ཁྱིམ་བདག་ཚོགས་འདུའི་ཐོག་གི་གཏམ་བཤད། 

384/545

མཛའ་བརྩེ་དང་ལྡན་པའི་ཁྱིམ་བདག་རྣམ་པས་ལས་དོན་བྲེལ་འཚུབ་ཆེ་ན་ཡང་དེ་རིང་གི་ཁྱིམ་བདག་ཚོགས་འདུར་བཞུགས་གནང་བར་ངས་ངེད་སློབ་གྲྭའི་ཚབ་ཞུས་ནས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།

ཐོག་མར་ངས་ཁྱིམ་བདག་རྣམ་ལ་གསལ་བཤད་ཞུ་རྒྱུར་དེ་རིང་གི་ཁྱིམ་བདག་གི་ཚོགས་འདུ་འདི་སྐོང་ཚོགས་བྱེད་དགོས་པའི་དམིགས་ཡུལ་ནི་སློབ་ཕྲུག་རྣམ་པའི་སློབ་སྦྱོང་དང་ཀུན་སྤྱོད་སོགས་ཕྱོགས་གང་ཅིའི་ཐད་སྔར་ལས་ལྷག་པའི་ཡར་རྒྱས་གོང་འཕེལ་ཡོང་བའི་ཆེད་དུ་ཡིན།། ཕ་མ་ཞིག་གི་ངོས་ནས་བརྗོད་ན་རང་གི་བུ་ཕྲུག་དེ་གཞན་གྱི་བུ་ཕྲུག་ལས་ལྷག་པ་དང་འཇོན་ཐང་ཆེ་བ་ཆགས་པའི་འདུན་པ་འཆང་བ་ནི་བསྙོན་དུ་མེད་པ་༼ཡང་ན་ཆོས་ཉིད་༽ཞིག་རེད། ད་ག་ནང་བཞིན་ང་རང་ལོ་རིམ་བཞི་པའི་འཛིན་བདག་དང་དེ་མིན་སློབ་ཁྲིད་ཀྱི་དགེ་རྒན་གཞན་གི་ངོས་ནས་བཤད་ན་ང་ཚོ་ནི་སློབ་ཕྲུག་ཚོའི་ཕ་མ་གཉིས་པ་དེ་རེད། དེར་བརྟེན་སློབ་མ་རྣམས་ཀྱིས་སློབ་སྦྱོང་དང་ཀུན་སྤྱོད་གང་རུང་ཐད་འཛིན་གྲྭ་གཞན་ལས་ལྷག་པ་དང་བཟང་པོ་གསུམ་ལྡན་གྱི་སློབ་མ་ཞིག་དང་ཕ་མ་དང་དགེ་རྒན་གུས་ཞབས་ཆེ་བ། རྒན་བཀུར་གཞོན་གཅེས་ཀྱི་འདུ་ཤེས་ཀྱིས་ཕྱུག་པ། མ་འོངས་པར་ཤེས་ལྡན་མི་སྣར་ཞིག་ཆགས་ནས་རང་ཁེ་རང་འཚོལ་མིན་ཀྱང་གཞན་ཕན་གྱི་བྱ་བཞག་བསྒྲུབ་པའི་མི་སྣ་ཞིག་ཏུ་འགྱུར་བའི་རེ་བ་དང་འདུན་པ་བཅངས་ནས་རྟག་ཏུ་སློབ་གསོ་དང་རང་ནུས་ཡོད་རྒུས་སློབ་མར་ལེགས་སྐྱེས་འབུལ་གྱི་ཡོད།། སློབ་མ་ཞིག་གསོ་སྐྱོང་ཡག་པོ་བྱེད་དགོས་ན་སློབ་གྲྭ་དང་དགེ་རྒན། ཁྱིམ་བདག་བཅས་ཚང་མས་ཐུན་མོང་ཐོག་ཡར་སྐྱེད་ཡོང་བ་བྱེད་དགོས་པས། དེ་རིང་འདིར་ངས་ཁྱིམ་བདག་རྣམ་ལ་བཤད་རྒྱུའི་ནང་དོན་ནང་དོན་ཟེར་ནའང་འདྲ། རེ་བ་ཟེར་ནའང་འདྲ་ནང་དོན་ཁག་ 4 ཙམ་བཤད་རྒྱུ་ཡིན།

 

དང་པོ། ཁྱིམ་བདག་གི་སློབ་གྲྭ་དང་སློབ་ཁྲིད་དགེ་རྒན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས་པ།

