མི་ལའི་རྣམ་ཐར་བཀླགས་ནས་ངུས་པ།  རྫི་བོ་ཤིང་རྟ་མོས།

383/545

དེ་ཡང་དཀའ་སྡུག་གི་རྔུལ་ཆུ་ཐགས་སྟེ་རྔུལ་ཆུའི་ཚབ་ཏུ་རྒྱབ་གཞུང་ནས་སྣག་བཞུར་བ་དང་།  སྡུག་བསྔལ་གྱི་མིག་ཆུ་ཟད་དེ་མིག་ཆུའི་ཚབ་ཏུ་མིག་ནང་ནས་ཁྲག་བཞུར་མྱོང་བའི་བོད་ཀྱི་སངས་རྒྱས་རྣལ་འབྱོར་པ་མི་ལ་རས་པ་ཞེས་ཡོངས་སུ་གྲགས་པའི་དམ་པ་དེ་ཉིད་ཀྱི་རྣམ་ཐར་ཆུང་དུས་ནས་རྒན་པའི་ངག་རྒྱུན་ཁྲོད་ནས་ཐ་ཐོར་རེ་ཐོས་མྱོང་མོད།   རྣམ་ཐར་དངོས་སུ་མཇའ་བའི་སྐལ་བཟང་ནི་དུས་ད་ལྟའི་བར་མ་རག་པ་ཅི་འདྲའི་བསོད་ཟད་དང་ལས་ངན་ཞིག་ཡིན་པར་སེམས།     དེས་ན་ད་ལོ་ཞིབ་པར་མཇལ་བའི་སྐལ་བཟང་གི་དུས་བཟང་ཁྱད་པར་ཅན་ཐོབ་པ་འདིའང་སྔར་ལས་ལྡོག་སྟེ།   རང་ཉིད་ལས་བཟང་དང་བསོད་ཆེན་ཅིག་ཡིན་པར་རློམ་བཞིན་ཡོད།    དམ་པ་དེ་ཉིད་ཀྱི་རྣམ་ཐར་ཀློག་གིན་ཀློག་གིན་བྱིས་པས་སྤྲེའུ་གློག་བརྙན་བལྟས་པ་དང་།  མདའ་སྨྱུག་གིས་སྐལ་བཟང་མེ་ཏོག་གི་སྒྱུ་རྩལ་ལ་ཁ་ཆུ་ཤོར་བ་ལྟར་ཡང་དང་བསྐྱར་དུ་མི་ཀློག་ཀ་མེད་བྱུང་སོང་།

ཀློག་ཐེངས་རེ་ལ་མིག་ཆུ་རྡོག་པོ་རེ་དང་།   ངེས་འབྱུང་ཆུང་ཆུང་རེ་རེ་བྱིན་རྒྱུ་འདུག     དེ་ནི་རྗེ་བཙུན་མི་ལ་ཡིས་ཁོང་གི་རྣམ་ཐར་བཀླགས་པའི་ལེགས་སྐྱེས་དང་།  རྣམ་ཐར་གྱི་བྱིན་རླབས་སེམས་ལ་ཞུགས་པར་སེམས།    དེ་ནི་རྟོག་བཏགས་ཙམ་ཡིན་ཀྱང་ཆོག་སྟེ།  གང་ལྟར་རང་སེམས་ལ་སྤྲོ་སྣང་དམིགས་གསལ་བ་ཞིག་སྟེར་གྱིན་འདུག

དེ་ལྟར་རྗེ་བཙུན་གྱི་རྣམ་ཐར་དེ་སེམས་ནས་མི་བརྗེད་པ་དང་ལུས་ནས་འབྲལ་བ་དཀའ་བའི་རང་ཉིད་ཀྱི་འཚོ་བའི་ཆ་ཤས་ཤིག་ཏུ་གྲུབ།    རྣམ་ཐར་འདིའི་རྩོམ་པ་པོ་གཙང་སྨྱོན་ཧེ་རུ་ཀ་ཞེས་པ་དེའང་རྩོམ་གྱི་སྒྱུ་རྩལ་ལ་དབང་འབྱོར།   ངག་གི་སྨྲ་བརྗོད་ཀྱི་རྩལ་རྫོགས་པའི་སྒྱུ་རྩལ་བ་ཅིག་ཡིན་པར་དཔོག་ཐུབ་སྟེ་ཀློག་མཁན་ང་དང་ང་ལྟ་བུ་མང་པོ་ཞིག་ལ་སྐབས་རེ་ངུ་ནས་ཀློག་དགོས་པ་དང་།   སྐབས་རེ་དགོད་ནས་འདོན་དགོས་པའི་ཚོར་བ་ཁྱད་པར་ཅན་འགའ་སྤྲད་ཀྱིན་འདུག་པས་སོ།     བུ་སྙིང་རུས་ཅན་སྟེ་སྙིང་རུས་པ་ལྟར་སྲ་བའི་ཐོས་པ་དགའ་དེས་ཕོ་ནུས་མེད་སེམས་ལ་ཆོས་ཞུགས་ཞེས་པའི་དཔེ་རུ་མ་སོང་བར་འཇིག་རྟེན་གྱི་ཕྱོགས་ནས་ཀྱང་མྱི་རྒོད་ཁེར་འགྲོ།   དཔུང་རྒོད་ཁེར་ངོམ། རྟ་རྒོད་ཁེར་རྒྱུགས་སྟེ་དགྲ་ལ་དགྲ་ཤ་ལོན་མཁན།    གཉེན་ལ་དྲིན་ལན་གསབ་མཁན་ཞིག་ཏུ་གྱུར་འདུག་པ་རྣམ་ཐས་ཁ་གྲག་ཡོང་བཞིན་འདུག  

