རུས་པའི་གཏིང་ལ་འཐིམ་པའི་རིག་གནས། མི་དམངས་ཉིན་རེའི་ཚགས་པར་ལས་བཤུས།

378/545

 མི་དམངས་ཉིན་རེའི་ཚགས་པར་སྟེང་དུ།  བཀུར་འོས་པ་ཞེས་པའི་ཐ་སྙད་དེ་ཅི་ཞིག་ལ་བྱེད་དམ་སྙམ་ན།  ངས་ཧ་ཅང་ཡི་རངས་བྱེད་པའི་དྲིས་ལན་ནི།  རྩོམ་པ་པོ་རན་ཞང་སྲིན་གྱི་སྡོམ་ཚིག་བཞི་སྟེ།

རྩ་བ་མཐར་ཐུག་པའི་ནང་སེམས་ཀྱི་བློ་སྦྱངས།།

གསལ་འདེབས་མི་དགོས་པའི་རང་རྟོགས།།

རང་གཅུན་ནི་རང་དབང་གི་མ་ཡུམ་དུ་འཛིན་པ།།

གཞན་དོན་དུ་དམིགས་པའི་བསམ་པ་བཟང་བོ།།

 

 

དང་པོ།

མིང་ལ་Judyཟེར་བའི་མཁའ་འགྲུལ་བུད་མེད་ཞབས་ཞུ་བ་ཞིག་གིས་པོད་འཕྲིན་སྒང་དུ་བུད་མེད་འཁྲབ་སྟོན་པ་གྲགས་ཅན་ལིས་ཧྲི་ཧྲི་དང་འབྲེལ་བའི་དངོས་མཐོང་གི་བྱུང་བ་ཞིག་སྤེལ་སོང་།ཁོ་མོ་ནི་མཁའ་འགྲུལ་ཞབས་ཞུ་བ་ཞིག་ཡིན་པས་རྟག་པར་གནམ་གྲུའི་ནང་དུ་བྱ་བ་གཉེར་བཞིན་ཡོད་ལ།མོ་གནམ་གྲུའི་ནང་དུ་རང་རྟག་པར་འཁྲབ་སྟོན་པ་གྲགས་ཅན་དང་སྒྱུ་རྩལ་བ་གྲགས་ཅན་འབྱོར་ལྡན་པ་བཅས་ལ་འཕྲད་ཀྱི་ཡོད།འོན་ཀྱང་མོ་ལ་དེ་དག་གི་ཁྲོད་ནས་བག་ཆགས་ཟབ་མོའམ་སེམས་འགུལ་ཐེབས་བྱེད་ཀྱི་བྱ་བ་ཅི་ཡང་བྱུང་མྱོང་མེད།ཉིན་འགའི་སྔོན་གྱི་འཁྲབ་སྟོན་པ་གྲགས་ཅན་ལིས་ཧྲི་ཧྲི་ལ་མ་ཐུག་བར་དུ་སུས་ཀྱང་བཞག་མྱོང་མེད།ཉིན་དེར་ལིས་ཧྲི་ཧྲི་གནམ་གྲུའི་ནང་དུ་བསྡད་ཡོད་ལ།འདུག་གནས་ནི་རྩེ་གྲས་ཀྱི་འདུག་སྟེགས་དེ་ཡིན།གནམ་གྲུ་འབབ་ཚིགས་ལ་ཐོན་རྗེས།མོ་རང་འདུག་རྩེ་གྲས་ཀྱི་གནས་དེར་གཙང་སྒྲ་བྱེད་འགོ་བརྩམས་དུས།མོ་རང་ཅུང་ཙམ་ཧ་ལས་སྟེ་ལུས།མོ་རང་གིས་ལིས་ཧྲི་ཧྲི་ཡི་འདུག་སྟེགས་དེ་མཐོང་དུས།ལིས་ཧྲི་ཧྲི་ཡི་འདུག་སྟེགས་སུ་ཡོད་པའི་ཉལ་ཐུལ་ནི་ལྟེབ་ནས་ལེགས་པོར་བཞག་འདུག།མོ་རང་ཡ་མཚན་དགོས་དོན་ནི་མོ་རང་མཁའ་འགྲུལ་ཞབས་ཞུ་བ་བྱས་པའི་ལོ་ཟླ་དག་ལ་མོ་ལ་འདི་འདྲའི་བག་ཆགས་སུས་ཀྱང་སྤྲད་མེད་པ་རེད།མོས་བསམ་པར་སྔོན་ཆད་འདུག་སྟེགས་རྩེ་གྲས་འདི་རུ་སྡོད་མཁན་གྱི་ཕྱུག་པོ་དང་སྒྱུ་རྩལ་བ་དང་འཁྲབ་སྟོན་པ་གླུ་བ་གླུ་མ་དག་གིས་ཉལ་ཐུལ་ལྟེབ་རྒྱུ་ཕར་ཞོག་ག་ས་གང་དུ་འཕངས་ནས་སླེབས་འགྲོ་བཞིན་ཡོད།ལིས་ཧྲི་ཧྲི་ཡིས་དེ་ལྟར་མ་མཛད་པར་ཉལ་ཐུལ་གྲལ་དག་བྱས་ནས་ལྟེབ་ཡོད་པ་མཐོང་དུས་མོ་རང་ལ་ཡིད་འགུལ་ལམ་སེམས་ལ་དྲོད་ཞིག་རྒྱས་ཡོད།འདུག་སྟེགས་རྩེ་གྲས་སུ་སྡོད་མཁན་གྱི་མི་སྣ་དག་ནི་སྟོབས་འབྱོར་སྙན་གྲགས་དབང་ཐང་ཅན་ཁོ་ན་ལས་མ་འདས་མོད།ཉལ་ཐུལ་ལྟེབས་ནས་འགྲོ་མཁན་ནི་ཧ་ཅང་ཉུང་བས།འདི་ལྟ་བུའི་སྣང་བརྙན་ཉིན་མོའི་སྐར་མ་ལྟ་བུ་ཐེངས་གཅིག་ལ་མཐོང་ན་མཁའ་འགྲུལ་ཞབས་ཞུ་བ་ཞིག་ལ་ཡིད་འགུལ་ཉིན་དུ་མར་ཐེབས་བཞིན་ཡོད།