ཕ་མ་དང་དགེ་རྒན་ཁག་གཉིས་ཀའི་དམིགས་ཡུལ་དང་རེ་བ་ནི་གཅིག་པ་གཅིག་རྐྱང་རེད། སློབ་ཕྲུག་ཚོས་ཡི་གེ་ཡག་པོ་སྦྱངས་ནས་གཡུར་ཟའི་འབྲས་བུ་ཐོབ་ཐུབ་པ་དེ་རེད། ཡིན་ནའང་ཁྱིམ་བདག་ཁ་ཤས་ཀྱི་བུ་ཕྲུག་སློབ་གྲྭར་གཏོང་བ་ནི་སློབ་གྲྭ་དང་དགེ་རྒན་གྱི་ཆེད་དུ་ཡིན་པའི་བསམ་བློ་འཛིན་བཞིན་ཡོད། ང་རང་ངོས་ནས་བཤད་ན་སྤོ་ལུ་སློབ་ཆུང་དུ་སླེབས་ནས་ལོ་ལྔ་ཙམ་འགྲོ་གྲབས་ཡོད། ཨོ། འདས་པའི་ལོ་ལྔ་ཡི་ནང་ཁྱིམ་བདག་གིས་སློབ་གྲྭའི་སྐྱོན་ཚང་དྲུད་པ་ལས་རྒྱབ་སྐྱོར་བྱས་པ་མཐོང་མ་མྱོང་། ༼ཁྱིམ་བདག་འགའ་ཤས་ཀྱི་ངའི་བུ་དང་བུ་མོ་སློབ་གྲྭར་བཏང་ནས་ལོ་གསུམ་ཕྱིན་སོང་། བཞི་ཕྱིན་སོང། ལྔ་ཕྱིན་སོང་། ཡིན་ནའི་ཡི་གེ་ཀ་ཁ་ཙམ་ཡང་ཤེས་ཀྱི་མི་འདུག། ཁྱེད་ཚོས་མནོ་བསམ་བྱོས་དང་། རང་གི་བུ་ཕྲུག་ཞག་གསུམ་བཞི་ཙམ་སློབ་གྲྭར་མངགས། དེ་ནས་ཞག་མ་གསུམ་ཙམ་ཁྱིམ་དུ་ནང་ལས་ལས་སུ་བཅུག། དེ་འདྲ་བྱས་ནས་ཡི་གེ་ཤེས་ཀྱི་རེད་དམ། དེ་ཡི་མིང་ལ་རྐྱང་རྗེས་ལག་སུབ་ཟེར།༼སློབ་གྲྭར་སྡོད་རིང་ཞག་མ་གསུམ་ནང་སྦྱངས་ཟིན་པའི་ཡི་གེ་རྣམས་ཁྱིམ་དུ་ཞག་མི་གསུམ་སྡོད་རིང་ཚང་མ་བརྗེད་ཟིན་པ་རེད།༽དེ་མ་ཟད་སློབ་གྲྭས་སློབ་མར་གྱོན་གོས་གསར་པ་སྤྲད་པའི་ཉིན་གཉིས་པར་ཚ་ཚ་འུར་འུར་གྱི་སློབ་གྲྭར་བཏང་། གྱོན་གོས་ལེན་ཟིན་ནས་ཉིན་གསུམ་པར་སློབ་ཕྲུག་སློབ་ཁང་དུ་མཐོང་རྒྱུ་ཡོད་པ་མ་རེད། ཁྱིམ་བདག་རྣམ་པ་ཁྱེད་རྣམ་པས་བསམ་བློ་ཞིག་གཏོང་གནང་དང་། བྱིས་པ་སློབ་གྲྭར་གཏོང་བའི་དམིགས་ཡུལ་གྱོན་གོས་ལེན་པའི་ཆེད་དུ་ཡིན་ནམ།༽ ང་ཚོས་བྱིས་པ་རྣམ་གསོ་སྐྱོང་ཡག་པོ་བྱེད་དགོས་ན། ཡི་གེ་ཡག་པོ་ཤེས་དགོས་ན་ཁྱིམ་བདག་དང་སློབ་གྲྭ། དགེ་རྒན་བཅས་ཚང་མས་ཐུན་མོང་ཐོག་གསོ་སྐྱོང་བྱེད་དགོས་པ་ལས་ཁྱིམ་བདག་གི་རྒྱབ་སྐྱོར་མེད་ན་འབྲས་བུ་གང་ཡང་ཐོབ་མི་སྲིད། དཔེར་ན། ཐལ་མོ་ཞིག་རྡེབ་དུས་ལག་པ་ཡ་གཅིག་གི་ཐལ་མོའི་སྡེབ་སྒྲ་ཐོན་མི་སྲིད། ཕྱར་བ་གྲུ་འདེགས་ཀྱི་སློབ་མ་སྐྱོང་དགོས་པ་དེ་གལ་འགངས་ཤིན་ཏུ་ཆེན་པོ་རེད།༼ཤོག་བུ་གྲུ་བཞི་གི་སྟེང་དུ་དངོས་པོ་བཞག་ནས་ཕྱོགས་བཞི་ནས་འདེགས་དགོས། དེ་མིན་ཕྱོགས་གཅིག་གི་མི་འདེགས་ན་དངོས་ས་ལ་ལྷུང་བའི་གཏམ་ཤོད་རྒྱུ།༽

