སྐད་ཆ་དམར་རྗེན།

428/545

སེམས་ཀྱི་ཟབ་ས་རུ་ཉར་བའི་སྐད་ཆ་དམར་རྗེན་ཞིག་གླེང་ན་འདོད་པ་ནི། འགྲོ་བ་མི་ཡི་བསམ་བློའི་ནུས་སྟོབས་ནི་སྲོག་ཆགས་གཞན་དང་མི་འདྲ་བའི་དངོས་པོའི་གནས་ལུགས་ལ་ཕྲ་ཞིབ་རིགས་པས་དཔྱད་སྤོབས་པའི་ཆེས་ཕུན་སུམ་ཚོགས་པའི་མི་ཡི་སྟོབས་ཤུགས་ཤིག་ཡིན་ཞིང་། མི་ཡུལ་གྱི་འཇིག་རྟེན་ནི་སྟོབས་ཤུགས་དེ་ལས་གྲུབ་པའི་ཆེས་ཡིད་དུ་འོང་བའི་མེ་ཏོག་གི་ལྡུམ་ར་ཞིག་ཡིན། ལྡུམ་ར་དེའི་ནང་དུ་བཞད་པའི་བྱིས་པའི་ལོ་ཟླ་དང་ན་གཞོན་གྱི་ཚེ་སྲོག་དག་ནི་རྒྱུ་རྐྱེན་གང་མང་ཞིག་གི་འབྱུང་རིམ་ལ་བརྟེན་ནས་རིམ་བཞིན་ལང་ཚོའི་འདབ་མ་རྒྱས་དགོས་པའི་རེ་སྒུག་ཁྲོད་ཀྱི་མི་ཡུལ་གྱི་འཇིག་རྟེན་ལ་མཛེས་སྡུག་གསར་པ་སྟེར་མཁན་ཞིག་ཅི་ལ་མིན། དེས་ན་རང་ཉིད་དགོན་སྡེ་ཞིག་གི་འགོ་བའམ་མི་རིགས་ཤིག་གི་སྣེ་ཁྲིད་པ། ཡང་ན་རྒྱལ་ཁབ་ཅིག་གི་གཙོ་འཛིན་པ་ཞིག་ཡིན་ན་བྱིས་པའི་ལོ་ཟླ་དང་ན་གཞོན་གྱི་ཚེ་སྲོག་ནི་འབྱུང་འགྱུར་གྱི་མ་འོངས་པའི་མི་ཡུལ་གྱི་ལོངས་སྤྱོད་ཡིན་པ་གཙིགས་སུ་བཟུང་ནས། ནམ་ཡང་ཁོ་ཚོ་ལ་འོད་སྟོང་འབར་བའི་ལམ་ཁ་ཞིག་ནས་དོན་དམ་པའི་མི་ཚེ་དངོས་མ་ཞིག་འཚོལ་ཐུབ་པའི་རེ་བ་བཅངས་དགོས་པ་ལས། མཁྲེགས་འཛིན་གྱི་འདུ་ཤེས་དམ་པོ་ཞིག་གིས་མོས་ཕྱོགས་ཀྱི་འོག་ཏུ་བྱིས་པ་དང་ན་གཞོན་གྱི་ལོ་ཟླ་དེ་དག་འཛད་དགོས་པའི་ལམ་ལུགས་དེས། ཁོ་ཚོའི་ཡང་དག་པའི་མི་ཚེ་ལ་གཙང་མ་གཙང་རྐྱང་གི་བསམ་གཞིག་ནོན་མོ་དེས་འདང་མ་རྒྱག་པ་མཚོན་པ་མིན་ནམ། དེས་ན་ཁྱེད་ཚོས་ཅིས་ཀྱང་གུ་ཡངས་པོའི་འདུ་ཤེས་ཀྱི་བསམ་བློའི་འོག་ནས། ཉམ་ཆུང་བའི་མི་བུ་དེ་ཚོ་ལ་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་ཏེ། ཁོ་ཚོའི་མོས་མཐུན་གྱི་ཁྲོད་དུ་བཞེངས་པའི་མི་ཚེའི་ལམ་འགག་དེ་རུ་འགྲོ་བཅུག་པ་ནི་ཆེས་རིན་ཐང་གཞལ་དུ་མེད་པའི་ཤེས་རབ་ཀྱིས་བསྐྲུན་པའི་འོད་སྣང་གི་ལམ་འགག་ཅིག་བྱིན་པ་ཡིན་སྙམ། ཁྱེད་ཚོ་ལ་བསམ་བློའི་ནུས་ཤུགས་ཡོད་ན་ན་གཞོན་གྱི་མི་བུ་དག་ལ་ཚེ་སྲོག་གི་ལང་ཚོ་སྐྲུན་དང་། ཁྱེད་ཚོ་ལ་གུ་ཡངས་ཀྱི་