བཤེས་སྤྲིངས་རྩ་འགྲེལ། འཕགས་པ་ཀླུ་སྒྲུབ།

429/545

རྩོམ་ཡིག་འདི་ནི་མི་ལོ་ཉིས་སྟོང་ལྷག་གི་སྔོན་ལ་བརྩམས་པ་ཞིག་ཡིན་ནའང་། བརྗོད་དོན་ད་ལྟའི་སྤྱི་ཚོགས་དང་ཤིན་ཏུ་མཐུན་ཞིང་། ལེགས་ཉེས་སྤང་བླང་གི་ཆ་དང་མིའི་སྐྱོན་ཡོན་ལ་བརྟག་ཚུལ་གསལ་པོར་བསྟན་ཡོད་པས། བསམ་བློའི་རང་བཞིན་དང་སློབ་གསོའི་རང་བཞིན་ངེས་ཅན་ཞིག་ལྡན། སློབ་ཚན་བསླབས་པ་བརྒྱུད། དོན་ལ་གོ་བ་ལོན་པའི་རྨང་གཞིའི་སྟེང་ཚིག་ཉུང་ཞིང་དོན་ཟབ་པའི་སྒྱུ་རྩལ་མཚོན་སྟངས་ཉམས་སུ་མྱོང་དགོས།

 

རྒྱན་པོ་འགྱེད་དང་འདུས་ལ་ལྟ་བ་དང་། །

ལེ་ལོ་སྡིག་པའི་གྲོགས་ལ་བསྟེན་པ་དང་། །

ཆང་དང་མཚན་མོ་རྒྱུ་བ་ངན་སོང་བ། །

གྲགས་པ་ཉམས་པར་འགྱུར་བ་དེ་དྲུག་སྤོང་། །

རྒྱན་པོ་འགྱེད་པ་སྟེ། ཆོ་ལོ་མིག་མངས་སོགས་རྒྱལ་སྐུགས་བཙུགས་པའི་ཤོ་སྦག་རྩེད་མོ་བྱེད་པ་དང་། སྐབས་མི་ཕྱེ་བར་སྐྱེ་བོ་མང་པོ་འདུས་པའི་དགའ་སྟོན་གྱི་ལྟད་མོ་ལ་ལྟ་བ་དང་། དུས་རྟག་ཏུ་སྦྱང་འོས་པའི་ཡོན་ཏན་ལ་བརྩོན་འགྲུས་མི་བྱེད་པའི་ལེ་ལོ་དང་། ལྟ་བ་དང་སྤྱོད་པ་ངན་པའི་གྲོགས་པོ་ལ་བསྟེན་པ་དང་། ཆང་འཐུང་བ་དང་། མཚན་མོ་ཁྱིམ་གཞན་དུ་འཁྱམས་པ་སྟེ་དྲུག་པོ་དེ་དག་རང་ལ་གནོད་པ་ཆེ་ཞིང་གྲགས་པ་ཉམས་པར་འགྱུར་བས། དེ་དག་དྲུག་པོ་སྤོངས་ཤིག་ཅེས་བསྐུལ་བའོ། །

 

རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང་། །

གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །

སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །

འཕྲོག་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད། །

ཡུལ་མཛེས་ཤིང་ཡིད་དུ་འོང་བ་ལ་སེམས་འཕྲོ་བའི་རྒོད་པ་དང་། ལས་ངན་པ་བྱས་པ་ཡིད་ལ་བཅངས་པའི་འགྱོད་པ་དང་། གཞན་དག་ལ་གནོད་འཚེ་བྱེད་འདོད་ཀྱི་གནོད་སེམས་དང་། སེམས་མི་གསལ་ཞིང་ཉོག་པར་བྱེད་པའི་རྨུགས་པ་དང་། གཉིད་ཀྱི་རྒྱུ་ལ་བརྟེན་ནས་སེམས་རང་དབང་མེད་པར་ནང་དུ་སྡུད་པར་བྱེད་པའི་གཉིད་དང་། ཁམ་ཟས་སོགས་འདོད་ཡོན་ལྔའི་བདེ་བ་དོན་དུ་གཉེར་བའི་འདོད་པ་ལ་འདུན་པ་དང་། ཡང་དག་པའི་ལམ་ལ་ཡིད་གཉིས་སུ་གྱུར་པའི་ཐེ་ཚོམ་སྟེ་སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར་འཇོམས་ཤིང་འཕྲོག་པར་བྱེད་པའི་ཆོམ་རྐུན་ལགས་པས་དེ་ལྟར་མཁྱེན་པར་མཛོད་ཅིག་ཅེས་བསྐུལ་བའོ། །

