ཕྲུ་གུར”ཅིའི་ཕྱིར”ཞེས་མང་ཙམ་འདྲི་རུ་ཆུགས།

379/545

ཨ་རིའི་རྒྱལ་ཁབ་ན། སྤྱི་དམངས་ཞིག་དེ་མ་ཉིད་དུ་ནར་སོན་པ་ཞིག་མ་ཡིན་པར། “ནར་སོན་གྱི་ཆོ་ག”གསུམ་ལ་རིམ་པར་བརྒྱུད་དགོས་ཏེ། ཐེངས་དང་པོ་ལོ་༡༦དང་ཕྱེད་ལ་རླངས་འཁོར་ཁ་ལོ་བའི་དཔང་ཡིག་ལེན་པའི་”སྔོན་འགྲོའི་ཆོ་ག”དང་། ཐེངས་གཉིས་པ་ནི་ལོ་༡༨སྐབས་སུ་འོས་འཕེན་ཐོབ་ཐང(投票权)མངའ་བར་གྱུར་པ། ཐེངས་གསུམ་པ་ནི་ལོ་ཉེར་གཅིག་སྐབས་སུ་ཁྲིམས་མཐུན་གྱིས་ཆང་རག་འཐུང་ཆོག་པའི་ཐོབ་ཐང་རག་པ་བཅས་སོ། །        

ལོ་བཅོ་བརྒྱད་ཡས་མས་སུ་སློབ་ཆེན་འགྲིམ་མ་ཐག་པའི་སློབ་མ་ཚོས། ཆང་རག་འཐུང་མི་ཆོག་པའི་ལོ་ནའི་ཚད་བཀག་དེར་བསམ་འཆར་ཆེན་པོ་ཡོད་དེ། དེ་ནི་ཁོ་ཚོའི་སྤྱི་དམངས་ཀྱི་ཐོབ་ཐང་ལ་གནོད་པར་ངོས་འཛིན་གྱི་ཡོད། ཐ་ན་ནམ་རྒྱུན་ཆང་རག་མི་འཐུང་བའི་ན་གཞོན་རྣམས་ཀྱིས་ཀྱང་། ལོ་ཉེར་གཅིག་ལོན་པའི་སྐྱེས་སྐར་གྱི་ཉིན་དེར་ཨར་ཁང་དུ་འགྲོ་ཞིང་། ནམ་སྐྱེས་པའི་ལོ་ཚིགས་འཁོད་པའི་ཐོབ་ཐང་ལག་འཁྱེར་བསྟན་ཏེ། ཨ་རག་ཉོ་བའི་སྦྱོར་བས་རང་ཉིད་ཐོབ་ཐང་གང་མང་ལོངས་སུ་སྤྱད་ཆོག་པའི་སྤྱི་དམངས་ཤིག་ཏུ་གྱུར་བར་རྟེན་འབྲེལ་ཞུ་བར་བྱེད།        

ཨ་རིའི་སློབ་མ་དག་གིས་རང་གི་སྤྱི་དམངས་ཀྱི་ཐོབ་ཐང་ལ་དོ་སྣང་ཆེན་པོ་བྱེད་དེ། ཐོབ་ཐང་ལ་མི་འོས་པའི་ཚོད་འཛིན་བྱས་སོང་སྙམ་པ་བྱུང་ཚེ། ནམ་ཡང་ལན་དུ”ཅིའི་ཕྱིར”ཞེས་འདྲི་བར་དགའ། ཁོང་ཚོ་མི་གཞན་གྱིས་རང་ཉིད་བསམ་མ་ཤེས་པའི་བྱིས་པ་ཞིག་ཏུ་བརྩི་བར་མི་མོས། ཆང་རག་འཐུང་ཆོག་མིན་གྱི་ལོ་ཚད་ཐད་ནས་བརྗོད་ནའང་། སློབ་མ་དག་གིས་རྒྱུན་དུ་འདི་ལྟར་འདྲི་བར་བྱེད་དེ། ལོ་བཅོ་བརྒྱད་ལ་སོན་དུས། ན་གཞོན་ཞིག་ལ་འོས་འཕེན་ཐོབ་ཐང་ཡོད་པ་མ་ཟད་དམག་ལ་ཞུགས་ཀྱང་ཆོག དེ་བས་ཁོ་ཚོས་རྒྱལ་ཁབ་ཀྱི་མགོ་ཁྲིད་འདེམས་པ་དང་རྒྱལ་ཁབ་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལྕི་མོ་ཁུར་དུ་ལེན་ཐུབ་ན། ཅིའི་ཕྱིར་ཁྲིམས་མཐུན་ལུགས་མཐུན་གྱིས་གྲོགས་པོ་དང་ལྷན་དུ་ཆང་ཕོར་པ་གང་འཐུང་མི་ཆོག་པ་ཡིན།