ཤེས་རབ་ལྡན་ན་མུན་ནག་ནང་གི་རྨོངས་མི་འདི་ཚོ་འོད་མདངས་ཀྱིས་ཟིན་པའི་ལམ་ཁ་ཞིག་ཏུ་སྐྱོལ་དང་། ཁྱེད་ཚོ་ལ་མི་ཡི་རུས་རྐང་ཡོད་ན་ནུས་མེད་ཀྱི་བྱིས་པ་འདི་ཚོ་ལ་ཡང་དག་པའི་ཁ་ཕྱོགས་ཤིག་ངོས་བཟུང་དུ་ཆུག་དང་། ནམ་ཡང་བདག་གིས་ཁ་ཁོག་དམ་དུ་སྦྲེལ་བའི་སྐད་ཆའི་རྩེ་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཆོག་ཅིང་། གཡོ་དང་འཕྲུལ་གྱིས་མ་བསླད་པའི་གཡའ་དག་པའི་ཡིད་མཁའ་འདིས་ཀྱང་གུས་པ་དཔག་མེད་ཀྱི་རྩེ་རུ་བཞེངས་ཆོག མ་གཞི་ནས་མི་བུ་གང་མང་མང་ཞིག་འདི་དང་འདི་ལྟ་བུའི་ལམ་འཕྲང་དོག་པོ་ཞིག་གི་ནང་ནས་དཀའ་སྡུག་གི་མིག་ཆུས་སྙིང་ཁ་བརླན་ནས་འགྲོ་བཞིན་མཆིས་པས། བདག་སེམས་སྐྱ་བོའི་བསམ་གཞིག་གི་སྣེ་མོ་དེ་རུ་ནམ་ཡང་ཁོ་བ་ཚོའི་ཤི་མ་གསོན་གྱི་ལས་དབང་དེར་འཁོར་གྱི་འདུག་གོ། འགོ་འཛིན་པ། དཔོན་ཆེན་དག ཁྱེད་ཚོས་ཅིས་ཀྱང་བྱིས་དུས་ཀྱི་ལོ་ཟླ་དག་ལ་འདང་ཞིག་རྒྱོབ་དང་། ཁྱེད་ཚོས་ཅིས་ཀྱང་ན་གཞོན་གྱི་མི་ཚེ་ཡོངས་ལ་འགན་ཞིག་ཁུར་དང་། ཁོ་ཚོས་བདམས་ཟིན་པའི་མི་ཚེའི་ལམ་ཁ་དེ་རུ་འོད་སྣང་གི་གསོན་ཤུགས་མེད་པ་ག་ལ་ཡིན། ཁོ་ཚོ་འགྲོ་འདོད་པའི་མི་ཡུལ་གྱི་དག་ཞིང་དེ་རུ་དགེ་མཚན་གྱི་ཁོར་ཡུག་མེད་པ་ཅི་སྟེ་སྲིད། གལ་ཏེ་ཁྱེད་ཅག་ལ་ལྷག་བསམ་གྱི་གསོན་ཤུགས་ཡོད་ན་ལུས་ངག་ཡིད་གསུམ་གྱིས་ཉམ་ཆུང་གི་བྱིས་པ་དག་དང་ན་གཞོན་གྱི་མི་བུ་དག་ལ་མི་ཚེའི་ལྟ་བ་ཡང་དག་པ་ཞིག་དང་བསམ་བློའི་ཁོར་ཡུག་སྤུས་དག་པོ་ཞིག་བསྐྲུན་ཐུབ་པའི་ཐབས་ཇུས་འཐེན་པ་ལས། རང་ཉིད་ཀྱི་སྙན་གྲགས་ཕྲན་བུ་ཞིག་དང་གོ་ས་ནག་ནོག་ཅིག་གི་ཆེད་དུ་ཁོ་ཚོ་ལ་དབང་བའི་མི་ཚེའི་མཛེས་སྡུག་དང་མོས་ཕྱོགས་ཀྱིས་བདམས་པའི་ལམ་ཁའི་སྣེ་མོ་དེ་སྒེར་གཅོད་ཀྱི་བསམ་བློས་རྡོག་རྫིས་དང་། ལྟ་བ་ཆིག་ཆོད་ཀྱིས་གཉའ་གནོན་བྱས་པ་དེས་མི་ཡི་ཐོབ་ཐང་དང་། རང་དབང་རྩིས་མེད་དུ་གཏོང་ནས་ཐབས་སྐྱོ་བོའི་གདུག་རྩུབ་ཀྱི་སྦྱོར་བ་ངན་པས་ཉིད་ཀྱི་མི་ཚེའི་ནང་དུ་ཡ་ང་བའི་གཏམ་རྒྱུད་བར་མེད་དུ་བྲིས་པ་མིན་ནམ། ཀྱེ་མ། མུན་ནག་གི་འཇིག་རྟེན་འདི་ནས་ངའི་སྤུན་ཟླའི་ལས་དབང་དེ་ཚོ་ཅི་འདྲའི་སྐྱོ་བ་ལ་ཨང་། དུས་རབས་ཀྱི་ལོ་ཟླའི་འོག་གི་ངའི་གྲོགས་པོ་འདི་ཚོའི་མི་ཚེའི་གནས་སྟངས་དེ་ཅི་འདྲའི་ཕོངས་པ་ལ་ཨང་། གྲོགས་པོ་ཚོ། སྤུན་ཟླ་དག