ཉི་མ་ལྷ་ས་དང་ངའི་ཕ་སྐད་ཀྱི་ལས་དབང་།

388/545

འཚོ་ཐབས་ཤིག་དང་ཕུགས་རེ་ཞིག་གི་དོན་དུ་ང་རང་ཉི་མ་ལྷ་སའི་ཁྲོམ་གཞུང་དུ་མྱུལ་བཞིན་ཡོད། ལས་དབང་ གི་ཀྱག་ཀྱག་རེ་དང་ཡུལ་མི་ཚོའི་ལབ་གླེང་གི་ཁྲོད་དུ་ངས་སེམས་ཁོང་གི་དད་འདུན་ཞིག་ལ་བློ་བཅོལ་ནས་རང་ལ་དབང་བའི་ཁེར་རྐྱང་གི་འཚོ་བར་རོལ། ཉི་མའི་ལྷ་སའི་ཁྲོམ་གཞུང་དག་ལས་ང་རང་ཆེས་དགའ་ཡུལ་ནི་བར་ བསྐོར་ཡིན། དེ་ན་ངའི་སེམས་ཀྱི་རྟེན་ས་ཡོད་པས་ཡིན་ལས་ཆེ།

བར་བསྐོར་ནས་ངས་རྒན་པོ་ཚོའི་འཛུམ་ཞལ་ལ་རོལ་ཆོག་ལ་དད་ལྡན་གྱི་སྤུན་ཟླ་ཚོ་རིག་ཆོག་ཆོག་ཡིན་མོད། ཉི་མ་ལྷ་སས་ནམ་ཡིན་རུང་ང་ལ་སྟོང་ལྷང་ལྷང་གི་སྣང་བ་ཞིག་དང་། ངུ་ངག་མེད་པའི་སེམས་ཀྱི་རྨ་ཁ་རེ་གཏོད་ ཀྱང་བྱེད། ཅིའི་ཕྱིར་ཁྱོད་ཀྱིས་ ངའི་ཉམ་ཆུང་གི་སེམས་ལ་ཕོག་ཐུག་གཏོང་བ་ཡིན། ཅིའི་ཕྱིར།

འོ། སྤྱི་སྤྱོད་རླངས་འཁོར་ཐོན་བྱུང་། རྒན་མོ་ཞིག་གིས་༼ཅུའུ་ཆིའ་༽སླེབས་སོང་ཟེར། དེ་མུར་རྒན་གཞོན་ ཚང་མས་རྩམ་དྲི་ཁ་བའི་ར་མ་ལུག་གི་སྐད་ཅོར་རེ་བརྒྱབ་བཞིན་དུ་རླངས་འཁོར་ནང་འཛུལ། སྤ་སེ་འཚོང་ མཁན་དེ་ཡང་བོད་མོ་ཞིག་རེད་འདུག ཡུད་ཙམ་ནས་མོས་༼དགོང་གྲང་༽སླེབས་སོང་ཅེས་ར་མ་ལུག་གི་བོད་ སྐད་ཅིག་དང་རྒྱ་སྐད་དག་མ་ཞིག་གིས་ཐོག་ནས་དྲན་སྐུལ་བྱས། དེ་བཞིན་དུ་ཅིན་མྭ་དང་ཀྲང་ཞད། ཞོལ་ཞའོ་ ཞོལ། ཡི་ཤན། ལིན་ཡས་ཐིང་། སན་ཚུན། ཁྲང་ཏུའུ་པན་ཧྲེ་ཁྲུའུ་ལ་སོགས་བབ་ཚུགས་ཚང་མར་དྲན་སྐུལ་བྱས། ངའི་སེམས་ལ་མོ་ནི་བོད་མོ་དག་མ་ཞིག་ཨ་ཡིན་སྙམ་ནས་སྐད་ཆ་ཞིག་འདྲི་བསམ་མོད། ཆུང་ནས་གོམས་འདྲིས་ སུ་གྱུར་པའི་རང་གཤིས་དེས་འདྲི་བའི་སྤོབས་པ་མེད་པར་བྱས། དེ་དུས་ངའི་སེམས་པ་གྲང་ཅང་ཅང་།