སྔ་མ་ཞིག་ངས་ངེད་འཛིན་གྲྭའི་སློབ་ཕྲུག་རྣམས་ཕྱི་དྲོ་སློབ་ཚན་གྲོལ་ནས་སློབ་གྲྭའི་ནང་དུ་སྐྱོར་སྦྱངས་བྱེད་དུ་བཅུག་པ་ཡིན། དེ་ཡི་དགོང་མོ་ཕྱི་མོ་དེ་ཙམ་ཆགས་མེད། སྐབས་དེ་དུས་ཁྱིམ་བདག་གཉིས་ཀྱི་ང་ལ་༼སློབ་ཚན་ཚོགས་སྐབས་ཡི་གེ་སློབ་དགོས། སློབ་ཚན་གྲོལ་ནས་སློབ་མ་སློབ་གྲྭར་ཉར་ནས་ག་རེ་བྱེད་ཀྱི་ཡོད་ཅེས། སེམས་ན་ཚ་གཏོང་བའི་སྐད་ཆ་མང་པོ་བཤད་ཡོང་། ཡིན་ནའང་ངས་སྐབས་དེ་དུས་གང་ཡང་ལབ་མེད། མི་ལ་ནོར་འཁྲུལ་མེད་པ་དང་ཤིང་ལ་འཛེར་པ་མེད་པ་ཡོང་སྲིད་ཀྱི་མ་རེད། རེད་མ་རེད། དགེ་རྒན་གྱི་སློབ་ཚན་ཁྲིད་སྐབས་བརྒྱུད་རིམ་ནི་ཕ་མས་བྱིས་པར་གོམས་བགྲོད་སློབ་པ་དང་གཅིག་པ་རེད། སློབ་ཚན་སྐབས་དགེ་རྒན་གྱི་སློབ་མར་གོམ་པ་སྤོ་སྟངས་དེ་སློབ་ཀྱི་ཡོ་རེད། ཡིན་ཡང་གོམ་པ་དེ་སུ་ཡི་སྤོ་དགོས་ཞེ་ན། སློབ་མ་རང་ཉིད་ཀྱི་སྤོ་དགོས།༽

༼དགེ་རྒན་ཞིག་གི་ངོས་ནས་བརྗོད་ན་ཉེ་རིང་མེད་པར་བུམ་པ་གང་བྱོའི་ཚུལ་གྱིས་སློབ་མར་ལེགས་སྐྱེས་ཕུལ་ན་དེ་ནི་ཆོས་བྱས་པ་གཅིག་པ་རེད། དེར་བརྟེན་ང་རང་གིས་ཀྱང་སྔར་ལས་ལྷག་པའི་སྒོ་ནས་སློབ་་མ་སྐྱོང་བའི་བསམ་བློ་གཏོང་བ་ལས་ཉིན་མི་གང་འཁྱོལ་གྱི་བསམ་བློ་བཏང་མི་མྱོང་།༽

 

