འདྲ་མིན་ལྔ་བཅུ་རྩ་ལྔ། རྫ་དཔལ་སྤྲུལ།

387/545

ཀྱེ་ཀྱེ་ཡིད་གཅུག་སྙིང་གི་གྲོགས།།

གསེར་གྱི་སྦྲང་ཆུང་འདབ་ཡངས་ཁྱོད།།

བློ་གཏད་དཀོན་མཆོག་གསུམ་ལ་བྱས།།

ཡིད་ཆེས་དམ་པའི་ཆོས་ལ་འབུངས།།

སྐྱོ་ཤས་ངེས་འབྱུང་བློ་སྣ་བསྟུང།།

སྒྲུབ་ལ་མོས་པ་ཡོད་པ་དེ།།

ཚེ་སྔོན་ལེགས་སྨོན་སོང་བའི་རྟགས།།

འདུས་བྱས་མི་རྟག་སྒྱུ་མར་གོ།།

འཁོར་བའི་གྲོང་ལ་སྐྱོ་བ་སྐྱེས།།

ཆོས་བརྒྱད་ཚེ་འདིའི་བློ་ངན་བཤོལ།།

དབེན་པའི་རི་ལ་དགའ་བ་དེ།།

ཆོས་ལ་ལས་འཕྲོ་ཡོད་པའི་རྟགས།།

རྣམ་དཔྱོད་ཐོས་བསམ་ཡུལ་ལ་ཤར།།

ལས་འབྲས་ཟབ་མོའི་སྤང་བླང་གོ།།

རྒྱལ་སྲས་དམ་པའི་མཛད་སྤྱོད་ཤེས།།

ལམ་མཆོག་འཇུག་སྒོ་རྙེད་པ་དེ།།

དམ་པའི་མགོན་གྱིས་ཟིན་པའི་རྟགས།།

སྐལ་བ་བཟང་པོའི་སྦྲང་ཆུང་ལ།།

བླ་མ་བཟང་པོའི་སློབ་མ་ངས།།

ངེས་ཤེས་བཟང་པོའི་གསལ་ཞིག་འདེབས།།

ཐུགས་བསྐྱེད་བཟང་པོའི་སྣོན་པ་མཛོད།།

མར་ལ་འཁོར་བའི་གྲོང་ཞིག་ན།།

སྣོད་ལ་འཁྲུལ་སྣང་སྒྱུ་མ་ཟེར།།

བཅུད་ལ་ཨ་འཐས་འཁྲུལ་བ་ཟེར།།

སྣོད་བཅུད་འཛོམས་པའི་སྐབས་ཤིག་ན།།

སྡིག་ལ་ཧབ་ཐོབ་བྱས་བྱས་ནས།།

སྡུག་བསྔལ་ནགས་མེ་མཆེད་པ་འདྲ།།

དགེ་ལ་རྒྱབ་ཀྱིས་ཕྱོགས་ཕྱོགས་ནས།།

བདེ་སྐྱིད་ནམ་ལངས་སྐར་མ་འདྲ།།

སྤྱོད་ངན་དང་དུ་བླངས་བླངས་ནས།།

དུས་ངན་དགོང་ཀའི་གྲིབ་སོ་འདྲ།།

ཞེ་སྡང་གདུག་པའི་རང་འཐག་ལ།།

འདོད་ཆགས་ཞེན་པའི་ལྟེ་ཁུང་དེར།།

མཐོ་རིས་མི་ཡི་ཡོས་ཁྲ་བླུགས།།

བཏགས་ཤིང་ངན་སོང་གཏིང་དུ་བབས།།

སྟེང་ནས་གོད་ཀྱི་ཆེ་ལུགས་ལ།།

ཞབས་ནས་འཕེལ་གྱི་མང་ལུགས་ལ།།

རྒྱུ་འབྲས་བབས་ཀྱི་ཞིབ་ལུགས་ལ།།

གནའ་ཞིག་འཛམ་གླིང་མི་ཡུལ་ན།།

གྲོང་ལ་མུ་དང་རྒྱུད་དུ་འབྲེལ།།

ཕན་ཚུན་བྱ་གག་འཕུར་བས་སླེབ།།

