སྒྱུ་རྩལ་ནི་དད་པ་རང་རེད། མདོ་བ་འཕྲུལ་སྙུག

423/545

 

དོན་ངོ་མར་མི་རེ་རེའི་སེམས་ཁོང་ན་ནམ་ཡང་འདོར་དུ་མེད་པའི་ལྷ་རེ་རེ་ཡོད། རི་མོའི་ལྷ། རྩོམ་རིག་གི་ལྷ། རོལ་དབྱངས་ཀྱི་ལྷ། ནོར་གྱི་ལྷ། དགྲ་ལྷ། བཟོ་བོའི་ལྷ། བརྩེ་དུང་གི་ལྷ། མདོར་ན་སུ་ཞིག་གི་སེམས་པའི་གཏིང་ན་ལྷ་མེད་ཅེས་ན་རྫུན་དུ་རློམ་ཡང་རྫུན་དུ་མི་འགྱུར་བའི་ཁ་ཚོན་ནི་ཅི་ནས་ཀྱང་ཆོད་དོ།

རྒྱུ་མཚན་ག་རེ་ཞེས་འདྲི་མཁན་གྱི་མི་ལགས། ངས་ནི་ལྷ་ཞེས་མངོན་སུམ་གྱི་གཟུགས་བརྙན་ཞིག་ཁྱོད་ཀྱི་མཐོང་ཡུལ་དུ་མི་སྟོན་ཨང་། འགྲོ་མིའི་ལྐོག་གྱུར་གྱིས་ར་འཕྲོད་མི་ཐུབ་པའི་གསང་བ་རེ་རེའང་ལྷ་ཞེས་པའི་དད་པའི་སྟོབས་ཆེན་པོ་འདིས་ཁ་ངོ་གསལ་རྗེན་དུ་འཕྲོད་མི་ཐུབ་ཨང་།

སྔོན་གྱི་སྔོན་ཞིག་ལ། མུན་ནག་དང་རྫབ་རྫོབ་ཀྱི་ལོ་རབས་ཤིག་ཏུ།དད་ཞེན་དང་རྨི་ལམ་མཐའ་མེད་པ་སྦྲུམ་པའི་མི་བུ་སྐོར་ཞིག་གིས་འཇིག་རྟེན་ན་ལྷ་མེད་ཅེས་པའི་བསྒྲགས་གཏམ་སྤེལ། ལྷ་མེད་ཅེས་འོས་ལངས་བྱས། ལྷ་མེད་ཅེས་མི་བུ་སྲ་ཐག་ཆོད་པ་བགྲང་ཡས་ཤིག་མཚོན་ཁ་ནས་ཤི མེ་ནང་དུ་འཚིག བྲག་ཁ་ནས་ལྕེབས། ཨོ་ཧོ་ཧོ་་་་་་ གནམ་གྱིས་ས་བཀབ་པ་ལྟ་བུའི་མི་ཆེན་སྐར་མ་འདྲ་བ་དག་དེ་དུས་བྱུང་། དེ་དུས་གཤེགས། གཤེགས་རྗེས་ཀྱང་སྐར་མ་ལྟར་དུས་རབས་འདི་ཙམ་ལ་འོད་དུ་འཚེར་བ་མི་མཚར་རམ།

ཏ་ཧྥིན་ཆིས་ཀྱིས་རང་ཉིད་ལ་ལྷ་གསོན་པོ་ཞིག་བྲིས། འཇིག་རྟེན་གྱི་མཛེས་པ་མ་ལུས་ཡོངས་སུ་རྫོགས་པའི་རང་བྱུང་གི་ལྷ་མོ་ཞིག་བྲིས། ཆོས་ལུགས་ནི་ཅི་ཞིག སྒྱུ་རྩལ་ཡང་ཅི་ཞིག མི་རྣམས་ཀྱི་འཇིག་རྟེན་གྲགས་ཚད་ལས་འདས་བའི་མཛེས་པའི་སེམས་ཚོར་ནི་ཅི་ཞིག ཁོའི་སེམས་པའི་གཏིང་ན་ལྷོག་ལྷོག་ཏུ་གདུ་བའི་རང་བྱུང་གི་ལྷ་མོ་ཞིག མ་རེད། དད་པའི་སྟོབས་ཀྱིས་མཛེས་པའི་ཆ་ལག་རྫོགས་པའི་སྒྱུ་རྩལ་པའི་སྲོག་སྙིང་སྟེ། སུ་ལའང་ཁ་གྲག་ཐུབ་པའི་༼མེང་ན་ལིས་ཧྲ༽བྲིས།