ཁོ་ཚོས་རྒྱུན་དུ་ལོངས་སྤྱོད་པའི་སྤྱི་དམངས་ཀྱི་ཐོབ་ཐང་ནི་གཏམ་བརྗོད་རང་དབང་གི་ཐོབ་ཐང་དང་། ལྷག་ཏུ”གནས་ལུགས་བརྗོད་པའི”ཐོབ་ཐང་ཡིན། བཟོད་སྒོམ་བྱ་དཀའ་བའི་དོན་ལ་འཕྲད་ཚེ། སྔོན་ལ་”ཅིའི་ཕྱིར”ཞེས་འདྲི་བར་བྱེད་ཅིང་། དེ་ནི་ཁོ་ཚོའི་ཆེས་རྒྱུན་ལྡན་གྱི་རང་དབང་གི་གཏམ་བརྗོད་ཅིག་རེད། ཁོ་ཚོར་ཕ་མ་དང་དགེ་རྒན། སློབ་གྲྭའི་ལས་སྣེ་དང་སྲིད་གཞུང་གི་དཔོན་པོ་ལ་”ཅིའི་ཕྱིར”ཞེས་འདྲི་བའི་ཐོབ་ཐང་ཡོད་ཅིང་། འདྲི་བྱའི་ཡུལ་དུ་གྱུར་པའི་ཁོང་ཅག་ལའང་”ཅིའི་ཕྱིར”ལ་ལན་འདེབས་འགྲེལ་བརྗོད་བྱེད་པའི་འགན་འཁྲི་ཡོད། ཕ་མ་དང་དགེ་རྒན། ཡང་ན་གཞན་སུ་ཞིག་གིས་གཅིག་བྱས་ན་ཡིད་མགུ་བར་བྱེད་པའི་ལན་ཞིག་སྦྱིན་པར་མི་ནུས་མོད། ཁོ་ཚོ་སྣང་མེད་དུ་བསྐྱུར་མི་ཆོག་ཅིང་། བཙན་ཤེད་ཀྱིས་ཅི་གསུང་དང་དུ་ལེན་པར་བསྐུལ་བ་ནི་དེ་བས་ག་ལ་རུང་།      

ཁ་ཅིག་ན་རེ། མི་དང་སྲོག་ཆགས་ཀྱི་རྩ་བའི་ཁྱད་པར་ལས་གཅིག་ནི་མི་ཡིས”ཅིའི་ཕྱིར”ཞེས་འདྲི་ཤེས་པ་ལ། སྲོག་ཆགས་ཀྱིས་ནི་འདྲི་མི་ཤེས་པ་དེ་ཡིན་ཟེར། འཚར་ལོངས་མ་བྱུང་བའི་སྲོག་ཆགས་ཀྱིས་ལད་མོ་མ་གཏོགས་བྱེད་མི་ཤེས་ནའང་། བྱིས་པ་དག་གིས་ནི་སྐད་ཆ་བཤད་ཤེས་ཙམ་གྱི་དུས་ནས”ཅི་ཡིན་ནམ། ཅིའི་ཕྱིར”ཞེས་རྫོགས་པ་མེད་པར་འདྲི་བར་བྱེད། སྲོག་ཆགས་དང་མི་འདྲ་བ་ཞིག་ལ། མི་ཡི་ཁ་ནི་ཟས་ཟ་བྱེད་ཙམ་ཞིག་མ་ཡིན་པར་གཏམ་སྨྲ་བྱེད་ཅིག་དང་། སྒྲ་འབྱིན་བྱེད་ཙམ་ཞིག་མ་ཡིན་པར་ད་དུང་”ཅིའི་ཕྱིར་”ཞེས་འདྲི་བྱེད་ཅིག་རེད།    