ལོངས་སྤྱོད་བདེ་སྐྱིད་ལྷ་ལ་འགྲན།།

དཔོན་ལ་འཁོར་ལོས་སྒྱུར་རྒྱལ་བཞུགས།།

མངའ་ཐང་གསེར་གྱི་འཁོར་ལོས་བསྒྱུར།།

བྲན་ལ་གླིང་བཞི་གླིང་ཕྲན་བསྐོར།།

ཁྲིམས་ལ་དགེ་བ་བཅུ་པོ་དར།།

མི་འཕེལ་མཐོ་རིས་ལྷ་ཡུལ་འགྲོ།།

ལྷ་འཕེལ་མེ་ཏོག་སྐྱེད་ཚལ་གང་།།

དེང་སང་བསྐལ་བའི་སྙིགས་མ་ལ།།

གྲོང་ལ་གྱང་རལ་མུ་རུ་འབྲེལ།།

ཞིང་ལ་ཐ་བ་རྒྱུད་དུ་འབྲེལ།།

ལོངས་སྤྱོད་ཤ་ཁྲག་ཟས་ལ་བྱེད།།

དཔོན་ལ་དམྱལ་བའི་བང་ཆེན་བཞུགས།།

མངའ་ཐང་དམེ་ཤི་འཁྲུག་པས་བསྒྱུར།།

བྲན་ལ་ལས་ངན་སེམས་ཅན་འཁོར།།

ཁྲིམས་ལ་གཡོ་སྒྱུ་ཟ་ཐབས་དར།།

མི་ཟད་གཏིང་པ་ཁྲམ་པས་བཟུང་།།

ཁྲམ་པ་ངན་སོང་གྲོང་སྒོ་འགྲིམ།།

འཕེལ་ལ་ཚ་གྲང་དམྱལ་བ་ཆེ།།

གཡུལ་ལ་ལྷ་མིན་སྲིན་པོ་རྒྱལ།།

བཟའ་ལ་ནད་བདག་གོད་བདག་ཆེ།།

ཁྲི་ཐོག་རྒྱལ་བོས་ཁྲམ་ཞིག་བྱེད།།

ཐབས་ཀྱིས་ཉེས་མེད་ཆད་པས་གཅོད།།

བརྫུན་གྱིས་བྲན་ལ་ཉེས་པ་བགྲང་།།

གཡོ་སྒྱུས་རང་གཞན་ཕུང་ལ་སྦྱོར།།

གདུགས་ཞབས་བླ་མས་ཁྲམ་ཞིག་བྱེད།།

དམ་པའི་ཆོས་ལ་ཁ་ཞིག་གཡར།།

མངོན་ཤེས་རྫུན་གྱིས་འོལ་ཚོད་སྒྲོགས།།

དབང་ལ་ནོར་གྱིས་ཉོ་བཙོང་བྱེད།།

མཐུ་ཡིས་དཔོན་ལ་ངོ་འཛིན་བྱེད།།

ཆོས་ལ་གྲོང་པའི་རྐྱེན་བཟློག་བྱེད་།།

རི་ཁྲོད་སྒོམ་ཆེན་ཁྲམ་ཞིག་བྱེད།།

རི་ཁྲོད་གནས་ལ་རོ་ཉལ་བྱེད།།

ཕལ་བས་མཐོང་ན་ལུས་ཚུགས་འཛིན།།

རང་ནོར་ཡོད་ན་གུད་དུ་སྦས།།

སྤྱིན་བདག་དྲུང་དུ་ཁ་བསག་བརྗོད།།

སྐྱེ་བོ་ཕལ་གྱིས་ཁྲམ་ཞིག་བྱེད།།

སེམས་ལ་རྫ་མཁན་འཕང་ལོ་འདྲ།།

ཅི་དགོས་ལྟ་ཞིང་འཁོར་ལོ་བསྐོར།།

གཏམ་ལ་མགར་བའི་ལག་ཆ་འདྲ།།

གར་འགྲོ་བལྟ་ཞིང་བདེ་ཁ་བསྒྱུར།།

བྱ་བྱེད་སོས་ཀའི་གནམ་དང་འདྲ།།

ད་ལྟ་དཀར་ཡང་ད་ལྟ་གནག།།

