བསམ་བློ་ཤུགས་ཆེན་དང་ཆོས་ལུགས་གྲུབ་མཐའི་ཞེན་ཆགས་ཆེན་པོ་ཡོད་རྐྱེན་རེད་ལ་ཐ་ན་རང་གི་མཚན་སྙན་སྲུང་སྐྱོབ་བྱེད་པའི་ཐབས་ཤེས་ཤིག་ཀྱང་རེད། གནས་ཚུལ་དེ་ནི་གཞོན་སྐྱེས་བློ་རིག་ཅན་མང་པོའི་རིག་སྟོབས་ལ་བཀག་རྒྱ་བཟོ་བར་ཁ་ཐུག་ཏུ་འགྱིང་བའི་དགྲ་བོ་ཏེ་བོད་ཀྱི་མཐོ་རིམ་སློབ་གསོ་བ་རྒན་གྲས་རྣམས་ཀྱི་ཁྲོད་དུ་ཁྱབ་ཆེ་བའི་རུལ་སུངས་ཀྱི་ནད་ཡམས་ཤིག་རེད། དེ་ལས་འཕྲོས་ཏེ་མཐོ་རིམ་གྱི་སློབ་གཉེར་བ་མང་པོར་དཀའ་ཁག་འཕྲད་བཞིན་པ་རེད་ལ་མ་ཚད་ཁོང་ཚོ་ནང་ཁུལ་དུ་གུ་ཡངས་ཀྱི་བགྲོ་གླེང་མེད་པར་རང་སྲུང་རིང་ལུགས་ཀྱི་གུ་དོག་པར་ཆགས་ཏེ་རིག་གནས་སྒེར་དབང་འདུ་ཤེས་ལས་སྤྱི་ཡོངས་ལ་ཁ་ཕྱོགས་མི་ཐུབ་པའི་གོམ་གཤིས་ངན་པ་ཞིག་རྒྱུན་འབྱམས་སུ་ཕྱིན་ཡོད་དེ་རེད།