གནའ་བོའི་གྷི་རིགས་ཀྱི་ཟློས་གར་མཁན་ཨེ་སི་ཁུ་རོ་སེ་ཡི<<བུད་མེད་སྐྱབས་བཅོལ་པ>>ཞེས་པའི་ནང་གཏམ་བརྗོད་རང་དབང་མཚོན་བྱེད་ནི་eleutheros(རང་དབང་།)དང་stomos(མཆུ་ཏོ།)ཞེས་པའི་མིང་འདུས་མ་ཞིག་རེད། བྱིས་པ་ཆུང་ཆུང་དག་གིས་གཏམ་བརྗོད་རང་དབང་ཞེས་པ་ཅི་ཡིན་མི་ཤེས་མོད། ཁོ་ཚོར་རང་དབང་གི་མཆུ་ཏོ་ཞིག་ལྷན་སྐྱེས་སུ་མངའ་བ་སྟེ། ལན་རེར་ཁོ་ཚོས་ཕ་མ་དང་མི་རྒན་པ་རྣམས་ངོ་ཚ་ཁ་སྐྱེངས་སུ་བྱེད་པའམ། ལན་འདེབས་སྟབས་མི་བདེ་བའི་”ཅིའི་ཕྱིར”གྱི་དྲི་བ་དྲི་སྲིད། མི་རྒན་པ་ཚོས་ལན་དུ”ཕྲུ་གུས་ཤེས་ཀྱི་མ་རེད “ཅེས་བརྗོད་པ་ཕྲུ་གུ་དག་ལ་མཚོན་ན། “ཅིའི་ཕྱིར”ཞེས་དྲིས་པའི་ལན་དང་དེའི་འགྲེལ་བཤད་ཅིག་རེད། ཡིན་ནའང་། ཕྲུ་གུ་ཇི་ཙམ་ནར་སོན་ན་དེ་ཙམ་གྱིས་”ཁྱོད་ཀྱིས་ཤེས་ཀྱི་མ་རེད”ལྟ་བུའི་ལན་གྱིས་ཡིད་མགུ་བར་མི་ནུས།        

ཨ་རིའི་སློབ་མ་དག་གིས་ཕལ་ཆེར་གཏམ་བརྗོད་རང་དབང་དུ་སྤེལ་བ་ནི་ལྷན་སྐྱེས་རང་ཆས་སུ་ལྷུན་གྱིས་གྲུབ་པའི་ཐོབ་ཐང་ཞིག་ཡིན་པར་སྙམ་ཡོད། བྱིས་པ་དག་གིས་”གཏམ་བརྗོད་རང་དབང”ཞེས་པ་ཅི་ཡིན་མ་ཤེས་སྔོན་ནས་ཁོ་ཚོར་རང་དབང་གི་སྨྲ་ལྕེ་མངའ་ཞིང་། མིའི་རིགས་ཀྱིས”གཏམ་བརྗོད་རང་དབང”ཟེར་བའི་ཐ་སྙད་ཅིག་མ་གྲུབ་པའི་ཡར་སྔོན་ནས། རང་དབང་གིས་གཏམ་བརྗོད་སྤེལ་ཏེ་ཡུན་ཤིན་ཏུ་རིང་པོ་ཞིག་འདས་ཟིན་པ་སྨོས་མེད་རེད། དེའི་ཕྱིར། དེང་རབས་སྤྱི་ཚོགས་སུ་སྤྱི་དམངས་ཀྱིས་གཏམ་བརྗོད་རང་དབང་མཐའ་འཁྱོངས་བར་བྱེད་པ་ནི། མིའི་རིགས་ལ་དེ་སྔ་གཏན་ནས་དབང་མ་མྱོང་བ་ཞིག་དབང་དགོས་ཟེར་བ་མིན་པར། མིའི་རིགས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ག་གེ་མོ་ཞིག་ནས་མི་རེ་འགས་དབང་ཆ་སྤྱད་དེ་བཙན་གྱིས་འཕྲོག་སོང་བ་གང་ཞིག་ཕྱིར་ལེན་པ་ཞིག་གོ །     

ཨ་རིའི་གསར་འགྱུར་པ་རྒན་གྲས་སི་ཐུང་ན་རེ། ” གཅིག་བྱས་ན་(གཏམ་བརྗོད་རང་དབང)ཐ་སྙད་འདི་མིའི་རིགས་ཀྱིས་ཁོ་ཚོ་ལས་གཏམ་བརྗོད་རང་དབང་འཕྲོག་པའི་རེ་འདོད་འགོག་པའི་དུས་སམ། ཡང་ན་གཏམ་བརྗོད་རང་དབང་ཕྱིར་རང་འཇགས་སོར་ཆུད་ལ་བརྩོན་པའི་འཐབ་རྩོད་ཁྲོད་ནས་དར་བ་ཞིག་ཡིན་ངེས”ཟེར། དོན་ལ་དེ་ལྟར་ཡིན་ཚེ།  གཏམ་བརྗོད་རང་དབང་ནི་ཆབ་སྲིད་མཚན་ཉིད་རིག་པ་བ་ལེ་ཨོ•ཧྲེ་ཐེ་ལའོ་སིས(列奥·施特劳斯)གླེང་བའི་”རང་བྱུང་གི་བདེན་པ”རིགས་ཤིག་ཡིན་པར་ཐེ་ཚོམ་མི་འདུག        