ཕྱི་ཐག་སྦྲང་བུའི་མཆུ་དང་འདྲ།།

ཟ་ཚེ་ཡོད་དེ་ཚར་ཚེ་མེད།།

ངོ་སྲུང་ཐང་ཀའི་རི་མོ་འདྲ།།

སྔ་སོ་ལེགས་ཀྱང་ཕྱི་སོར་མེད།།

དད་འདུན་གློ་བའི་ཚོད་མ་འདྲ།།

ཁ་ན་ཡོད་དེ་གཏིང་ན་མེད།།

ཆོས་པ་རྣམས་ཀྱིས་ཁྲམ་ཞིག་བྱེད།།

ཐོས་བསམ་ལྕོང་མོའི་ལུས་པོ་འདྲ།།

མགོ་བོ་ཆེ་སྟེ་མཇུག་མ་ཕྲ།།

དོན་གཉེར་སྦལ་བའི་ཁ་དང་འདྲ།།

ཉན་དུས་ཡོད་དེ་སྒྲུབ་དུས་མེད།།

རྫུན་གྱིས་བླ་མའི་མགོ་བོ་བསྐོར།།

གཡོ་ཡིས་ཆོས་མིན་ཆོས་སུ་བརྫུ།།

སྒྱུ་ཡིས་ཉམས་ལེན་ཁ་བཤད་བྱེད།།

ས་སྟེང་ཁྲམ་པས་བཟུང་བའི་དུས།།

བདེན་པའི་གཞུང་ལམ་གང་ནས་འཛིན།།

རྒྱལ་ཁམས་ཟོག་པོས་གང་བའི་དུས།།

མཁས་པའི་གཞུང་ལུགས་སུ་ལ་འཆད།།

རྒྱལ་བོས་རང་ཁྲིམས་བཤིག་པའི་དུས།།

འབངས་ཀྱི་སྐྱིད་སྡུག་སུ་ལ་རེ།།

བླ་མས་རང་དོན་གཉེར་བའི་དུས།།

ཉམ་ཐག་གཞན་ཕན་སུ་ཡིས་བྱེད།།

དཔོན་གྱིས་བྲན་འཁོར་བཅོམ་པའི་དུས།།

ཉམ་ཆུང་ཁ་འཛིན་སུ་ལ་རེ།།

ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀློང་།།

ཁྱེའུ་ཆུང་སྐྱོ་བ་གཏིང་ནས་སྐྱེས།།

མི་རྟག་སྲིན་མོའི་སོ་བར་ན།།

ཁམས་གསུམ་སེམས་ཅན་འཁོར་ཞིང་རྒྱུ།།

ད་དུང་རྟག་འཛིན་ཞེན་པས་བཅིངས།།

ཚེ་འདིར་རང་དོན་བསྒྲུབས་བསྒྲུབས་ནས།།

འཆི་ཁར་འགྱོད་པའི་བྲང་ལག་འཐབ།།

སང་གི་སོ་ཚིས་བློ་ཐག་གཅོད།།

ཕྱི་མའི་ཆོས་ལ་ཕྱི་བཤོལ་བྱེད།།

ད་ནངས་གསོན་པའི་ལུས་པོ་ལ།།

དོ་དགོང་རོ་ཞེས་འབོད་ལ་ལྟོས།།

སང་དང་འཇིག་རྟེན་ཕྱི་མ་གཉིས།།

སྔོན་ལ་གང་ཡོང་ཤེས་ལགས་སམ།།

ཁྱེའུ་ཆུང་པད་མ་དགྱེས་པ་ང་།།

བླ་མ་སངས་རྒྱས་དངོས་དང་མཇལ།།

ཐུགས་བརྩེ་ཐུགས་རྗེས་རྗེས་སུ་བཟུང་།།

དད་འདུན་ཡིད་ཆེས་རྩེ་གཅིག་ཡིན།།

མོས་གུས་ལྟེམ་རྐྱང་བྱེད་མ་མྱོང་།།