གཉིས།

རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་ས་གནས་རྫོང་གྲོང་བརྡལ་སོགས་སུ་གནས་པའི་རྒྱལ་གཉེར་སློབ་གསོའི་ཁྲོད་ཀྱི་ཆེས་རྙོག་འཛིང་ཆེ་བའི་གནས་ཚུལ་ནང་སློབ་གསོ་བའི་རུལ་སུངས་དེ་དག་རེད། དེར་རྣམ་པ་མི་འདྲ་བ་ཅི་རིགས་ཀྱི་འོག་ནས་འབྱུང་བཞིན་པ་ཞིག་རེད། གཙོ་ཆེ་བ་ནི་ཡིག་ཚད་སྐར་གྲངས་ལ་བསྟུན་ཏེ་བྱ་ཉེས་ལག་བསྟར་གྱི་འཆར་གཞི་ཞིག་གཙོ་རྒྱུག་ཏུ་སོང་ཟིན་རྐྱེན་རེད། དེའི་ཐོག་མའི་དམིགས་ཡུལ་ནི་སློབ་གསོར་སྤུས་ཚད་ལེགས་པོ་ཞིག་ཐོན་ཆེད་གཏན་འབེབ་བྱས་པའི་ཐབས་ལམ་ཞིག་རེད། འོན་ཏེ་ལག་ལེན་དངོས་ཀྱི་ཁྲོད་དུ་སླེབས་སྐབས་ཐབས་ལམ་དེ་དཔལ་འབྱོར་རྩོད་འཐེན་གྱི་ལག་ཆ་ཙམ་དུ་ཆགས་སོང་བ་རེད། དཔེ་མཚོན་ཙམ་ཞུས་ན་རྒྱལ་གཉེར་སློབ་གྲྭ་འདི་དག་གི་ནང་དུ་རྩ་བའི་ཆ་ནས་ལོ་རེར་ཡིག་རྒྱུགས་ཆེ་བ་གཉིས་ཙམ་བཏང་ཏེ་སློབ་མའི་སྦྱང་འབྲས་ཀྱི་སྐར་གྲངས་ཕྱོགས་བསྡོམ་དང་དེར་གཞིགས་ཏེ་དགེ་རྒན་ལ་བྱ་དགའ་དང་ཆད་པ་སོགས་ལག་བསྟར་བྱེད་སྲོལ་ཡོད་རྐྱེན་དགེ་རྒན་ལ་ལ་ཞིག་གིས་རྣམ་ཀུན་ནས་ཤོག་ཐོག་གི་སྐར་གྲངས་ཡག་པོ་ཞིག་ཐོབ་ཕྱིར་སློབ་མར་སྐུལ་འདེད་བཏང་རྒྱུ་གཙོ་བོར་བྱས་ཏེ་སློབ་དེབ་ཁྲོད་ཀྱི་དཀའ་གནད་དང་གཙོ་གནད་དེ་དག་གོ་རིམ་ཡོངས་སུ་ལྡོག་བཅུག་པའི་ཁར་སློབ་གསོ་ཟེར་བའི་ཐ་སྙད་འདི་སྣ་གཅིག་རིག་གནས་ཤིག་ལ་བརྩིས་ཏེ་སློབ་ཁྲིད་བྱེད་སྲོལ་གྱི་ནད་ཡམས་ཤིག་ཁྱབ་བཞིན་ཡོད་པ་འདི་རེད། དེ་ལས་ཆེས་སྐྱུག་བྲོ་བ་ཞིག་ལ་རྒྱུན་གཏན་ཡིག་ཚད་བཟོ་བཅོས་སྐབས་སུ་ཐོན་བཞིན་པའི་གནས་ཚུལ་ཡ་མཚན་ཅན་ཞིག་ཏེ་དགེ་རྒན་ནང་ཁུལ་གྱི་འབྲེལ་ལམ་བཟང་མིན་ནས་སློབ་ཕྲུག་གི་སྐར་གྲངས་ལ་ཧེ་བག་བཏང་བའི་ཐབས་སྡུག་གི་ལས་ཀ་དེ་རེད། དེའི་ཐད་ནས་འདྲ་མཉམ་དང་དྲང་བདེན་ཟེར་བའི་འགྲོ་མིའི་རིན་ཐང་ལ་རྡོག་བརྫིས་བཏང་ཞིང་སློབ་གསོ་བས་སློབ་གསོར་བཙན་གཡེམ་བྱེད་བཞིན་པའི་རུལ་སུངས་ཀྱི་བྱ་ངན་ཞིག་ཏེ་དགོན་སྡེའི་ནང་གི་གསང་བ་ལྐོག་གྱུར་གྱི་གྲྭ་རྟ་ཟེར་བའམ་དགེ་ལྡན་ཕོ་རྒྱོ་ཟེར་བ་འདི་སྦས་གསང་བྱེད་ཚུལ་བཞིན་དགེ་རྒན་ནང་ཁུལ་གྱི་གསང་བ་ཞིག་རེད། ( ཁྱེད་ཚོས་མཁྱེན་དགོས་རྒྱུར་ངས་དེ་རིང་ནས་དེའི་སྐོར་གྱི་འབྲེལ་ཐག་རྩ་བ་ནས་གཅོད་ཀྱི་ཡིན།)

