དགེ་རྒན་འདི་དཔེ་གྱོང་པོ་འདུག་ག ལྷག་པས་བསྒྱུར།

422/545

ཁོང་གིས་གསར་འགོད་པའི་དྲི་བར་ལན་ཇི་ལྟར་རྒྱབ་ཡོད་མེད་ཁྱེད་ཀྱིས་གཟིགས་དང་།

ཀྲུང་དབྱང་སློབ་གསོའི་ལེ་ཚན་གྱི་གསར་འགོད་པས་སི་ཁྲོན་སློབ་གྲྭ་ག་གེ་མོའི་དགེ་རྒན་ཞིག་ལ་བཅར་འདྲི་བྱས་པ་གཤམ་གསལ།

 

གསར་འགོད་པ།

ནམ་རྒྱུན་སློབ་གསོ་རྒྱག་རྒྱུར་མི་མཁས་པའི་དགེ་རྒན་ལས་བསླབ་མི་ཐུབ་པའི་སློབ་ཕྲུག་ཟེར་བ་ཞིག་ག་ལ་ཡོད་དམ།

དགེ་རྒན།

བྱས་ན་རང་གིས་ཐད་ཀར་རྒྱལ་ཁབ་སྤྱི་བདེ་པུའུ་ཡི་པུའུ་ཀྲང་ངམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་བྱེད་པར་སོང་ན་ཏག་ཏག་རེད། ཁྱེད་ཀྱི་སྐད་ཆ་ལྟར་ན་འཇོན་ཐང་མེད་པའི་ཉེན་རྟོག་པ་ཡོད་པ་ལས་རྩད་མ་ཆོད་པའི་གྱོད་གཞི་ཡོད་མི་སྲིད་པ། བྱ་བ་ལེགས་པོ་སྒྲུབ་མི་ཐུབ་པའི་ཙུང་ལི་ཡོད་པ་ལས་དོ་དམ་བྱེད་མི་ཐུབ་པའི་རྒྱལ་ཁབ་ཀྱང་མེད་པ། དེ་བཞིན་ནད་བཅོས་མི་ཐུབ་པའི་སྨན་པ་ཡོད་པ་ལས་བཅོས་མ་ཐུབ་པའི་ནད་གཞི་ནི་རྩ་བ་ནས་ཡོད་མི་སྲིད་པ།

 

གསར་འགོད་པ།

དགེ་རྒན་ལེགས་ཉེས་ཀྱི་ཚད་ཞིབ་ནི་རང་ཉིད་ཀྱིས་གསོ་སྐྱོང་བྱས་པའི་སྔོན་ཐོན་གྱི་སློབ་མས་བརྒྱ་ཆ་ག་ཚོད་ཟིན་མིན་དང་ལོ་རེའི་བརྒྱ་ཆའི་འཕར་ཚད་ལ་གཞིགས་ཏེ་གཏན་འཁེལ་བྱེད་དགོས།

དགེ་རྒན།

ཧེ་ཧེ། ཁྱོད་དེ་ལྟར་ཤོད་རྒྱུ་ཞོག རླབས་ཆེན་གྱི་ཡབ་མེས་ཁུང་ཙིར་སློབ་མ་སུམ་སྟོང་ཡོད་ཀྱང་དེའི་ནང་ནས་མཁས་པ་བདུན་ཅུ་དོན་གཉིས་ལས་ཐོན་མེད། ཁོང་གི་སྔོན་ཐོན་སློབ་མའི་ཐོན་ཚད་ནི་2.4%ཙམ་རེད།

 

གསར་འགོད་པ།

ཁྱོད་ཚོ་དགེ་རྒན་གྱིས་ང་ཚོའི་བུ་ཕྲུག་ལ་སློབ་གསོ་ཡག་པོ་རྒྱབ་ཐུབ་ཀྱི་མི་འདུག

དགེ་རྒན།

ངས་བླངས་པའི་གླ་ཆ་ནི་སྤྱིར་བཏང་མ་ཡིན་པའི་མིའི་གླ་ཆ་མ་རེད།

ཁྱེད་ཚོ་ཕ་མ་གཉིས་པོས་གཤེ་གཤེ་དང་ཉེས་རྡུང་སོགས་གང་དྲག་ཅི་དྲག་བྱས་ཀྱང་ཕྲུ་གུ་གཅིག་གཅུན་ཐུབ་ཀྱི་མེད་པས། ང་ཚོ་དགེ་རྒན་ཁ་ཤས་ཤིག་གིས་ཕྲུ་གུ་ལྔ་བཅུ་དྲུག་ཅུ་ཆ་ཚང་ལ་སློབ་གསོ་རྒྱག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་དམ།

 

གསར་འགོད་པ།

ཁྱོད་ཚོ་དགེ་རྒན་རྣམས་འཁང་ར་ཞེ་དྲག་མ་བྱེད་དང་། ཁྱོད་ཚོར་གུང་གསེང་རྒྱུན་རིང་པོ་དེ་འདྲ་འདུག་ག