ཞུ་དོན་བློ་ལ་གང་ཤར་ཡིན།།

ཚིག་སྒྲོས་གདམ་ག་བྱེད་མ་མྱོང་།།

བྱེད་སྤྱོད་རང་གཤིས་ལྷུག་པ་ཡིན།།

གཡོ་སྒྱུ་ངོས་ལྐོག་བྱེད་མ་མྱོང་།།

བློ་གཏད་མི་གཅིག་ལྷ་གཅིག་ཡིན།།

སྐྱབས་གནས་གཞན་ནས་འཚོལ་མ་མྱོང་།།

དམ་པའི་དྲུང་དུ་འདུག་ཡུན་རིང་།།

མཁས་པའི་བླ་མ་བསྟེན་གྲངས་མང་།།

ཕྱོགས་མེད་གཞུང་ལུགས་མཐོང་རྒྱ་ཆེ།།

དེ་ཕྱིར་ཆོས་དང་ཆོས་འདྲ་ཤེས།།

གསེར་གྱི་སྦྲང་ཆུང་འདབ་ཡངས་ཁྱེད།།

སྙིང་ནས་ཆོས་ཞིག་མཛད་དགོངས་ན།།

སྐྱོ་ཤས་གཏིང་ནས་སྐྱེས་པ་ན།།

འདྲ་མིན་སྤང་བའི་ཆོས་ཤིག་དགོས།།

དང་པོ་ཆོས་ལམ་གཉེར་བའི་དུས།།

སྐྱོ་ཤས་འདི་ལ་འདྲ་ཞིག་ཡོད།།

སྡུག་བསྔལ་ཅན་གྱི་གདུང་ཡུས་གཅིག།།

གློ་བུར་རྐྱེན་གྱིས་ཡིད་ཆད་གཉིས།།

སྙིང་སྡུག་གྲོགས་ཀྱི་རེ་འགོང་གསུམ།།

ངལ་དུལ་དཀའ་བའི་ཚེགས་ཡུས་བཞི།།

གནས་སྐབས་འགྱུར་བའི་ཁམས་འདུས་ལྔ།།

སྐྱོ་ཤས་འདྲ་སྟེ་སྐྱོ་ཤས་མིན།།

ངེས་འབྱུང་འདི་ལ་འདྲ་ཞིག་ཡོད།།

ཆ་ལུགས་འཆོས་པའི་འཆོར་འདོད་གཅིག།།

རི་ཁྲོད་བདེ་བའི་དལ་འདོད་གཉིས།།

ནུས་མཐུ་རེ་བའི་བཟླས་བརྗོད་གསུམ།།

རྒྱལ་ཁམས་ལྟད་མོའི་གནས་བསྐོར་བཞི།།

རེ་དོགས་སྒྲུབ་པའི་ཆོས་བརྒྱད་ལྔ།།

ངེས་འབྱུང་འདྲ་སྟེ་ངེས་འབྱུང་མིན།།

རི་ཁྲོད་འཛིན་ལ་འདྲ་ཞིག་ཡོད།།

ཕྱི་དམ་ནང་ལྷོད་དེ་དང་གཅིག།།

ཁྲིམས་མེད་བག་ཡངས་དེ་དང་གཉིས།།

ལག་ཤེས་རིག་གནས་སྦྱོང་དང་གསུམ།།

འཕྲལ་སྤྱོད་བྱ་བླག་མང་དང་བཞི།།

གཉིད་ཉལ་མི་ཚེ་འཕུད་དང་ལྔ།།

རི་ཁྲོད་བསྡད་ཀྱང་སྙིང་བོ་མེད།།

ཞེན་ལོག་འདི་ལ་འདྲ་ཞིག་ཡོད།།

མི་ཆོས་མ་ཕེར་བྲོས་ཁུང་གཅིག།།

སྨྱོ་རྒོད་རྒྱུག་པའི་ཐོ་ཅོ་གཉིས།།

བསམ་བློ་མ་བཏང་ཁ་ཕོ་གསུམ།།

མདོ་མེད་ནོར་ལ་རྩིས་ཆུང་བཞི།།