ཏག་ཏག་སློབ་གྲྭ་གྲོལ་བ་དང་སྟབས་འཁེལ་བ་འདྲ། རླངས་འཁོར་ནང་སློབ་ཕྲུག་མང་པོ་ཞིག་རང་རང་གི་ཁྱིམ་ མི་དང་མཉམ་དུ་འཛེགས་ཡོང་། ཁོ་ཚོས་ཆུ་རྒྱུག་རྒྱུག་གི་རྒྱ་སྐད་ཐོག་ནས་ལབ་གླེང་བྱེད་པ་ནི་རང་གི་འཇོན་ ཐང་ཆེན་པོ་ཞིག་ང་ཚོར་ངོམ་སོ་བྱེད་པའི་སྣང་བ་འཆར། དེར་ཁྱིམ་བདག་ཚོས་གཞོགས་འདེགས་ཧུར་ཐག་ གིས་བྱེད་པ་ ནི་རང་གི་ཕྲུ་གུས་ཕ་སྐད་དོར་ནས་དུས་རབས་ཀྱི་རྗེས་ཟིན་ཡོད་ཅེས་གསལ་བསྒྲགས་བྱེད་པའི་རྣམ་ པ་ཞིག་བཅོས་མིན་དུ་མངོན། དེ་དུས་ངས་ཀྱང་འཛམ་གླིང་ཐོག་ལོ་ན་ཆེས་ཕྲ་ཤོས་ཀྱི་ལོ་ཙྰ་བ་ཚོར་ཡིད་སྨོན་གྱི་འཛུམ་མདའ་རེ་འཕངས་ཞོར་སྙིང་རྗེའི་མིག་ཆུ་ཁོང་དུ་མིད་ཅིང་ཡི་ཆད་ཀྱི་དབུགས་རིང་རེ་མི་གཏོང་ཀ་མེད་ བྱུང་། ངའི་སེམས་ཁོང་གི་འཁྱགས་པ་དེ་ཇེ་མཐུག་ནས་གཏིང་ཇེ་རིང་དུ་གྱུར་སོང་།

ཉི་མ་ལྷ་ས། ངའི་ཕ་མེས་ཡང་མེས་ཀྱི་དད་ཡུལ། ད་ཆ་ཕ་སྐད་དག་མ་ཞིག་གི་བགོ་བསྐལ་ཡང་ཕྲ་དུས་ངའི་ སེམས་ལ་དྲོ་སྐྱིད་ཅིག་ཐོབ་པའི་བསྐལ་བ་ག་ལ་ཡོད། དེ་དུས་ངས་རིགས་འདིའི་སྲོག་ནས་བཟུང་ བའི་དེད་དཔོན་ ཀུན་གཟིགས་བཅུ་པ་ཆེན་མོ་དྲན་གྱིན་པོ་ཏ་ལའི་མདུན་དུ་ལག་བཟུང་ཐལ་མོ་སྙིང་ཁར་སྦྱར་ནས་སྨོན་ལམ་འདེབས་པར་ཐལ། །

 

གཙང་གནུབས་ཁུ་ལུང་པ་ལོ་རྒྱུན་བཟང་པོས།བོད་ལྕགས་སྟག་ལོའི་སྟོན་ཟླ་རྭ་བའི་ཉ་གང་ཉིན་ཉི་མ་ལྷ་སར་བྲིས།

༼དམིགས་བསལ་གསལ་བཤད་ཞུ་དགོས་པ་ཞིག་ལ་རང་གི་མཐོང་ཐོས་མྱོང་གསུམ་དངོས་སྤུན་གྲོགས་ཚོར་ལབ་གླེང་གི་ཚུལ་དུ་ཚང་མས་རང་གི་ཕ་སྐད་ལ་དད་ཞེན་རེ་བྱ་རོགས་ཅེས་འབོད་སྐུལ་བྱ་བ་ཞིག་ཡིན་པ་ལས་ཆབ་སྲིད་དང་འབྲེལ་བ་ཅི་ཡང་མེད།༽