གྲྭ་བཙུན་ཚོར་མི་ཧྲེང་དུས་སྟོན་ལ་རྟེན་འབྲེལ་ཞུ། གློག་མིག 

389/545

དེ་རིང་མི་ཧྲེང་གི་དུས་ཆེན་ཡིན་ཟེར་གྱིན་འདུག ངས་ནི་ད་བར་དུས་ཆེན་འདིའི་བྱུང་ཚུལ་རིགས་གཉིས་ཙམ་ཐོས་བྱུང་། གཅིག་ནི་དུས་རབས་སྔོན་མའི་ལོ་རབས་དགུ་བཅུར་ནན་ཅིན་སློབ་ཆེན་ཁག་ནས་དར་མགོ་ཚུགས་ཤིང་རིམ་བཞིན་རྒྱ་ཁྱབ་ཏུ་ཕྱིན་པ་རེད་ཟེར་ལ་ཉིན་དེ་ནི་དགའ་རོགས་མེད་པའི་གཞོན་ནུ་ཚོས་ཕན་ཚུན་གོ་སྐབས་སྦྱིན་པའི་དུས་བཟང་ཞིག་ཀྱང་ཡིན་ཟེར། གཞན་གཅིག་ནི་ཡེ་ཤུའི་འཁྲུངས་ལོ་སྟེ་ཕྱི་ལོ1111ལོའི་ཟླ་བ11པའི་ཚེས11ཉིན་ནས་བྱུང་ཞིང་ད་བར་ལོ་ངོ800ལྷག་གི་ལོ་རྒྱུས་ལྡན་ཡོད་ཟེར།

གཞན་སྟོན་པ་ཡེ་ཤུ་མི་ཧྲེང་ཐོག་མ་ཡིན་མིན་སོགས་ནི་ཤོད་སྤོབས་ཤིག་མི་འདུག རིགས་འདེད་ཐུབ་པ་ཞིག་ནི་དུས་ཆེན་འདི་དང་ཟླ་ཚེས་ཀྱི་གྲངས་དང་འབྲེལ་བ་ཆེན་པོ་ཡོད་དེ། མི་ཧྲེང་གི་མཚོན་དོན་ནི་ཁེར་རྐྱང་ངམ་ཡ་གཅིག་ཡིན་ལ། ཨང་ཀི་གཅིག་གིས་ཀྱང་དོན་དེ་སྟོན་ཞིང་ཨང་ཀི་གཅིག་ཉིས་མཐུད་དམ་བཞི་མཐུད་བྱས་པ་དེས་དོན་མཚོན་ནུས་པ་ཆེ་རུ་བཏང་ཡོད།

སྤྱིར་ད་སྐབས་ལྟ་བུ་ལོ་རྒྱུས་འདྲི་དཔོག་དང་སྲོལ་རྒྱུན་རྒྱུས་ལོན་མི་དགོས་པར་གཞོན་དར་ཚོས་དུས་ཆེན་མང་པོ་ཞིག་རོལ་རྐྱང་བྱེད་པའང་རོལ་རྩེད་ཙམ་གྱི་ཆེད་དམ་སོ་སོའི་རང་དོན་འགྲུབ་ཕྱིར་ཡིན་པས་དེར་དགག་དགོས་དོན་མེད་ལ་དགག་ཐུབ་པ་ཞིག་ཀྱང་མིན་ཚོད་རེད། དེ་རིང་ལྟ་བུ་མི་ཧྲེང་གི་དུས་ཆེན་ཞིག་བརྒྱུད་གོ་སྐབས་རེག་སྟེ་མི་ཚེའི་དོན་ཆེན་འགྲུབ་པ་ཡིན་ན་མི་བུ་སྒེར་ངོས་ནས་དུས་ཆེན་ཞིག་རོལ་བའི་སྙིང་པོ་ལོན་པ་རེད། མ་གཞི་ནང་ཆོས་ཀྱིས་གཞན་ལྟོས་བདག་མེད་ཀྱི་ལྟ་བ་འཛིན་མོད་བདག་འཛིན་ཅན་གྱི་མིས་ནམ་ཡང་རང་དོན་འབའ་ཞིག་གཉེར་བ་ནི་འཛམ་གླིང་ཡོངས་སུ་གཅིག་མཐུན་ཡིན། འོན་ཀྱང་རྒྱབ་ཁབ་དང་མི་རིགས་སུ་ཞིག་ཡིན་ཡང་རིག་གནས་རང་སྲུང་གི་འདུ་ཤེས་ཡོད་པ་ཞིག་པས། བོད་རང་གི་ལོ་རྒྱུས་དང་ཡུལ་གོམས་གཤིས་ལུགས་ལ་ཆ་རྒྱུས་ཡོད་པ་ཚོས་བོད་ལུགས་ཀྱི་དུས་ཆེན་ཤར་སྐབས་དུས་ཆེན་དེ་འབྲེལ་གྱི་འབྱུང་ཁུངས་ལོ་རྒྱུས་བྲིས་ཏེ་སྐད་འཕྲིན་དུ་བརྒྱུད་བསྐུར་ཐུབ་ན་ཆེས་མ་མཐའ་ཡང་མི་མང་པོས་བལྟ་ངེས་ཡིན། རྒྱུས་ལོན་བྱུང་ཚེ་ལག་ཏུ་བསྟར་མིན་ནི་སོ་སོའི་འདོད་མོས་ཡིན་མོད་སྐབས་རེ་རྗེས་འབྲངས་དང་ཞེན་འདང་རེས་ཨུ་ཚུགས་ཀྱིས་རང་འདུན་གཅུན་པ་ཡང་མང་དུ་ཡོད། ལྷག་ཏུ་ཞུ་རྒྱུ་མི་རིགས་དང་རྒྱབ་ཁབ་གཞན་གྱི་དུས་ཆེན་རོལ་མི་འོས་ཟེར་བ་མིན་ལ་མིའི་རིགས་ལ་མཐུན་གཤིས་མང་བས་གཅིག་མཐུན་གྱིས་བསུ་བའི་དུས་སྟོན་ཡང་མང་པོ་ཡོད། རེ་བ་གཅིག་རང་ནི་རང་ལུགས་ཀྱི་དུས་ཆེན་དག་གི་འབྱུང་ཁུངས་རྟོགས་ཤིང་རོལ་གང་ཐུབ་བྱས་པའི་རྨང་གཞིའི་ཐོག་རིགས་དང་རྒྱལ་ཁབ་གཞན་གྱི་དུས་སྟོན་དག་གི་འབྱུང་ཁུངས་དང་རོལ་སྲོལ་ལ་རྒྱུས་ལོན་གང་མང་བྱ་རྒྱུ་གལ་ཆེ་སྙམ།