ཁྱེད་ཚོ་ལ་ཁག་མི་འདུག ཁོ་བོའི་སེམས་ཁུར་ནོན་མོ་ཞིག་གི་ཀློང་ནས་བདེན་པ་དང་བདེན་པ་སྦྲེལ་ཏེ། གནས་ལུགས་དང་གནས་ལུགས་སྦྱར་ནས་ཁྱེད་ཚོའི་བདེ་སྡུག་ཤེས་རབ་ཀྱི་མིག་གིས་རིག་གི་ཡོད། དཔྱོད་ཤེས་ཀྱི་བློ་ཡིས་རྟོགས་ཀྱི་ཡོད། ངའི་སེམས་ཁམས་ཀྱི་བསམ་གཞིག་ནོན་མོ་ཞིག་གིས་ཁྱེད་ཚོའི་མི་ཚེའི་གནས་ལུགས་གླེང་གི་ཡོད། ངའི་སྙིང་སྟོབས་ཀྱི་སྤོབས་པ་ངར་མའི་ཀློང་ནས་ཁྱེད་ཚོའི་ཁ་ཕྱོགས་ཀྱི་ཆོས་ཉིད་འབོད་ཀྱི་ཡོད། ཁྱེད་ཅག་གིས་ཀྱང་རང་དབང་གི་བདེན་དོན་གྱི་ཆེད་དུ་མགོ་བོ་མཐོ་མཐོ་དང་རྣ་བ་དཀྲོག་དཀྲོག་བྱེད་ནས་རྩོད་དགོས་ཤིང་རྩོད་ཀྱང་འོས། ནམ་ཡང་བདེན་དོན་གྱི་གནས་ལུགས་མེད་པའི་ཡུལ་ལུང་ཞིག་དང་། གུ་ཡངས་ཀྱི་འདུ་ཤེས་བྲལ་བའི་ཁོར་ཡུག་དེ་དང་། སྒམ་དཀྱེལ་གྱི་ལྟ་བ་དབེན་པའི་ཁྱིམ་གཞིས་དེ་ནས། མགོ་བོ་གུག་གུག་དང་གཉའ་བ་ཞུམ་ཞུམ་གྱི་ངང་དུ་མི་འཁོད་པར་རང་དབང་གི་ཐོབ་ཐང་ཆེད་དང་། འདྲ་མཉམ་གྱི་ལྟ་བའི་དོན་དུ། མགོ་བོ་གྱེན་དུ་བཏེགས་ཏེ་མགྲིན་པ་གཟེངས་སུ་ཐོད་དང་། ཁྱེད་ཅག་ལ་གནས་ལུགས་བརྗོད་མི་ལོང་པའི་རྒྱབ་ལྗོངས་ལྡན་ཞིང་། གཏན་ཚིགས་འཛད་མི་ཐུབ་པའི་རོགས་རམ་གྱི་སྐྱོར་མ་ཡང་འདུག ནམ་ཡང་ཤེས་རབ་ཀྱིས་བསྐྲུན་པའི་སྤོབས་པ་ཞུམ་མི་དགོས་ཤིང་། དཔྱོད་ཤེས་ཀྱིས་བརྙེད་པའི་སྙིང་སྟོབས་ཀྱི་མགོ་བོ་གུག་མི་དགོས་སོ།། སྙིང་ཉེ་བའི་ཀློག་པ་པོ་དག་དེ་རིང་ཕྲན་ཆུང་བདག་གིས་གློ་བ་ཉེ་བའི་སྤུན་གྲོགས་གང་མང་ཞིག་གི་ཆེད་དུ་ཆེན་པོ་གང་ཞིག་དང་དཔོན་པོ་མི་ཉུང་བ་ཞིག་ལ་རེ་སྐུལ་གྱི་ཚུལ་དུ་སྐད་ཆ་དམར་རྗེན༽་ཞེས་པའི་རྩོམ་ཐུང་འདི་བྲིས་པས་བདེན་པའི་གནས་ལུགས་དང་མ་མཐུན་ཞིང་། དྲང་པོའི་ཆོས་ཉིད་ལ་མི་འོས་པའི་སྐྱོན་ཆ་མཆིས་ན། གཡོ་སྒྱུ་ཡིས་སེམས་ཁོང་དུ་མི་ཉར་ནས་ཐད་ཀར་མཛུབ་སྟོན་གནོངས་པ་ལ་སྙིང་ནས་རེའོ།།