གཉིས་པ། ཕྲུ་གུའི་ཕུགས་ལ་བསམ་བློ་གཏོང་མང་ཙམ་གཏོང་དགོས།

ཕ་མ་ཚོས་རང་ཉིད་ཀྱི་ཕྲུ་གུར་བྱམས་སྐྱོང་ནི་ལྷ་གསོལ་གསོལ་དང་ཀླུ་གསོལ་གསོལ་བྱེད་ཀྱི་ཡོ་རེད། ཡིན་ནའང་ཁྱིམ་བདག་རྣམ་པས་དོན་ངོ་མར་བྱམས་སྐྱོང་གནང་འདོད་ན་བྱིས་པ་སློབ་གྲྭར་གཏོང་དགོས། དེ་ནི་ངོ་མ་ཚུལ་དང་མཐུན་པའི་བྱམས་སྐྱོང་རེད། ཁྱིམ་བདག་བྱིས་པ་སློབ་གྲྭར་མི་གཏོང་བ་ནི་རང་དོན་ཁོ་ནའི་ཆེད་དུ་རེད། ང་ཚོས་ཁ་ཟུར་དང་གནས་སྐབས་ཀྱི་བསམ་བློ་མི་གཏོང་བར་རྒྱང་རིང་བསམ་བློ་གཏོང་དགོས། དཔེ་ཆ་བཞག་ན། ཁྱིམ་བདག་རྣམ་པས་ཤེས་གསལ་རེད། ཁྱེད་རྣམ་པ་ཆུང་ཆུང་གི་དུས་སྐབས་སུ་དབྱར་རྩ་དགུན་འབུ་ཅི་ཙམ་ཡོ་རེད། ད་ཆ་ཅི་ཙམ་འདུག། ནུས་པའི་འབྱུང་ཁུངས་འམ་འབུ་དེ་ལོ་རེ་ནས་ལོ་རེ་བཞིན་ཇེ་ཉུང་ཇེ་ཉུང་དུ་འགྲོ་གི་ཡོ་རེད། བྱས་ཙང་རང་གི་ཕྲུ་གུའི་ཕྲུ་གུའི་དུས་ལ་སྤྱིར་བཏང་བྱས་ནས་འབུ་འཐུ་རྒྱུ་ཡོད་པ་མ་རེད། ཁྱེད་རྣམ་ཀྱི་ས་བབས་ངོས་ནས་བརྗོད་ན་ས་ཞིང་ནི་མང་པོ་ཅི་ཡོག་མ་རེད་པས་སྐབས་དེ་དུས་འཚོ་བ་འཁྱོལ་ཁག་པོ་རེད།

ད་ལྟ་ཡིན་ན་སློབ་གྲྭར་སློབ་དངུལ་ནི་སྤྲད་དགོས་མ་རེད། ད་དུང་བཟའ་རྒྱུ། གོན་རྒྱུ། སློབ་སྦྱོང་ཡོ་ཆས་ཚང་མ་མར་སྤྲད་ཀྱི་ཡོག་རེད། ཆ་རྐྱེན་ཡག་མོ་དེ་འདྲ་ཡོད་ནའི་སློབ་གྲྭ་མི་གཏོང་བ་དེ་སྨྱོན་པ་རང་རེད། དཔེ་ཆ་བཞག་ན། རང་གི་བུ་ཕྲུག་སློབ་གྲྭར་བཏང་ནས་ལས་ཀར་བཞུགས་ཐུབ་པ་ཡིན་ལ་མི་རབས་ནས་མི་རབས་དང་རང་གི་ཕྲུ་གུའི་ཕྲུ་གུ་ནས་ཕྲུ་གུའི་བར་ལས་ལ་བསྒྱུར་བཀོད་བཏང་ཟིན་པ་རེད། དེ་དངོས་ནས་ཚོགས་བསགས་པ་རེད། ཁྱིམ་བདག་མང་ཆེ་བས་སྐྱག་པ་ཤོར་དུས་མ་གཏོགས་གསང་སྤྱོད་དྲན་མི་སྲིད། དཔེ་བཞག་ན་འཇོ་མདའ་སོང་ནས་རྒྱ་རིགས་བློ་མཐུན་གྱི་ཇ་ཁང་ནང་དུ་འགྲོ་དུས་སྐད་ཀྱི་གོ་བརྡ་མི་འཕྲོད་པས་མི་གཞན་ལ་མཐེ་བོང་བརྐྱངས་དགོས་དུས་མཐའ་མའི་མཐའ་རེད། དེ་མ་ཟད། ཁྱིམ་ཚང་ནང་དང་དེ་མིན་གྱི་ཡི་གེ་སོགས་འབྲི་དུས་ཡང་མི་གཞན་ལ་མཐེ་བོང་བསྒྲེངས་དགོས་པས་བྱས་ཙང་རང་ཉིད་ཀྱི་གནས་བབས་དེརབ་བསམ་བློ་བཏང་ནས་རང་གི་བུ་ཕྲུག་གནས་བབས་དེར་མི་ལྷུང་བའི་འབད་བརྩོན་བྱས་ནས་སློབ་གྲྭ་གཏོང་དགོས།