 

འཇིག་རྟེན་མཁྱེན་པ་རྙེད་དང་མི་རྙེད་དང་། །

བདེ་དང་མི་བདེ་སྙན་དང་མི་སྙན་དང་། །

བསྟོད་སྨད་ཅེས་བྱ་འཇིག་རྟེན་ཆོས་བརྒྱད་པོ། །

བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །

འཇིག་རྟེན་གྱི་གནས་ལུགས་བཟང་པོ་ལེགས་པར་ཤེས་པ་ཡིན་ནས་ན། འཇིག་རྟེན་མཁྱེན་པ་ཞེས་རྒྱལ་པོ་ལ་བོས་ནས། ནོར་ལོངས་སྤྱོད་སོགས་རྙེད་ན་དགའ་བ་དང་། མ་རྙེད་ན་མི་དགའ་བ། བདེ་བ་བྱུང་ན་དགའ་བ་དང་། མི་བདེ་བ་སྡུག་བསྔལ་བྱུང་ན་མི་དགའ་བ། རང་ལ་བསྟོད་ར་གཏོང་མཁན་བྱུང་ན་དགའ་བ་དང་། སྨད་ར་གཏོང་མཁན་བྱུང་ན་མི་དགའ་བ་བཅས་འདོད་པའི་ཕྱོགས་བཞི་དང་། མི་འདོད་པའི་ཕྱོགས་བཞི་རྣམས་བསྡོམས་པས་བརྒྱད་པོ་དེ་ལ་འཇིག་རྟེན་གྱི་ཆོས་བརྒྱད་ཆེས་བགྱི་བ་ཡིན་པས། བརྒྱད་པོ་དེ་དག་ལ་རང་གི་ཡིད་དགའ་བའི་ཡུལ་དང་། མི་དགའ་བའི་ཡུལ་གཉིས་ལ་ཆགས་སྡང་གིས་རིས་སུ་བཅད་པ་མིན་པར་མགོ་སྙོམས་པར་མཛོད་ཅིག་ཅེས་བསྐུལ་བའོ། །

 

སེར་སྣ་གཡོ་སྒྱུ་ཆགས་དང་སྙོམས་ལས་དང་། །

མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང་། །

རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང་། །
དབང་ཐང་ཆེ་བས་རྒྱགས་ལ་དགྲ་བཞིན་གཟིགས། །

རང་གི་ལོངས་སྤྱོད་ཀུན་ལ་བདག་འཛིན་དམ་པོས་གཞན་ལ་གཏོང་མི་ཕོད་པའི་སེར་སྣ་དང་། རང་གི་ཉེས་སྐྱོན་གསང་ནས་སྦས་པའི་གཡོ་དང་། གཞན་ལ་མགོ་སྐོར་གཏོང་བའི་སྒྱུ་དང་། རང་གི་ལུས་དང་ལོངས་སྤྱོད་ལ་བློས་མི་ཐོང་བའི་ཆགས་པ་དང་། དགེ་བ་སྒྲུབ་པ་ལ་སྤྲོ་སེམས་མེད་པའི་སྙོམ་ལས་དང་། ཡོན་ཏན་ཁྱད་པར་ཅན་རང་ལ་མེད་པ་ལ་ཡོད་སྙམ་དུ་ཁེངས་སེམས་བྱེད་པ་མངོན་པའི་ང་རྒྱལ་དང་། ཡུལ་ཡིད་དུ་འོང་བ་ལ་དམིགས་ནས་བློས་མི་ཐོང་བའི་འདོད་ཆགས་དང་། ཡུལ་ཡིད་དུ་འོང་བ་ལ་དམིགས་ནས་དེ་ལ་གཏིང་ནས་མི་བཟོད་པར་བྱེད་པ་ཞེ་སྡང་དང་། རིགས་མཐོ་བ་དང་། གཟུགས་ཀྱི་རྩལ་བཟང་བ་དང་། ཐོས་པ་སྟེ་ཤེས་བྱ་ཡོན་ཏན་ཆེ་བ་དང་། ལང་ཚོ་མཛེས་པ་དང་དབང་ཐང་དང་། སྟོབས་འབྱོར་སོགས་ཆོས་ལྔ་ཡི་སྒོ་ནས་རང་ཉིད་གཞན་ལས་ཆེ་བས་ལྷག་གོ་སྙམ་དུ་སེམས་པ་སོགས་བསམ་ཚུལ་དྲུག་པོ་གང་རུང་གི་སྒོ་ནས་ང་རྒྱལ་སྐྱེས་པ་དེ་ཡོན་ཏན་གོང་ནས་གོང་འཕེལ་དུ་འགྲོ་བ་ལ་གནོད་པ་ཆེ་ཤོས་ཀྱི་དགྲ་བོ་བཞིན་དུ་གཟིགས་ནས་སྤོང་དགོས་ཞེས་བསྐུལ་བའོ། །