ཨ་རིའི་རྒྱལ་ཁབ་ན། ཕ་མ་དང་དགེ་རྒན་གྱིས་ཕྲུ་གུར་གནས་ལུགས་རྒྱུ་མཚན་བཤད་རྒྱུ་ལ་གཙིགས་མཐོང་ཆེན་པོ་བྱེད་ཅིང་། ལྷག་པར་ཕྲུ་གུས་དྲིས་པའི”ཅིའི་ཕྱིར”གྱི་དྲི་བར་སྔོན་དུ་ཉན་རྗེས། ཕྱིར་ཁོ་ཚོར་ལན་འདེབས་གསེད་བཀྲོལ་བྱེད་པ་རེད།      

“ཅིའི་ཕྱིར་”ནི་དྲི་བ་ཙམ་ཞིག་མ་ཡིན་པར། འདྲ་མཉམ་ཡིན་ལ་རང་གཅུན་ཐུབ་ཅིང་ཕན་ཚུན་བརྩི་འཇོག་བྱེད་པའི་མིའི་དབར་གྱི་འབྲེལ་བ་རིགས་ཤིག་རེད། ཕྲུ་གུ་ནར་སོན་པའི་རྗེས། འདི་ལྟའི་འབྲེལ་བ་དེ་ཉིད་རང་དབང་གིས་གཏམ་སྨྲ་བ་དང་། རང་དབང་གིས་བགྲོ་གླེང་བྱེད་པ་རྨང་དུ་བྱས་པའི་སྤྱི་དམངས་དབར་གྱི་འབྲེལ་བར་འཕེལ་སྐྱེད་བྱུང་ངེས།          

ཨ་རིའི་སློབ་ཆུང་དང་སློབ་འབྲིང་། སློབ་གྲྭ་ཆེན་མོ་བཅས་སུ་རྟག་པར་སློབ་མའི་རྩོད་གླེང་དང་གཏམ་བཤད་ཀྱི་བྱེད་སྒོ་ཡོད་ཅིང་། དེར་རང་གིས་བཤད་བྱ་བཤད་པ་ཙམ་མིན་པར། ད་དུང་ཕ་རོལ་པོས་”ཅིའི་ཕྱིར”ཞེས་ཇི་ལྟར་འདྲི་བར་སྔོན་དཔག་བྱ་དགོས། འདི་ལ་”ཕས་རྒོལ་གྱི་ལངས་ཕྱོགས”ལ་བསམ་གཞིག་བྱེད་པ་ཞེས་བྱ་སྟེ། སློབ་མས་དགག་སྒྲུབ་ཀྱི་རྩོམ་ཡིག་བྲི་དུས་ཀྱང་དེ་བཞིན་བྱ་དགོས། ཨ་རི་ན། དགེ་རྒན་གྱིས་རྒྱུགས་ཤོག་བཅོས་སྐབས་ཡིག་ཐོག་ཏུ་གཏན་ལ་མ་ཕབ་པའི་གཅིག་མཐུན་གྱི་ངོས་འཛིན་ཞིག་ཡོད་པ་འདི་ལྟ་སྟེ། “ཕས་རྒོལ་གྱི་ལངས་ཕྱོགས”ལ་བསམ་གཞིག་མི་བྱེད་པའི་སློབ་མའི་རྩོམ་ཡིག་ལ། སྐར་གྲངས་དཔྱད་བསྡུར་ཀྱི་འབྲས་བུར་སྐར་མ་༣(ཁྱོན་སྐར་༥)ལས་མཐོ་བ་སྟེར་གྱི་མེད་པ་དེ་རེད།          