བློ་མེད་འཕྲལ་གྱི་ཐབས་རྡུགས་ལྔ།།

ཞེན་ལོག་འདྲ་སྟེ་ཞེན་ལོག་མིན།།

རྒྱལ་ཁམས་འགྲིམས་ལ་འདྲ་ཞིག་ཡོད།།

ལྟད་མོ་ལྟ་བའི་མཚར་འདོད་གཅིག།།

དད་པ་མ་སྐྱེས་གནས་མཇལ་གཉིས།།

ཕན་ཡོན་མ་ཤེས་བསྐོར་བ་གསུམ།།

ཟ་འདོད་བསྙལ་ཚོལ་ཁྲམས་པ་བཞི།།

བསམ་བློ་མ་བཏང་སྐོར་རྒྱུག་ལྔ།།

གནས་བསྐོར་འདྲ་སྟེ་གནས་བསྐོར་མིན།།

མཚམས་སྒྲུབ་བྱེད་ལ་འདྲ་ཞིག་ཡོད།།

ལྷར་སྣང་མེད་པའི་བཟླས་བརྗོད་གཅིག།།

ངེས་ཤེས་མེད་པའི་བསྐྱེད་རྫོགས་གཉིས།།

ནུས་མཐུ་རེ་བའི་དྲག་སྒྲུབ་གསུམ།།

རྣམ་གྲངས་བརྩི་བའི་དུ་སོང་བཞི།།

འདིར་སྣང་རེ་བའི་ཕྲིན་སྒྲུབ་ལྔ།།

མཚམས་སྒྲུབ་འདྲ་སྟེ་སྙིང་བོ་མེད།།

བར་ཏུ་ཉམས་སུ་ལེན་པའི་དུས།།

སྐྱབ་འགྲོ་འདི་ལ་འདྲ་ཞིག་ཡོད།།

ཚིག་ཙམ་གསོག་པའི་ཁ་གྲངས་གཅིག།།

ཁྱེད་ཤེས་བློ་གཏད་མེད་དང་གཉིས།།

སྐྱབས་ཡུལ་ཁྱད་པར་མི་ཤེས་གསུམ།།

དཀོན་མཆོག་ཡོན་ཏན་མི་ཤེས་བཞི།།

རེ་འགོང་བྱེད་པའི་སྐྱབས་འགྲོ་ལྔ།།

སྐྱབས་འགྲོ་འདྲ་སྟེ་སྙིང་བོ་མེད།།

སེམས་བསྐྱེད་འདི་ལ་འདྲ་ཞིག་ཡོད།།

རང་བཟང་འདོད་པའི་སེམས་བསྐྱེད་གཅིག།།

རྣམ་སྨིན་འབྲས་བུ་འདོད་དང་གཉིས།།

ཕྱོགས་རིས་ཅན་གྱི་སྙིང་རྗེ་གསུམ།།

ཁ་ཙམ་བྱེད་པའི་སེམས་བསྐྱེད་བཞི།།

བསླབ་བྱ་གོ་ཡུལ་མི་ཤེས་ལྔ།།

སེམས་བསྐྱེད་ཟེར་ཡང་སྙིང་བོ་མེད།།

བསྐྱེད་རིམ་འདི་ལ་འདྲ་ཞིག་ཡོད།།

གསལ་སྣང་མ་ཟིན་ང་རྒྱལ་གཅིག།།

ང་རྒྱལ་མེད་པའི་གསལ་སྣང་གཉིས།།

རང་རྒྱུད་འཛིན་པའི་རེ་དོགས་གསུམ།།

སེམས་བསྐྱེད་མེད་པའི་དྲག་ཤུལ་བཞི།།

དག་རྫོགས་སྨིན་གསུམ་མི་སྦྱོར་ལྔ།།

བསྐྱེད་རིམ་ཟེར་ཡང་འཁོར་བའི་རྒྱུ།།

རྫོགས་རིམ་འདི་ལ་འདྲ་ཞིག་ཡོད།།

འོད་གསལ་མི་ཤེས་རྩ་རླུང་གཅིག།།

སྒྱུ་མར་མི་འབྱོངས་རྨི་ལམ་གཉིས།།