 

གསུམ་པ། དུས་རྒྱུན་ནས་སློབ་མར་ཀུན་སྤྱོད་སློབ་གསོ་མང་ཙམ་གཏོང་དགོས།

ང་ཚོ་བོད་རིགས་ཀྱི་ཡ་རབས་གུས་ཞབས་དང་ལྡན་པའི་མི་རིགས་ཤིག་རེད། རྒན་པར་གུས་ཞབས་དང་གཞོན་པར་གཅེས་སྐྱོང་བྱ་རྒྱུ་ནི་ང་ཚོའི་མེས་པོ་གོང་མ་ཚོས་ང་ཚོར་གནང་བའི་ལག་རྟགས་ཤིག་རེད། བྱས་ཙང་ང་ཚོས་དེར་ཡར་རྒྱས་གོང་འཕེལ་གཏོང་མི་ཐུབ་ཀྱང་དེར་གཏོར་ཤིག་གཏོང་མི་ཉན། ཕ་མ་གཅིག་གི་ངོས་ནས་བཤད་ན་བྱིས་པར་འགྲོ་སྟངས། སྡོད་སྟངས། ལྟོ་བཟའ་སྟངས། རྒན་བཀུར་གཞོན་གཅེས་བྱེད་སྟངས་སོགས་ཡག་པོ་སློབ་ཀྱི་ཡོད་ཤག་རེད། ཡིན་ནའང་མི་གཞན་ལ་ཡ་རབས་གུས་ཞབས་བྱེད་སྟངས་ཀྱང་སློབ་གནང་དགོས་རེད། ང་ཚོའི་སློབ་གྲྭར་དཔེ་བཞག་ནས་བཤད་ན། སློབ་ཕྲུག་ཚོས་དགེ་རྒན་འབོད་དུས་ཁོ་རེ། བློ་གྲོས། ཟེར་བ་ལས་ཆེས་མཐའ་མའི་གུས་ཞབས་དེ་ཡང་ཤེས་ཀྱི་ཡོག་མ་རེད། རྒན་བློ་གྲོས། ཞེས་བཤད་ན་རང་ཉིད་ཤ་ནི་སྐམ་མ་རེད། འགྲོ་སོང་ནི་འགྲོ་མ་རེད། དེ་ལས་ལྡོག་སྟེ་རང་གི་ཆོས་བྱས་པ་དང་གཅིག་པ་རེད། ནང་པའི་ཆོས་ནང་ལ་ཡང་། མི་སེམས་དགའ་ན་ལྷ་ཆོས་ཡིན་ཞེས་གསུངས་ཡོག་རེད།

ང་རང་འཛིན་བདག་ཅིག་གི་ངོས་ནས་བཤད་ན་གཟའ་འཁོར་རེའི་འཛིན་ཚོགས་སྐབས་དུས་རྒྱུན་སློབ་ཚན་ཁྲིད་སྐབས་ཕ་མ་དང་དགེ་རྒན་སོགས་ལ་གུས་ཞབས་བྱེད་ལུགས་དང་ཕ་མའི་གསབ་དགོས་ལུགས་ལ་སོགས་སློབ་མར་ཀུན་སྤྱོད་སློབ་གསོ་གཏོང་གི་ཡོད། བྱས་ཙང་ཁྱིམ་བདག་རྣམ་པས་ཡང་དུས་རྒྱུན་ནས་རང་གི་ཕྲུ་གུར་ཀུན་སྤྱོད་སློབ་གསོ་མང་ཙམ་གནང་རྒྱུའི་རེ་བ་ཡོད།

 