དེ་བཞིན་ཆོས་ཕྱོགས་ནས་ཀྱང་ཕར་བལྟས་བླ་མ་འདྲེ་ཡིན་རུང་རང་གི་སེམས་ངོ་སངས་རྒྱས་ཞེས་པར་ལྟར་བླ་མ་གཙུག་ཏུ་བཀུར་།     ཡི་དམ་སེམས་སུ་བཟུང་སྟེ་ས་ལམ་གྱི་རྟོགས་པ་་མཐོན་པོ་གཤེགས་པའི་གངས་རིའི་ལྗོངས་ཀྱི་སངས་རྒྱས་དང་པོ་ཞེས་ཡོངས་སུ་གྲགས་པའོ།

ལྷག་དོན་ཏུ་རྣམ་ཐར་འདིས་ངེད་ཅག་ལ་སེམས་ཤུགས་དང་བློ་སྤོབས་ཆེན་པོ་ཞིག་སྦྱིན་རྒྱུ་འདུག་སྟེ།   འདིའི་ནང་དུ་ཁོང་ནི་སྔར་ནས་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་དང་།   ཡང་ན་སངས་རྒྱས་གང་ཞིག་འགྲོ་དོན་དུ་སྤྲུལ་བའི་ཚུལ་དུ་ཕེབས་པ་ཡིན་པའི་ཚིག་སྣ་གཅིག་ཀྱང་གསུངས་མེད་པ་དང་དེ་ལས་ལྡོག་སྟེ་  «རྣམ་ཐར་འདི་ཉིད་ལས»   “ང་གང་གི་སྤྲུལ་བ་ཡིན་ང་རང་ལའང་ཆ་མེད།  ངན་སོང་གསུམ་གྱི་སྤྲུལ་བ་ཡིན་རུང་།   ཁྱེད་རང་རྣམས་ཀྱིས་རྡོ་རྗེ་འཆང་སོགས་གང་དུ་མཐོང་བ་དེའི་བྱིན་རླབས་འཇུག་པས་མོས་གུས་གྱིས།    སྤྲུལ་བ་ཡིན་སྙམ་པ་དེ་ཁྱེད་རང་རྣམས་ཀྱིས་ང་ལ་དག་སྣང་ཡིན་ཏེ།    ཆོས་ལ་ལོག་ལྟ་དེ་བས་ཆེ་བ་མི་འོང་། ”   ཞེས་གསུངས་པ་ལྟ་བུའོ།

ཚིག་འབྲུ་དེ་དག་གིས་ཅི་དང་གང་ཞིག་གི་སྤྲུལ་བ་མིན་རུང་ཆོས་བདག་མེད་སྙིང་རུས་སུ་ཆེ་དང་།    སུ་དང་གང་ཞིག་གིས་ལུང་བསྟན་མེད་ཀྱང་ཆོས་བདག་མེད་བརྩོན་འགྲུས་སུ་ཆེ་ལ་དབང་བའི་ཐ་ཚིག་གསལ་བོ་བསྒྲགས་ཡོད།       དེ་ལྟར་ཐོས་པ་དགའ་དེ་ཨ་མ་དང་སྲིང་མོ་བསྐྱུར།    མཛའ་མོ་དང་གྲོགས་པོ་གཡུག་ཏེ་གནས་ངེས་མེད་རྫ་རི་དང་བྲག་རི་དག་ཏུ་ལྟོགས་འཁྱག་ལ་བསྲན་ཏེ་རང་གི་དམིགས་འདུན་གྱི་ཆེད་དུ་ཤི་ཕོད་པའི་དཔའ་བོ་ཞིག་གི་མཛད་པ་སྐྱོང་པ་ལ་ཡིད་སྨོན་མི་སྐྱེ་བ་སུ་ཞིག་སྟེ་རི་བོང་གི་རྭ་དང་རུས་སྦལ་གྱི་སྤུ་ཙམ་དུ་ཟད་དོ།