 

མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ། །

སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ། །

མ་སྨིན་མ་སྨིན་པར་སྣང་སྨིན་ལ་ནི། །
སྨིན་པར་སྣང་ཞེས་བགྱི་བ་འདྲར་རྟོགས་མཛོད། །

མི་རྣམས་ནི་ནང་བསམ་པ་དང་ཕྱིའི་སྤྱོད་པ་གཉིས་མཐའ་གཅིག་ཏུ་མཚུངས་པ་དང་མི་མཚུངས་པ་སྣ་ཚོགས་ཡོད་པ་ཡིན་ཏེ། འགའ་ཞིག་ནང་གི་བསམ་པ་བཟང་པོ་མེད་ཀྱང་ཕྱིའི་སྤྱོད་པ་བཟང་པོ་ཡོད་ཤིང་ཏོག་ཨ་མྲའི་འབྲས་བུ་བཞིན་ནང་མ་སྨིན་ལ་ཕྱི་སྨིན་པ་དང་འདྲ་བ་ཞིག་དང་། འགའ་རེ་ནི། ནང་གི་བསམ་པ་བཟང་པོ་ཡོད་ཀྱང་ཕྱིའི་སྤྱོད་པ་བཟང་པོ་མེད་པ་ཤིང་ཏོག་ཨ་མྲའི་ནང་སྨིན་ལ་ཕྱི་མ་སྨིན་པ་དང་འདྲ་བ་ཞིག་དང་། ཡང་ཁ་ཅིག་ནི་ནང་གི་བསམ་པ་དང་ཕྱིའི་ཀུན་སྤྱོད་གཉིས་ཀ་བཟང་པོ་མེད་པ་ཤིང་ཏོག་ཨ་མྲའི་ནང་མ་སྨིན་པ་བཞིན་དུ་ཕྱི་ཡང་མ་སྨིན་པར་སྣང་བ་དང་འདྲ་བཞིག་དང་། ཡང་འགའ་རེ་ནི། ནང་གི་བསམ་པ་དང་ཕྱིའི་སྤྱོད་པ་གཉིས་ཀ་བཟང་པོ་ཤིང་ཏོག་ཨ་མྲའི་ནང་སྨིན་པ་བཞིན་དུ་ཕྱི་ཡང་སྨིན་པར་སྣང་བ་ཞེས་བགྱི་བ་དེ་དག་དང་འདྲ་བར་ལེགས་པར་རྟོགས་པར་མཛད་ནས། དེ་དང་མཐུན་པར་འགྲོགས་ལུགས་མཁས་པར་མཛོད་ཅིག་ཅེས་བསྐུལ་བའོ། ། ཚིགས་བཅད་འདི་ལ་དཔེའི་མིང་སྔོན་དུ་བཀོད་ནས་མིང་གི་རྗེས་སུ་མཚུངས་གསལ་གྱི་སྒྲ་སྦྱར་ཏེ། དཔེ་དོན་གཉིས་ཀའི་ཁྱད་ཆོས་ཐུན་མོང་དུ་སྟོན་པ་ཞིག་ཡིན་པས་ཚིགས་བཅད་ཀྱི་ཚིག་རྒྱན་སྦྱོར་སྟངས་ཁག་གཅིག་རེད།