རྩ་མདུད་མི་གྲོལ་ཐབས་ལམ་གསུམ།།

གྲོལ་ལུགས་མི་ཤེས་ཕྱག་རྫོགས་བཞི།།

སྣང་ངོར་ཞེན་པའི་ཐོད་རྒལ་ལྔ།།

རྫོགས་རིམ་ཟེར་ཡང་སྙིང་བོ་མེད།།

ཐ་མ་གྲུབ་འབྲས་འབྱིན་པའི་དུས།།

གཞན་དོན་བྱེད་ལ་འདྲ་ཞིག་ཡོད།།

ཉམས་སྣང་བསྒྲུབས་པའི་མངོན་ཤེས་གཅིག།།

ལྷ་འདྲེས་བརླམས་པའི་གྲུབ་རྟགས་གཉིས།།

ཆོས་བརྒྱད་སྒྲུབ་པའི་ཆོས་བཤད་གསུམ།།

ཆོས་ལ་མི་འཁོར་འཁོར་བསྡུད་བཞི།།

རང་ཉམས་མེད་པའི་ཁྲིད་བཤད་ལྔ།།

འགྲོ་དོན་འདྲ་སྟེ་སྙིང་བོ་མེད།།

འདྲ་མིན་ལྔ་བཅུ་རྩ་ལྔ་འདི།།

གཞན་སྐྱོན་ལྟ་བའི་མེ་ལོང་མིན།།

ངས་ཀྱང་རང་ལ་གསལ་འདེབས་ཡིན།།

ཁྱེད་ཀྱང་རྒྱུན་ཏུ་ཐུགས་ལ་ཆོངས།།

ལྟར་སྣང་ཆོས་བཞིན་བྱེད་པའི་དུས།།

འདྲ་མིན་གོལ་ས་བྱུང་མ་བྱུང་།།

ཞུ་དག་ཞིབ་ཏིག་ནན་ཏན་མཛོད།།

ཚིག་ལ་སྙན་ཆ་མི་ཆེ་ཡང་།།

དོན་ལ་ཟབ་དགུའི་རོ་བཅུད་བདའ།།

མཚུངས་མེད་བླ་མའི་ཞལ་རྒྱུན་ཡིན།།

སྙིང་ནས་དམ་ཆོས་མཛད་དགོངས་ན།།

ཁ་ཕོ་ཁ་བཤད་བྱེད་རྒྱུ་མེད།།

ཤོམ་ར་བཅའ་ག་བསྒྲིག་རྒྱུ་མེད།།

དུས་ཚོད་ངོས་བཟུང་བྱེད་རྒྱུ་མེད།།

ཕར་ལ་ཆོས་སྙོགས་འགྲོ་མི་དགོས།།

ལྷ་ཆོས་ལུས་དང་ཡན་ལག་འདྲ།།

ནམ་དགོས་རང་གི་དྲུང་ན་ཡོད།།

སྐད་ཅིག་རེར་ཡང་སྙིང་རུས་དགོས།།

ཐང་གཅིག་རེར་ཡང་གསལ་འདེབས་དགོས།།

ཡུད་ཙམ་རེར་ཡང་ཞུ་དག་དགོས།།

ཉིན་ཞག་རེར་ཡང་བསྔོ་བགྲང་དགོས།།

ནངས་མ་རེ་བཞིན་དམ་བཅའ་དགོས།།

ཐུན་རེ་བཞིན་ཏུ་རྟགས་དཔྱད་དགོས།།

ཞར་དང་ཞོར་ལ་མི་འབྲལ་དགོས།།

དུས་དང་རྒྱུན་ཏུ་མི་བརྗེད་དགོས།།

ཉམས་ལེན་ཞིབ་ལ་མ་ཕེབས་ན།།

ཤོམ་ར་ཆེ་བའི་ཆོས་པ་དེ།།

ཆོས་གཟུགས་འོང་བའི་དོན་འབྲས་མེད།།

ལེ་ལོས་རི་ལ་ཁྱེར་དང་གཅིག།།

རྣམ་གཡེངས་དགོན་པར་སྒྲུབ་དང་གཉིས།།