མེ་ཁི་ལང་ཅའེ་ལའོ་ཡིས་རྡོ་བ་རྒྱུ་བྱས་པའི་ལྷ་ཞིག་བརྐོས། ཕོ་མཚན་དང་དེའི་གཡས་གཡོན་ན་གཟེངས་ཤིང་འཛིང་ནས་སྐྱེས་པའི་རྨོངས་སྤུ། མོ་མཚན་དང་ཏན་ཏན་ཁ་འཕྲོད་ཐུབ་པའི་སྦོམ་ཕྲ། ནུ་མའི་རྩེ་རུ་བསྐྱོད་མྱོང་བའི་མཆུ་དང་དབང་པོ་རེ་རེ་གསལ་རྗེན་དུ་བརྐོས། ཀུན་སྤྱོད་ནི་ཅི་ཞིག གོམས་གཤིས་ཀྱང་ཅི་ཞིག ཉིན་མཚན་ལྟོས་མེད་དུ་སྒྲིབ་ཅིང་བསྒྲིབས་ནས་ཡོད་པའི་མི་བུ་རེ་རེའི་སེམས་ཁོང་གི་འོད་གསལ་གྱི་ལྷ་ཞིག འདོད་པའི་ལྷ་ཞིག དྭངས་གཙང་ཡིད་འོང་གི་ལྷ་ངོ་མཚར་བ་ཞིག་ཁོའི་དད་སྟོབས་ཀྱིས་བཞེངས་བསྐྲུན་བྱས། མི་རྣམས་ཀྱིས་དེ་ལ་ཀུན་སྤྱོད་ཀྱི་འདྲེ་ཞེས་འབོད་པ་སྟེ། སྦ་གསང་ཅི་ཡང་མེད་པའི་ལྷ་ཆེན་པོ་ཞིག་སྟེ། ༼ ཏཱ་ལྦེ ༽ རེད།

ལ་ཧྥེར་གྱིས་མ་ཡུམ་ཡིད་དུ་འོང་པ་ཞིག་བྲིས། ཡེ་ཤུའི་མ་ཡུམ་ནི་མ་ཡུམ་རང་ག་བ་ཞིག་སྟེ། བརྩེ་ཞིང་བྱམས་པ། བྱམས་ཤིང་བརྩེ་བ། འཇིག་རྟེན་གྱི་སྐྱེ་བོ་སུ་ཞིག་མ་ཡུམ་ལས་མཆེད་པ་གང་སྟེ། མ་ཡུམ་ནི་སེམས་ཀྱི་ལྷ་མོ་གཅིག་པུ་སྟེ། རྫུན་དང་གཡོ་སྒྱུ། ཁྲམ་དང་ཟོལ་ཚིག་ཅི་ཡང་མེད་པའི་མཛངས་པའི་ལྷ་མོ་སྟེ། ལྷན་སྐྱེས་ཀྱི་འཛུམ་མདངས་ཤིག་ཤིག་དགོད་པའི་མཛེས་པའི་ལྷ་མོའོ།

ཀྱེ་ཀློག་མཁན་ལགས། དོན་ངོ་མར། འཇིག་རྟེན་ན་ལྷ་ཞིག་ཡོད་དམ། ཡོད་ན་ཅི་ལྟ་བུ་ཞིག་རེད།

ཀྱེ་ཀློག་མཁན་ལགས། འཇིག་རྟེན་ན་མངོན་སུམ་གྱི་ལྷ་ཞིག་ཡོད་དེ། ཁྱོད་རང་ཤ་གསེང་རུས་གསེང་ནས་དགའ་མྱོང་སའི་མིང་ནཱ་ལིས་ཧྲ་ལྟ་བུའི་ཁྱོད་ཀྱི་སེམས་ཁོངས་ཀྱི་མི་དེ་རེད། འཇིག་རྟེན་ལྷ་ཞིག་ཡོད་དེ། ཁྱོད་ཀྱིས་ཕྱི་གསང་ནང་གསང་བྱས་ཡོད་པའི་སེམས་ཀྱི་སྐད་ཆ་དེ་རེད། འདི་ལྟར་བཤད་ན་ཁྱོད་རང་ཡིད་ཆེས་སམ། འཇིག་རྟེན་ན་དངོས་གནས་ལྷ་ཞིག་ཡོད་དེ། ཁྱོད་ཀྱི་ཨ་མ་ལྟ་བུའི་བརྩེ་བའི་བདག་མོ་དེ་རེད།

དོན་ངོ་མར་ལྷ་ནི་ཅི་ཞིག་རེད། འཚོ་བ་ཨེ་རེད། ཡང་ན་་

དོན་ངོ་མར་ལྷ་ནི་ཅི་ཞིག་རེད། དོན་ངོ་མར་ལྷ་ནི་ཅི་ཡང་མ་ཡིན་དེ། ཁྱོད་རང་གང་ལ་བ་དགའ་དེ་ལ་དད་པ་ནི་དངོས་གནས་ལྷ་གསོན་པོ་རང་རེད། སྒྱུ་རྩལ་གསོན་པོ་རང་རེད།