འགན་མི་ཁུར་བའི་དེང་རབས་ཀྱི་བླ་སྤྲུལ།ཉི་མ་རྒྱལ་མཚན།

424/545

དེང་རབས་ཀྱི་བླ་སྤྲུལ་མིང་གྲགས་ཅན་རེ་འགས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་བོད་བརྒྱུད་ནང་བསྟན། ཁྱད་པར་དུ་དགེ་འདུན་པའི་སྡེ་ལ་གུས་བཀུར་དང་བརྩི་མཐོང་གཏན་ནས་བྱེད་ཀྱིན་མི་འདུག་ལ་འགན་ཁུར་མི་འདུག ཁོང་ཚོའི་སེམས་ནང་བོད་བརྒྱུད་ནང་བསྟན་གྱི་རབ་བྱུང་བའི་གཟན་ཤམ་དམར་པོ་འདི་སུའི་ཆེད་དུ་བཟོས་མིན་གྱི་རྣམ་གཞག་ཙམ་ཡང་མི་ཤེས་པ་ག་ལ་ཡིན་ཏེ། ཁོ་ཚོས་སྒོར་མོ་སྒྲུབ་དགོས་པའི་དུས་སུ་གཟན་ཤམ་དམར་པོ་འདི་གོན་དགོས་པ་ཤེས་ཀྱིན་ཡོད་ན་མཚན་མོ་སྤྲོ་སྐྱིད་གཏོང་དུ་ཕེབས་དུས་གཟན་ཤམ་དམར་པོ་འདི་ལྟེབས་རྩེག་བརྒྱབས་ཏེ་ཕོ་གསར་གྱི་རྣམ་པར་བསྒྱུར་ཞིང་གསང་ལམ་བར་དུ་དགེ་འདུན་པའི་ཞབས་འདྲེན་མི་རུང་པའང་ལོས་ཤེས་རེད། དགེ་འདུན་པའི་ན་བཟའ་འདིར་སྤྱིར་བདག་པོ་མེད་རུང་སུས་གོན་འདོད་ཡོད་ན་གོན་ཆོག་ཆོག་དང་གོན་འདོད་མེད་དུས་ཕུད་ཆོག་ཆོག་ཅིག་གཏན་ནས་མིན། དགེ་འདུན་པའི་ན་བཟའ་དམར་པོ་འདི་གོན་པར་བྱེད་པ་ལ་རྟེན་དགེ་ཚུལ་སློང་ཡིན་དགོས་པ་ལས་རྟེན་དགེ་ཚུལ་སློང་མིན་ན་རབ་བྱུང་བའི་ན་བཟའ་དམར་པོ་འདི་གོན་ཆོག་པའི་ཐོབ་ཐང་མེད་པར་ལོས་མཁྱེན་རེད། འོ་ན་དེང་སང་གི་བླ་སྤྲུལ་མིང་གྲགས་ཅན་དེ་ཚོ་སྟོན་པ་དཀའ་དྲིན་ཅན་གྱི་བཀའ་ལ་བརྩི་བཀུར་དང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཞིག་ཡིན་ཟེར་གྱིན་ཡོད་ན། བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་སྡེའི་ཚུགས་ཀ་ལ་རྡོག་རོལ་དང་རབ་བྱུང་བའི་ན་བཟའ་དམར་པོ་འདིའི་རིན་ཐང་བརླག་དུ་བཅུག་ན་ག་ལ་རུང་། རེད་དེ། ངོ་མ་བློ་ཕམ་དགོས་པ་ཞིག་ལ་དེང་སང་མིང་གྲགས་ཅན་རེ་འགའ་རྟེན་དགེ་ཚུལ་སློང་ཡིན་བཞིན་དུ་རང་སྣང་གང་ཤར་གྱི་བོད་ཀྱི་སྐྱ་བོ་ཚོ་ལས་སྡུག་པའི་རྒྱ་ཆས་རེ་སྤྱད་ནས་ས་ཕྱོགས་གང་སར་སྤོབས་པ་ཆེན་པོའི་སྒོ་ནས་རྟོགས་པ་ལྷ་དང་མཉམ་མདོག་དང་སྤྱོད་པ་སྐྱ་མིན་སེར་མིན་ངང་འགྲོ་མཁན་དག་ནི་བསྟན་པའི་དགྲ་བོ་ལས་གཞན་ལེགས་ཆ་ཅི་ཡོད་ཡ། ཡང་དེ་དང་ཆ་འདྲ་བའི་སྒོར་མོ་དང་མཚན་སྙན་ཁོ་ན་ལས་མེད་པའི་བླ་སྤྲུལ་ཁྲེལ་མེད་རེ་འགའ་སྤྲུལ་སྐུ་ལོག་ནས་བདག་མོ་བླངས་ཟིན་རུང་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་མཚམས་རེར་རབ་བྱུང་བའི་ན་བཟའ་དམར་པོ་འདི་གོན་བཞིན་བཞུགས་ཁྲི་མཐོན་པོའི་སྟེང་དུ་མ་ཡིན་ཡིན་མདོག་གིས་ཕྱི་གླིང་བ་དག་ལ་དབང་སྐུར་ཆོས་བཤད་བྱེད་ཁུལ་བྱས་ཀྱང་དོན་ལ་བསྟན་བཤིག་གི་དགྲ་བོ་ལས་མ་འདས་སོ། །ངས་བསམ་ན་ཁོ་ཚོས་བསམ་བཞིན་དུ་རང་དོན་ཁོ་ནའི་ཆེད་དུ་ཕྱི་གླིང་བའི་མིག་སྔར་བདག་ཅག་གི་སྟོན་པ་དང་བསྟན་པའི་རྐང་འདྲེན་གྱིན་་འདུག་ལ་བོད་བརྒྱུད་ནང་བསྟན་གྱི་གྲྭ་པའི་རིན་ཐང་རྡོག་རོལ་གཏོང་བཞིན་འདུག