སྐྱིད་འདོད་དབེན་པ་འཚོལ་དང་གསུམ།།

དེ་ལས་སྡུག་པ་སྲིད་ན་མེད།།

དགོངས་སམ་གསེར་སྦྲང་ལྷ་ཡི་སྲས།།

སྐྱིད་ན་མི་དགའ་སྡུག་ན་དགའ།།

སྐྱིད་ན་ཉོན་མོངས་དུག་ལྔ་འཕེལ།།

སྡུག་ན་སྔོན་བསགས་ལས་ངན་མཛད།།

སྡུག་བསྔལ་བླ་མའི་ཐུགས་རྗེ་ཡིན།།

བསྟོད་ན་མི་དགའ་སྨད་ན་དགའ།།

བསྟོད་ན་ང་རྒྱལ་ཁེངས་སེམས་ཆེ།།

སྨད་ན་རང་སྐྱོན་ཐེར་ལ་འབུད།།

མི་ཁ་ལྷ་ཡི་ཕ་འབབ་ཡིན།།

མཐོ་ན་མི་དགའ་དམའ་ན་དགའ།།

མཐོ་ན་ཕྲག་དོག་ང་རྒྱལ་ཆེ།།

དམའ་ན་བག་ཡངས་དགེ་སྦྱོར་འཕེལ།།

དམན་ས་གོང་མའི་གདན་ས་ཡིན།།

འབྱོར་ན་མི་དགའ་རྒུད་ན་དགའ།།

འབྱོར་ན་གསོག་སྲུང་སྡུག་བསྔལ་ཆེ།།

རྒུད་ན་དཀའ་སྤྱད་ལྷ་ཆོས་འགྲུབ།།

སྤྲང་ལུས་ཆོས་པའི་གཏད་སོ་ཡིན།།

བྱིན་ན་མི་དགའ་འཕྲོག་ན་དགའ།།

བྱིན་ན་ལན་ཆགས་འཁུར་བོ་འཕེལ།།

འཕྲོག་ན་ཚེ་རབས་བུ་ལོན་སོད།།

ཆོག་ཤེས་འཕགས་པའི་སྤྱི་ནོར་ཡིན།།

གཉེན་ལ་མི་དགའ་དགྲ་ལ་དགའ།།

གཉེན་གྱིས་ཐར་ལམ་བར་ཏུ་གཅོད།།

དགྲ་བོ་བཟོད་པའི་ཡུལ་ཏུ་བྱེད།།

རོ་སྙོམས་ཉམས་ལེན་གནད་འགག་ཡིན།།

ཆོས་བཞིན་མཛད་ན་དེ་འདྲ་དགོས།།

བློ་ཐག་ཆོད་ན་དེ་འདྲ་དགོས།།

རི་ཁྲོད་འཛིན་ན་དེ་འདྲ་དགོས།།

རྒྱལ་ཁམས་འགྲིམ་ན་དེ་འདྲ་དགོས།།

གདམས་ཟབ་གནད་ཀྱི་མདོ་འགག་དྲུག།།

ཕ་གཅིག་བླ་མའི་ཞལ་རྒྱུན་ཡིན།།

བུ་གཅིག་སེམས་ཀྱི་གཏད་སོ་ཡིན།།

སྙིང་གི་སྙིང་པོ་ཚིག་དྲུག་འདི།།

གྲོགས་གཅིག་ཁྱེད་རང་མ་ལགས་པ།།

གཞན་ལ་ཚིག་ཟུར་ཕུད་པ་མེད།།

ཨེ་མ་གསེར་སྦྲང་ལྷ་ཡི་སྲས།།

གནས་ལ་རྩེ་མཐོ་པད་མའི་རི།།

ལྷ་གཅིག་སྒྲོལ་མའི་ཞིང་ཁམས་ཡིན།།

ཐུགས་རྗེ་ཆེན་པོའི་ཕོ་བྲང་ཡིན།།

པདྨ་རྒྱལ་བོའི་སྒྲུབ་གནས་ཡིན།།

རི་ལ་ལྟོས་དང་འཕགས་པའི་སྐུ།།