གཞན་གྱིས་དྲིས་པའི་”ཅིའི་ཕྱིར”ལ་བསམ་གཞིག་བྱས་ན། མི་ཞིག་གིས་སྐད་ཆ་བཤད་སྐབས་ཀྱི་ཉམས་དང་གདངས་ཀྱང་ཞི་དུལ་ཁེངས་སྐྱུང་ཅན་དུ་གྱུར་འགྲོ། སྐྱེ་བོ་གང་ཞིག་གིས་གཞན་དང་འདྲ་མཉམ་སྒོས་གླེང་མོལ་བགྱིས་ན། མཛུབ་སྟོན་བྱེད་པ་དང་སྙན་ཞུ་འབུལ་བ་ལྟ་བུའི་གོང་ནས་འོག་གནོན་པའི་ཚུལ་རང་ཤུགས་སུ་བྱུང་བར་མི་གྱུར། སྤྱི་དམངས་ཀྱི་འདྲ་མཉམ་འདུ་ཤེས་ཀྱིས་མིའི་སྐད་ཆ་འཆད་སྟངས་བསྒྱུར་ཐུབ་ཅིང་། དེ་ནི་མི་བུ་སྒེར་གྱི་འདྲ་མཉམ་གྱི་ཐོབ་ཐང་ཙམ་མིན་པར། མི་བུ་རེ་རེའི་མི་གཞིའི་འདྲ་མཉམ་དང་སྤྱི་ཚོགས་ཀྱི་དྲང་ཕྱོགས་དང་འབྲེལ་ཡོད། སྤྱི་པའི་སྐད་ཆའི་(公共言语)ཁྲོད་དུ་འདྲ་མཉམ་དང་དྲང་ཕྱོགས་ནི་གཅིག་ཏུ་གྲུབ་ཡོད་དེ། གཉིས་ཀ་རང་དབང་དང་འདྲ་མཉམ། དཔྱོད་ཤེས་བཅས་ཀྱི་སྒོ་ནས་རང་གི་སྨྲ་ལྕེས་གཏམ་འཆད་པ་ཞིག་ཡིན་ཅིང་། གཞན་ལའང་དེ་བཞིན་གཏམ་འཆད་དུ་འཇུག་དགོས་པ་ནི་ཨ་ཅང་ཅང་།      

གལ་ཏེ་ཕྲུ་གུ་ཚོར་ཆུང་ནས་སྐད་ཆ་རང་དབང་དུ་བརྗོད་དུ་བཅུག་ཚེ། རང་གི་སྐད་ཆས་གཞན་ལ་བསམ་གཟས་ནས་ཡིན་མིན་གང་རུང་གི་ཕོག་ཐུག་ཐེབས་མིན་ལ་དོ་སྣང་བྱེད་རྒྱུ་ལོབས་པར་སླ་བ་ཡིན། ཐེངས་ཤིག་ང་དང་གྲོགས་པོས་ཅི་འཕྲོས་མོལ་འཕྲོས་ཀྱི་ཁྲོད་ནས་”གདོང་དམར་པོ་ཆགས་པ”(blush)ཞེས་པའི་ཚིག་འདིའི་བེད་སྤྱོད་སྟངས་སྐོར་གླེང་བ་ཡིན། ངའི་གྲོགས་པོ་ན་རེ། ཧྥེ་གླིང་གི་མི་ནག་ཚོའི་སྐད་ཆའི་ནང་འདི་དང་འདྲ་བའི་བརྗོད་སྟངས་ཡོད་མེད་མ་ཤེས། གལ་ཏེ་ཤ་མདོག་ལས་དམར་པོ་ཞིག་མངོན་རྒྱུ་མེད་ན། ཚིག་འདི་ཡང་ཕལ་ཆེར་ཡོད་རྒྱུ་མ་རེད་ཟེར། སྐབས་དེར་ངའི་བུ་དམའ་འབྲིང་འགྲིམ་གྱིན་ཡོད་ཅིང་། ཁོ་པས་འགྲམ་ནས་ང་གཉིས་ཀྱི་སྐད་ཆ་གོ་རྗེས་གཟབ་ནན་སྒོས་ཚུར་ང་གཉིས་ལ་”It’s not funny(འདི་ལ་ཆོ་གང་ཡང་མི་འདུག)”ཟེར།      