བོད་ལ་མཚོན་ན་མི་ཧྲེང་མང་ཆེ་བ་ནི་གྲྭ་བཙུན་ཡིན་པས་དུས་ཆེན་གྱི་འཚམས་འདྲི་ཞུ་ཡུལ་ནི་གྲྭ་བཙུན་ཚོ་ཡིན་འདོད་ཀྱིན་ཡོད། གྲྭ་བཙུན་མ་གཏོགས་མི་ཧྲེང་མེད་པ་མིན་མོད། ན་གཞོན་མི་ཧྲེང་ཚོ་ནི་མི་རྟག་པའི་མི་ཧྲེང་རེད་ལ་གྲྭ་བཙུན་ཚོ་ཡང་བཀའ་མི་ལོག་པའི་ངེས་པ་མེད་ཀྱང་། ཐོག་མར་གྲྭ་བཙུན་འགྲོ་དུས་བཀའ་ལོག་འདུན་ཡོད་པ་མེད། སྤྱིར་དུས་ཆེན་ཕལ་ཆེ་བའི་འབྱུང་ཁུངས་ནི་དམིགས་བསལ་གྱི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་ཞིག་ཡིན། སྤྱིར་དེང་སང་བླ་གྲྭ་རྫུན་མ་མང་པོས་ཆོས་འགལ་གྱི་ལས་མང་དུ་སྤེལ་བཞིན་ཡོད་མོད། བོད་ཆོས་ལྡན་ཞིང་ཁམས་ཀྱི་ཆོས་ཡུན་དུ་དར་ཞིང་གནས་དགོས་ན་རྒྱུ་རྐྱེན་གཞན་ཕུད་དགེན་འདུན་གྱི་སྡེ་ནི་གལ་ཆེན་རེད།

དུས་སྟོན་འདི་ནི་ཟླ་ཚེས་ཀྱི་དམིགས་བསལ་གྲངས་དང་འབྲེལ་བ་ཡོད་པས་ངེད་ཚོས་ཕྱི་ཟླར་བསྟུན་དགོས་དོན་མེད་ལ། བོད་ཟླ་ཡང11ཚེས11ཡོད། སྤྱིར་ན་གཞོན་ཚོ་མི་ཧྲེང་དུས་སྟོན་རོལ་བ་ནི་ཕན་ཚུན་གོ་སྐབས་སྟེར་སྟེ། མི་རྐྱང་ཞེས་པ་རྫོགས་ཚིག་དགོད་རྒྱུ་དེ་ཡིན་མོད། གྲྭ་བཙུན་ཚོར་མཚོན་ན་མི་ཧྲེང་དུས་ཆེན་རྟག་རུ་རོལ་ཐུབ་པ་སྨོན་ལམ་གདབ་རྒྱུ་དང་འབད་འབུངས་བྱ་རྒྱུ་དེའོ།།

20141111ཞོགས་པར་ཤར་མར་བྲིས།