གསུམ།

ས་གནས་དང་རྫོང་ཁག་སོ་སོའི་བར་དུ་མཐོ་རྒྱུགས་དང་འབྲིང་རྒྱུགས་སོགས་ཀྱི་སྐར་གྲངས་འགྲན་བསྡུར་ལས་འཕྲོས་ཏེ་སློབ་གྲྭ་ཁག་སོ་སོའི་གྲུབ་འབྲས་བརྩོན་ལེན་བྱེད་སྟངས་ཀྱི་གནས་ཚུལ་ཞིག་རེད། དེར་མཚོན་ན་སློབ་གྲྭའི་མཚན་སྙན་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་གདེང་འཇོག་ཐོབ་མིན་ལ་འབྲེལ་བ་ཡོད་པ་མ་ཟད་སློབ་གྲྭའི་འགན་ཁུར་དབུ་ཁྲིད་ཀྱི་མ་འོངས་མདུན་ལམ་ལ་ཐད་ཀར་འབྲེལ་བ་ཡོད་པ་སོགས་དགེ་སྐྱོན་གང་རུང་འདུས་པའི་ཛ་དྲག་གི་གནས་ཚུལ་ཞིག་ཀྱང་རེད། དེའི་རྐྱེན་གྱིས་སློབ་གསོ་བས་གཤམ་འོག་གི་སློབ་མའི་དོན་དངོས་རིག་གནས་ཆུ་ཚད་ལ་འདྲ་མཉམ་མེད་པའི་གོ་ཆགས་ཤིག་བཟོ་བཞིན་པ་འདིའི་སྡུག་བསྔལ་སུ་ལ་བརྗོད། ལོ་ལྟར་མཐོ་རྒྱུགས་དང་འབྲིང་རྒྱུགས་དམའ་རྒྱུགས་སྐབས་རྒྱུགས་ལེན་ལྟ་སྐོར་བ་རྣམས་ཀྱིས་དོ་དམ་ཆེ་ཆུང་ལ་བསྟེན་ནས་སློབ་མའི་ཤོག་ཐོག་གི་སྐར་གྲངས་ལ་ཧེ་བག་ཆེན་པོ་བྱུང་བཞིན་ཡོད་པ་འདིར་སློབ་གསོ་སྟེང་གི་འདྲ་མཉམ་དང་ཡོད་ཚད་སློབ་མའི་ཆེད་དུ་ཟེར་བ་ཨེ་ཡིན་ནམ། ངས་བལྟས་ན་རང་རྒྱལ་གྱི་སློབ་གསོའི་ཁྱབ་ཁོངས་ཁྲོད་དུ་ནད་དུག་ཆེན་པོ་ཞིག་ཟིན་བཞིན་འདུག རྒྱ་ཆེ་ས་ནས་གླེང་ན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཐད་ཀར་འབྲེལ་བ་ཡོད་པའི་ནད་ཡམས་ཤིག་རེད། དེའི་ཐད་དགེ་རྒན་རྣམ་པས་ངེས་པར་བསམ་གཞིགས་གནང་དགོས་འདུག ”ལོ་བརྒྱའི་ཇུས་ཆེན་སློབ་གསོ་གཙོར་འཛིན་”ཟེར་བ་འདི་ལྟར་རྩ་བ་ནས་མ་རེད། ངས་རྣམ་ཀུན་ནས་ལས་རོགས་རྣམས་ལ་སྐབས་འགར་རྩེད་མོའི་ཚུལ་དུ་འདིའི་སྐོར་གླེང་གི་ཡོད་ལ་སྐབས་འགར་གདོང་ཐུག་ཏུ་ལངས་ནས་གནས་ཚུལ་དེའི་སྐོར་བཤད་ཀྱི་ཡོད། དེའི་ཐད་འགན་འཁྲིའི་འདུ་ཤེས་དང་སློབ་གསོར་ལྷག་བསམ་རྣམ་དག་ཞིག་ཡོང་རྒྱུའི་དམིགས་ཡུལ་ལས་གཞན་གང་ཡང་མེད། ང་ཚོས་ཁ་ནང་ལ་ཕྱོགས་ཏེ་བསམ་གཞིགས་ཡག་པོ་ཅིག་གནང་དང་། གཤམ་འོག་ནས་མིག་གཅེར་རེར་ནག་པང་དང་དགེ་རྒན་གྱི་ངོ་གདོང་ལ་ལྟ་བཞིན་ཡོད་ཚད་ང་ཚོར་ཡིད་ཆེས་དང་བརྩི་བཀུར་གྱིས་ཕྱུག་པའི་ཁོང་ཚོའི་ཐོབ་ཐང་དང་གྲུབ་འབྲས་ལ་ཁྱད་གསོད་བཏང་ན་དགེ་རྒན་ཟེར་བ་འདི་ཐ་སྙད་སྐམ་པོ་ཙམ་དུ་ཟད། དེ་ལྟར་ཡིན་ཙ་ན་ང་ཚོས་ངེས་པར་སློབ་གསོའི་ཁྲོད་ཀྱི་རུལ་སུང་བསྔོག་འདོན་བྱས་ཏེ་དེ་དག་མཐའ་སྤྲོད་དགོས་པ་ལས་དེར་འགེབ་སྲུང་བྱེད་ག་ལ་རུང་། མ་གཞི་ནས་བཤད་ན་ང་ཚོའི་འགན་འཁྲི་འདི་སློབ་གསོ་སྤུས་དག་བཅོས་མཁན་དང་སློབ་གསོ་ཡང་དག་ཞིག་ཆགས་རྒྱུར་འཐབ་འཛིང་བྱེད་མཁན་གྱི་རུ་འདྲེན་པ་ཞིག་ཡིན་པ་ལས་སློབ་གསོ་ཉམས་ཉེས་དང་སློབ་གསོར་དམར་གསོད་བྱེད་མཁན་གྱི་ཉེས་ཅན་པ་ཞིག་ཡེ་ནས་མིན་པས་སོ།།

༢༠༡༤/༩/༡ཉིན་དགེ་རྒན་དུས་ཆེན་འཆར་ལ་ཉེ་སྐབས་སུ།