གཏམ་བརྗོད་རང་དབང་ནི་མི་ཞིག་གིས་བཤད་འདོད་པ་ཅི་ཡང་བཤད་ཆོག་པ་ཞིག་མ་རེད། གཏམ་བརྗོད་རང་དབང་ལ་སྔོན་འགྲོའི་ཆ་རྐྱེན་ཞིག་ཡོད་པ་ནི། གཏམ་བརྗོད་མཁན་གྱིས་ཉན་པ་པའི་ཚོར་བ་ལ་ཡིད་འཇོག་བྱ་དགོས་ཤིང་། གཞན་ལ་གནོད་པའི་རྒྱུར་གྱུར་མི་རུང་། སྔོན་འགྲོའི་ཆ་རྐྱེན་འདི་དང་འགལ་ན། གཏམ་བརྗོད་རང་དབང་ཡང་ལོག་པའི་ལམ་དུ་གོལ་ཏེ། མི་གཞན་ལ་ཁྱད་གསོད་དང་བརྙས་བཅོས་ཀྱི་གཏམ་བརྗོད་དུ་གྱུར་ངེས།         

ཨ་རི་ན།  འདི་ལྟ་བུའི་གཏམ་བརྗོད་ལ་”དགྲར་འཛིན་གྱི་གཏམ་བརྗོད”ཅེས་སུ་འབོད།  སློབ་མ་ཚོས་སློབ་གྲྭ་ནས་ནམ་རྒྱུན་ཞིབ་ཕྲའི་སྐད་ཆ་གང་དག་”དགྲར་འཛིན་གྱི་གཏམ་བརྗོད(བརླང་ཚིག་ཙམ་མིན)”དུ་བརྩི་དགོས་མིན་ལ་བགྲོ་གླེང་བྱེད་དེ།     དཔེར་ན། faggyཞེས་པ་སློབ་འབྲིང་སློབ་མ་མི་ཉུང་བའི་ངག་ལས་རྒྱུན་པར་ཐོན་པའི་སྐད་ཆ་ཞིག་རེད།   དེ་ནི་སྡུག་པོའི་དོན་ལ་འཇུག་མོད།  ཡིན་ནའང་འདི་དང་fag(མཚན་མཐུན་དགའ་རོགས་ཕོ་ཡི་དོན།)དབར་ན་ཐད་ཀའི་འབྲེལ་བ་ཡོད་གཤིས།  མང་པོས་འདོད་པའི་གཏད་ཕྱོགས་(性倾向)རྒྱུན་ལྡན་མིན་པའི་མིར་ཁྱད་གསོད་བྱེད་པའི་དགྲར་འཛིན་གྱི་གཏམ་བརྗོད་དུ་ངོས་འཛིན་པ་རེད།    སློབ་འབྲིང་སློབ་མ་དག་དེ་ཙམ་བསམ་མ་ཤེས་པས་ལན་རེར་ཚིག་འདི་ངག་ལས་ཐོན་སྲིད་མོད་ཀྱི།  སློབ་ཆེན་པའི་ཁྲོད་ནས་ཚིག་འདི་རྣར་གོ་བ་ནི་ཧ་ལམ་སྲིད་པ་མ་ཡིན།   དེ་ཡང་སློབ་ཆེན་པས་གཏམ་བརྗོད་རང་དབང་གི་སྤྱི་པའི་དོན་སྙིང་ཟེར་བ་ཅི་ཡིན་ལ་དེ་བས་ངེས་ཤེས་ཟབ་པ་དང་འབྲེལ་བ་ཡོད་འོས་སོ། །

སྒྱུར་པ་པོའི་མཆན།

 ཞུས་པེན། ཨ་རིའི་མ་སི་ཁྲུ་སེ་སློབ་ཆེན་གྱི་རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པ། ད་ལྟ་ཨ་རིའི་ཁ་ལེ་ཧྥུ་ཉི་ཡ་མངའ་སྡེའི་ཧྲེང་མ་ལི་སློབ་གླིང་(St .Mary University)གི་དབྱིན་ཡིག་སྡེ་ཁག་གི་དགེ་རྒན་ཆེན་མོ་བ་ཡིན། བརྩམས་ཆོས་ལ<<དེང་རབས་ཕྱི་མ་དང་མི་སེར་སྤེལ་ཡུལ་ཕྱི་མའི་ཕྱོགས་སུ་སྐྱོད་པ>>དང་<<རིག་གནས་དགག་སྒྲུབ་ལམ་ཁ་གང་ལ་འགྲོ>> <<ཤེས་ཡོན་ཅན་དང་སྤྱི་པའི་ཆབ་སྲིད>>སོགས་ཡོད།

 

 

ཞུས་པེན(徐贲)གྱིས་བརྩམས།

བསམ་གཏན་རྒྱ་མཚོས་བསྒྱུར།