དབྱར་གཞུང་གི་མཚན་མོ།

427/545

མུན་པ་རུབ་སོང་། སྐར་མ་དང་ཟླ་བ་ག་ལེ་ག་ལེར་དགུང་གསལ་དབྱིངས་ནས་འཛུམ་གྱིས་མངོན་བྱུང་། ངས་ཉིན་གཅིག་གི་ངལ་དུབ་ཡོད་ཚད་དེ་མུར་མར་ལ་ཕབ་ནས་ཚ་སོབ་སོབ་ཀྱི་ཆུ་དུང་བན་གང་ནང་རྐང་པ་གཉིས་དལ་བུར་བཀྲུ་ཤོར་ཉིན་གཅིག་གི་བྱ་བར་ཕྱིར་འདང་ཞིག་བྱེད་བཞིན་དེ་བས་མ་འོངས་ཀྱི་སང་ཉིན་དེར་འཆར་གཞི་གསར་པ་ཞིག་ལ་སྙེགས་ནས་ཡོད། ཉིན་གཅིག་གི་སྡུག་ཡུས་དང་གསང་བ་དག་གང་སར་གཡུགས་ཆོག དེ་བས་རེ་བ་དང་སྟོང་བསམ་གྱི་རྒྱ་རུ་འཛུལ་མ་ཐོན་དུ་མཚན་མོ་དེ་བསྐྱལ་ཆོག

ཉིན་དེ་དག་ནང་། ཟླ་བ་དེ་དག་ནང་། ལོ་དེ་དག་ནང་ངས་མངར་སྐྱུར་འདྲེས་མའི་འཚོ་བ་དག་གི་ཁུད་ནས་ཡུན་རིང་ངལ་བས་གཙེས་པའི་ལུས་སེམས་ཟུང་རེ་ཞིག་ལྷ་ཡུལ་དུ་བསྐྱོད་པའི་འགྲུལ་བཞུད་ཀྱི་ཟིན་བྲིས་རིང་པོ་ཞིག་དང་འཁྲབ་ཚན་རིང་པོ་ཞིག་གི་སྣང་ཡན་ལ་བཀོད་དཀའ་བ་དེ་ཡང་དྲན། དུས་བཞིའི་མཚན་མོ་དུས་ཀྱི་འགྱུར་བས་མི་འདྲ་བས་ང་རང་ཆེས་དགའ་ས་དེ་ཡང་དབྱར་གཞུང་གི་མཚན་མོ་དེ་ལོས་ཡིན། བསིལ་བྱ་མངར་མོ་དང་རྨི་ལམ་ལྗང་ཁུས་བསླས་པའི་དབྱར་གཞུང་གི་མཚན་མོ་དེ་ལོས་ཡིན། མི་རྣམས་ཀྱི་ཉིན་མོ་དང་མཚན་མོ་སྐྱེལ་སྟངས་མི་འདྲ་བ་དང་ཕྱོགས་སོ་སོའི་དགའ་ལུགས་མི་འདྲ་བ་ནི་གཙོ་བོ་བརྟན་ཆགས་ཀྱི་གོམས་གཤིས་ཤིག་གམ་འཚོ་ཐབས་ཤིག་གི་ཁྱད་པར་རམ་མངོན་སྟངས་དེ་ཡིན།