དགེ་རྒན།

ཁྱེད་ཚོས་གུང་གསེང་ལ་ཐུགས་རྗེ་ཆེ་ཞེས་ཞུ་འོས་པ་ལྟ་བུ་རེད། གུང་གསེང་མེད་ན་ཁྱེད་ཀྱི་ཕྲུ་གུ་ཡིག་རྨོངས་ལ་འགྱུར་རྒྱུ་རེད། རྒྱུ་མཚན་ནི་གུང་གསེང་མེད་ན་སུ་ཞིག་གིས་དགེ་རྒན་བྱེད་སྲིད་དམ། ད་དུང་བཤད་ན། གུང་གསེང་མེད་ན་ཁྱེད་ཀྱི་ཕྲུ་གུས་སློབ་གྲྭར་འགྲོ་འདོད་བྱེད་སྲིད་དམ། ཕྲུ་གུར་གུང་གསེང་མེད་པར་ལོ་བཅུ་གཉིས་སློབ་ཚན་འཁྲིད་ན་ཁྱེད་ཀྱིས་ཀྱང་ཁས་ལེན་བྱེད་སྲིད་དམ།

 

གསར་འགོད་པ།

དགེ་རྒན་རྣམས་ཉིན་གཅིག་ལ་སློབ་ཚན་ཚོགས་ཐུན་ཁ་ཤས་ལས་མེད་པས། ང་ཚོས་ཉིན་ལྟར་ཆུ་ཚོད་བརྒྱད་ཙམ་ལས་ཀ་བྱེད་པ་དང་བསྡུར་ན་ཁྱོད་ཚོ་ལས་སླ་བ་འདུག་ག

དགེ་རྒན།

ཁྱེད་ཀྱི་སློབ་ཚན་མ་འཁྲིད་གོང་སློབ་ཚན་གྲ་སྒྲིག་གི་ཟིན་བྲིས་རྒྱག་དགོས་པ་ཤེས་ཀྱི་ཡོད་དམ། སློབ་ཚན་གྲོལ་རྗེས་སྦྱོང་ཚན་བཟོ་དགོས་པ་དེ་ཡང་ཁྱེད་ཀྱི་ཤེས་ཀྱི་ཡོད་དམ། འཛིན་གྲྭ་གཉིས་ལ་སློབ་ཕྲུག་བརྒྱ་ལྷག་ཡོད་པས་ཁོང་ཚོའི་སྦྱོང་ཚན་ཐེངས་གཅིག་བཟོ་བར་དུས་ཚོད་ཆུ་ཚོད་ག་ཚོད་འགོར་གྱི་ཡོད་པ་ཁྱེད་ཀྱི་ཤེས་ཀྱི་ཡོད་དམ། ཁྱེད་རང་གི་ཞོགས་པའི་སྐྱོར་སྦྱང་དང་དགོང་མོའི་རང་སྦྱོང་ཟེར་བར་དགེ་རྒན་ཕྱིན་ནས་སློབ་ཚན་འཁྲིད་དགོས་པ་ཤེས་ཀྱི་ཨེ་ཡོད། སློབ་གསེང་གི་ལུས་རྩལ་ལ་ཇུས་གཏོགས་མ་བྱས་པར་གློད་བཞག་ན་འགྲིག་གམ། ཁ་ལག་བཟའ་སར་དོ་དམ་མ་བྱས་ན་འགྲིག་གམ། སྒྲིག་ལམ་དང་གཙང་སྦྲར་ཁྱེད་ཚོས་དོ་དམ་བྱེད་ཀྱི་ཡོད་དམ།

 

གསར་འགོད་པ།

དགེ་རྒན་ངོས་ནས་བཤད་ན་སློབ་ཚན་འཁྲིད་རྒྱུ་ནི་ཧ་ཅང་ལས་སླ་པོ་ཞིག་ཡིན་གྱི་རེད་ད།

དགེ་རྒན།

སྒྲིག་ལམ་ལེགས་པའི་འཛིན་གྲྭར་སློབ་ཚན་འཁྲིད་པ་ནི་གཏམ་བཤད་བྱེད་པ་དང་འདྲ། ཉིན་རེར་ཆ་སྙོམས་སློབ་ཚན་གཉིས་རེ་ཡོད་པས་གཏམ་བཤད་ཆུ་ཚོད་གཅིག་དང་ཕྱེད་ཀ་རེད། སྒྲིག་ལམ་ཞན་པའི་འཛིན་གྲྭར་སློབ་ཚན་ཚོགས་རྒྱུ་ནི་མི་གཞན་དང་ཁ་རྩོད་རྒྱག་པ་དང་ཧ་ཅང་འདྲ། ཉིན་ལྟར་ཆུ་ཚོད་གཅིག་དང་ཕྱེད་ཀ་གཞན་དང་ཁ་རྩོད་རྒྱག་དགོས། དེ་ལྟར་ཁྱེད་ཀྱིས་ཚོད་ལྟ་བྱེད་མྱོང་ངམ།

 

གསར་འགོད་པ།

དགེ་རྒན་གྱི་ལས་ཀ་ནི་ལས་རིགས་ལེགས་པོ་ཞིག་ཡིན་པས། ཡོངས་བབས་ཀྱང་ཡག་པོ་ཡོད་ཀྱི་རེད་ད།

དགེ་རྒན།

ནམ་རྒྱུན་དགེ་རྒན་གྱིས་སྤྱི་ཞབས་པར་ཞུགས་པའི་ཡིག་རྒྱུགས་གཏོང་བར་འགྲོ་བ་མཐོང་བ་ལས། སྤྱི་ཞབས་པས་དགེ་རྒན་བྱེད་འདོད་ཀྱི་ཡིག་ཚད་གཏོང་བ་ཁྱེད་ཀྱིས་མཐོང་མྱོང་ངམ།