བཞི་པ། སློབ་སྦྱོང་ཐད།

སློབ་སྦྱོང་ངོས་ནས་བཤད་ན་དུས་རྒྱུན་སློབ་ཚན་ཁྲིད་སྐབས་སློབ་མ་ཚོས་སློབ་སྦྱོང་ཡག་པོ་མ་བྱས་པའམ་སློབ་ཚན་ཡག་པོ་མ་ཉན་པར་རྩེད་གཡེང་དུས་ལག་པར་རྒྱུག་པ་འགའ་རྒྱག་གི་ཡོད། ངོ་མ་བཤད་ན། དགེ་རྒན་ཞིག་གི་རང་ཉིད་ཀྱི་ཕྲུ་གུར་རྒྱུག་པ་བཞུས་པ་ཡིན་ན་ཁྱིམ་བདག་ཞིག་གི་ངོས་ནས་བཤད་ན་སེམས་ལ་ན་ཚ་དང་ཁོང་ཁྲོ་ལངས་ངེས། ང་རང་ཡང་ཕྲུ་གུའི་ཕ་མ་ཞིག་ཡིན་པས་ངས་ཤེས་ཀྱི་ཡོད། ཡིན་ནའང་དགེ་རྒན་གིས་དོན་མེད་དུ་སློབ་མར་རྒྱུག་པ་རྒྱག་གི་ཡོད་རེ་ཟེར་ན། དེ་ཡོ་མ་རེད། ཞུ་དགོས་པའི་དམིགས་ཡུལ་ནི་སློབ་མ་དེས་སེམས་པ་སློབ་སྦྱོང་ལ་བཞག་ནས་ཡི་གེ་ཡག་པོ་སྦྱངས་ན་བསམ་པ་རེད་མ་གཏོགས་དེ་མིན་གྱི་དམིགས་ཡུལ་གང་ཡང་ཡོད་པ་མ་རེད།༼ཁྱིམ་བདག་ཁ་ཤས་ཀྱི་བྱིས་པ་སློབ་གྲྭར་མངགས་མི་འདོད་པས་དགེ་རྒན་གྱི་སློབ་མར་ཐུག་ཙམ་ལས་བྱས་པ་མིན་ནའི། དེ་ལ་ཁ་སྣོན་རྒྱབ་ནས་དེ་བྱས་བཞག། འདི་བྱས་བཞག་ཉེས་དགེ་རྒན་ལ་ངན་ཁག་འདོགས་བཞིན་ཡོད་རེ། ༽

ཁྱིམ་བདག་རྣམ་པས་ཀྱང་ཤེས་གསལ་རེད། སློབ་ཕྲུག་ཁ་ཤས་ཀྱི་ཁ་ནས་ག་ཚོད་བཤད་ཀྱང་བུང་བུའི་རྣ་ཅོག་ལ་གསེར་བླུགས་པ་དང་གཅིག་པ་རེད། བསྒྱུར་བཅོས་མ་རྩ་གཉིས་ནས་གཏོང་ཤེས་ཀྱི་མེད། སློབ་ཕྲུག་ཁ་ཤས་ལ་འཇམ་པོ་བྱས་ན་ཡི་གེ་ཡག་པོ་སྦྱངས་ཀྱི་ཡོ་རེད། ཁ་ཤས་ཀྱི་རྩུབ་ཙམ་བྱས་ན་ཡག་པོ་སྦྱངས་ཀྱི་ཡོ་རེད།

གལ་སྲིད། ཁྱེད་རྣམ་པས་སློབ་གྲྭར་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་ཞབས་འདེགས་ཞུས་ནས་བྱིས་པ་སློབ་གྲྭར་ཉིན་མོ་གཅིག་ཀྱང་ཆད་ལུས་མེད་པར་བཏང་ནས་ད་དུང་ཡི་གེ་ཡག་པོ་མ་ཤེས་ན་དེ་ནི་དགེ་རྒན་གྱི་འགན་འཁྲི་རེད། གལ་སྲིད་དུས་ཐོག་ཏུ་སློབ་གྲྭར་མི་གཏོང་བ་དང་ཉིན་གཅིག་བཏང་ཉིན་གཉིས་ཁྱིམ་དུ་ལས་ཀ་ལས་སུ་བཅུག་ནས་ཕྲུ་གུས་ཡི་གེ་ཤེས་ཀྱི་མི་འདུག་ཤེས་སྐད་རྒྱབ་པ་ཡིན་ནའི་འདྲ། བསམ་འཆར་གང་བཏོན་པ་ཡིན་འདྲའི་འདྲ། དགོངས་པ་མ་ཚོམ་ཞུ་རྒྱུ་ཡིན།མཇུག་ཏུ། ཁྱིམ་བདག་རྣམ་པ་དང་སློབ་ཕྲུག་རྣམ་པ་མ་འོངས་པའི་ལོ་ཟླའི་ནང་བྱ་བ་ལམ་འགྲོ་དང་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།

 

རིན་ཆེན་རྡོ་རྗེ།