ཁོང་ཚོའི་སེམས་ནང་སྒོར་མོ་དང་མཚན་སྙན་ཁོ་ན་སྒྲུབ་འདོད་པའི་བློ་ལས་བསྟན་པའི་ཞབས་མི་འདྲེན་ཨང་བསམ་པའི་ལྷག་བསམ་དེའང་ཕལ་ཆེར་མེད་ཚོད་རེད། གལ་སྲིད་ཡོད་ན་ཕྱི་གླིང་པ་དང་མི་རབས་རྗེས་མའི་མི་བུ་དག་ལ་མིག་དཔེ་སྟོན་ཆོག་ས་ཞིག་བྱེད་དགོས་པ་ལས་དགེ་འདུན་པའི་ན་བཟའི་རིན་ཐང་དང་གྲྭ་པའི་སྒྲིག་ལམ་དང་ཀུན་སྤྱོད་སོགས་ལ་གུས་མེད་རྡོག་རྫིས་སུ་གཏོང་ག་ལ་རུང་། དོན་ངོ་མར་ཁོང་ཚོ་ནི་ང་ཚོའི་མིག་དཔེ་བལྟ་ས་དང་གུས་བཀུར་བྱེད་འོས་སའི་སྔོན་གྱི་སྐྱེས་ཆེན་དམ་པའི་རྗེས་འཛིན་པ་ཞིག་ཡིན་དགོས་པ་ལས་སྟོན་པའི་རྐང་འདྲེན་མཁན་ཞིག་གཏན་ནས་མིན། དུས་ད་ནས་བཟུང་བླ་སྤྲུལ་དེ་ཚོས་རབ་བྱུང་བའི་ན་བཟའ་དམར་པོ་འདི་གོན་འདོད་ན་ཆ་ལུགས་ཡ་མ་ཟུང་གི་སྤྱོད་ལམ་དེ་མཚམས་འཇོག་དགོས་ཀྱིན་འདུག་ལ་མི་རབས་རྗེས་མ་དག་གི་མིག་དཔེར་འོས་བའི་ལམ་སྟོན་པ་ཞིག་ཀྱང་བྱེད་དགོས་ཀྱིན་འདུག གལ་སྲིད་བླ་སྤྲུལ་དེ་དག་རབ་བྱུང་བ་བྱེད་འདོད་མེད་ན་སྔགས་འཆང་གི་ཆས་སྤྲས་ཤོག་དང་། སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ནས་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཞེས་སྲོལ་གཏོད་ཡོད་པ་རེད་ལ་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཡང་རྒྱུན་མ་ཆད་པར་ད་ལྟའི་བར་དུ་འཛིན་སྐྱོང་བྱེད་མཁན་དག་ལ་ང་ཚོས་གུས་བཀུར་བྱེད་མུས་ཡིན་པས་བླ་སྤྲུལ་དེ་དག་ལའང་གཅིག་མཚུངས་ཡིན། མདོར་བསྡུས་ནས་བཤད་ན། བླ་སྤྲུལ་སྐྱ་མིན་སེར་མིན་དག་གི་ད་ནས་བཟུང་གཉིས་མིན་གྱི་སྤྱོད་པ་སྤངས་ནས་རབ་བྱུང་བའི་སྡེ་དང་གོས་དཀར་ལྕང་ལོ་ཅན་གྱི་སྡེ་གང་རུང་ཞིག་ཏུ་འཛུལ་དགོས་པ་ལས་སྐྱ་མིན་སེར་མིན་གྱི་ཆས་སྤྱོད་མཛད་ན། ༧རྒྱལ་མཆོག་དྲུག་པས་ཀྱང་། ༼བན་དེ་སྐྱ་མིན་སེར་མིན། སངས་རྒྱས་བསྟན་པའི་དགྲ་བོ།༽ཞེས་གསུང་ཡོད་པས་ན་ང་ཚོས་ད་ཕྱིན་ཆད་གུས་བཀུར་བྱེད་མི་སྲིད་པར་མ་ཟད་བསྟན་པ་བཤིག་པའི་དགྲ་བོ་དང་བོད་བརྒྱུད་ནང་བསྟན་གྱི་མིང་འཁྱེར། འགན་མི་ཁུར་བའི་ཞབས་འདྲེན་པ་ཞིག་ཏུ་བརྩི་རྒྱུ་ཡིན་པར་ཤེས་པར་བྱེད་རོགས།