དབྱར་གཞུང་གི་མཚན་མོར་ངས་འགྲེལ་དཀའ་བའི་སྙན་ངག་ཚན་པ་གཅིག་ལ་འཐམས་ཅིང་སེམས་ནས་བརྗེད་དཀའ་བའི་བུ་མོ་གཅིག་གི་ལས་དབང་ལ་དཔྱད་འཇོག་བྱས། དབྱར་གཞུང་གི་མཚན་མོར་ངས་རང་ཁྱིམ་གྱི་སྒེའུ་ཁུང་ལས་ཕྱི་རོལ་གྱི་འཇིག་རྟེན་ལ་མིག་ཆུས་འགྲུལ་བཞུད་བྱས། ང་ལ་ཟླ་འོད་ཀྱི་རམ་འདེགས་དང་སྐར་ཚོགས་ཀྱི་ལམ་སྣེ་བསྟན་ཡང་ང་སྔར་བཞིན་ཁང་སྟོང་འདི་ལས་བུད་དཀའ་དུས་སེམས་ཀྱི་ཟབ་ས་གང་ནས་ན་ཟུག་གི་མནར་བའི་གོང་བུ་འགས་མིག་མཐའ་ནས་འོད་འཚེར་འཚེར་དུ་བཞུར། དབྱར་གཞུང་མཚན་མོ་དེར་ངས་ལྦུ་ཆང་ཁམ་འགའ་འཐུང་ཤོར་གོ་ལ་གཞན་ཞིག་ལ་བསྐྱོད་པའི་ས་ཁྲ་ཞིག་བྲིས། ས་ཁྲ་དེའི་ནང་གངས་རི་ཆེན་པོ་ཞིག་འདབས་སུ་རྩྭ་ཐང་དང་། སྦྲ་ནག རྟ་ནོར་ལུག་གསུམ་ཡང་བྲིས། ད་དུང་ཤོར་ཟིན་ལ་རྒས་ཟིན་པའི་གཏམ་རྒྱུད་མང་པོ་མང་པོ་ཞིག་བྲིས།

དབྱར་གཞུང་གི་མཚན་མོ་དེར་ང་ལ་ཨ་མ་རྒད་མོའི་གནའ་གཏམ་སྙན་མོ་དང་བྱིས་དུས་ཀྱི་རྩེད་ར་གྲུ་བཞི་དེ་མ་མཆིས། ངས་སེམས་པ་ག་དུས་ཡིན་རུང་ཨུ་ཚུགས་དང་ཤེད་ཀྱི་རང་ཉིད་བྱིས་དུས་ལ་ལོག་པ་ཐེངས་གཅིག་མིན། དེ་ཡང་བྱིས་དུས་ཀྱི་ང་ལ་གསང་བ་མེད་ལ་མིག་ཆུ་དང་ན་ཟུག་ཀྱང་དེ་བཞིན་ཡིན། ངས་སྐབས་རེ་དབྱར་གཞུང་གི་མཚན་མོ་དེ་བྱིས་དུས་ཀྱི་སྣང་བ་ལ་འཁྲུལ། དུས་ཚོད་ཀྱི་ཕོ་ཉས་ང་ལ་སྙིང་རྗེ་མེད་ཀྱང་ངས་མཚན་མོ་ཐུང་ཐུང་དེ་ད་བར་རང་ཉིད་ཁོ་ནར་ཡོད་པའི་འཇིག་རྟེན་ཅིག རང་ཉིད་གཅིག་བུས་རྟོཊ་པའི་སྙན་ཚོམ་ཅིག རང་ཉིད་རྐྱང་རྐྱང་ལ་འདྲིས་པའི་བུ་མོ་ཅིག་ལ་འཛིན་གྱི་ཡོད། དེ་ཡང་དབྱར་གཞུང་གི་མཚན་མོ། ལོ་རྒྱུས་ཀྱི་གསང་བའི་གསང་བར་གྱུར་གྱིན་པའི་གབ་བྱ་ཞིག དབྱར་གཞུང་གི་མཚན་མོ། རྒྱ་གར་གྱི་བུ་མོ་གཅིག་གི་མི་ཚེའི་གཏམ་རྒྱུད་སྐྱུར་མོ་ཅིག དབྱར་གཞུང་གི་མཚན་མོ། ངས་ནམ་ཡང་བརྒལ་བཞིན་པའི་རང་དབང་གི་རྒྱ་མཚོ་སྔོན་མོ་ཞིག

༢༠༡༤.༠༩.༡༡ཉིན།