སེམས་ཉིད་ངལ་བསོའི་བཀོད་པ་རྫོགས།།

བྲག་ལ་ལྟོས་དང་འཕགས་པའི་གསུང་།།

རང་བྱོན་ཡིག་དྲུག་བགྲང་ལས་འདས།།

ཤིང་ལ་ལྟོས་དང་སྔོ་ལྗང་ཚལ།།

གཡུ་ལོ་བཀོད་པའི་ཁྱད་ཆོས་རྫོགས།།

དུག་སྦྲུལ་གདུག་པས་མཐའ་ནས་བསྐོར།།

སྐལ་དམན་བློ་ཆུང་བགྲོད་པར་དཀའ།།

གྲུ་འཛིན་རི་བོའི་མཚན་ཉིད་རྫོགས།།

མདུན་ན་འཕགས་མའི་ཕོ་བྲང་མཛེས།།

ལྷ་མོའི་འགྲོ་དོན་དུས་སུ་བབས།།

ཐུགས་རྗེ་ཆེན་པོའི་ཐུགས་ཀ་ན།།

པདྨ་དགྱེས་པའི་སྒྲུབ་ཕུག་ཡོད།།

ལྷ་ལ་སྤྱན་རས་གཟིགས་དབང་བསྟེན།།

སྔགས་ལ་ཡི་གེ་དྲུག་མ་བཟླ།།

ལམ་ལ་རྒྱལ་སྲས་བདེ་ལམ་སྙོགས།།

སྡུག་བསྔལ་འདོད་ཀྱང་བདེ་བ་འབྱུང་།།

འདི་བདེ་ཕྱི་སྐྱིད་ཨ་ལ་ལ།།

བདེ་ནས་བདེ་བའི་གནས་སུ་འགྲོ།།

གཏན་བདེ་མི་འགྱུར་ཨ་ལ་ལ།།

གསོལ་བ་བླ་མ་རྗེ་ལ་འདེབས།།

ཐུགས་རྗེ་མི་གཡེལ་ཨ་ལ་ལ།།

ཡི་དམ་སྤྱན་རས་གཟིགས་ལ་ཞུ།།

དངོས་གྲུབ་མི་འགྱངས་ཨ་ལ་ལ།།

ཨ་ལ་ལ་སྟེ་ངོ་མཚར་ཆེ།།

ཆེ་བར་དགོངས་སམ་ལྷ་ཡི་སྲས།།

ངས་ཀྱང་སྙིང་གི་དམ་བཅའ་གཅིག།།

ཁྱེད་ཀྱང་ཡིད་ཀྱི་ཞེ་འདོད་གཉིས།།

མཐུན་ན་གོང་མའི་རྗེས་སུ་སྙོགས།།

ཆོས་བརྒྱད་ལམ་ཁའི་རོ་བཞིན་དོར།།

འདིར་སྣང་གནོད་པའི་དུག་ལྟར་སྤང་།།

ཉམས་ལེན་བརྩོན་འགྲུས་ཞིབ་ལ་བྱེད།།

གདམས་ངག་མཚང་གི་ཐོག་ཏུ་འབེབས།།

ཁ་ཕོ་ཁ་བཤད་རླུང་ལ་བསྐུར།།

སེམས་བསྐྱེད་བྱང་སེམས་གཞུང་ལམ་བསྲང་།།

དེ་ལྟར་འཐད་ན་གྲོས་རྐང་ཚུགས།།

གྲོས་མཐུན་འགྲིགས་པའི་སྤུན་གྲོགས་གཉིས།།

ཐར་བའི་ལམ་ལ་འགྲོགས་ནས་འགྲོ།།

འཁོར་བའི་མཐའ་ལ་སྨོན་པས་བསྐྱང་།།

ཚེ་རབས་ཀུན་ཏུ་འབྲེལ་བས་བསྡུ།།

བྱང་ཆུབ་སྤྱོད་པ་མཉམ་ཏུ་སྤྱོད།།

འཐད་དམ་དགོངས་སམ་ལྷ་ཡི་སྲས།།

དོན་ཏུ་འདུའོ་ཨ་ལ་ལ།།

གནད་དུ་འདྲིལ་ལོ་ཨེ་མ་ཧོ།།