 

 

གཉིས་པ།

ལྔ་གཅིག་དུས་ཆེན་སྐབས།

ཨ་མ་ལ་འགྲོག་ནས་སྲང་ལ་ཉུལ་སྐབས་གླུ་བ་འཁྱམ་པོ་ཞིག་གིས་གླུ་ལེན་བཞིན་པ་དང་འཕྲད་སོང་།སྐབས་དེ་ནས་གླུ་དབྱངས་ཐུན་གཅིག་ལ་གསན་རྗེས།ངས་སྣང་མེད་དམ་གུས་ཉམས་སོགས་ཅི་ཡང་མེད་པའི་སྒོ་ནས་ལག་ཁུག་ཏུ་སྒོར་ལྔ་བླངས་ནས་གླུ་བ་དེས་ཞྭ་མོའི་ནང་དུ་འཕངས།འོན་ཀྱང་དེར་མཐུད།ཨ་མའི་བྱ་སྤྱོད་དེས་ང་རང་ཧ་ལས་སུ་བཅུག།ཨ་མ་ཞྭ་མོ་ཡོད་ས་དེར་སོང་ནས་ལུས་པོ་ཅུང་ཙམ་སྒུར་བའི་ཟོལ་གྱིས་གླུ་བ་འཁྱམ་པོ་དེ་ལ་ཅུང་ཟད་འཛུམ་པའི་སྒོ་ནས་གུས་ཉམས་དང་བཅས་ཏེ་ཞྭ་མོའི་ནང་དུ་ལྕགས་སྒོར་གཉིས་བཞག་ལ།ད་དུང་ཁོ་ལ་ཕྱོགས་ནས་གུས་ཉམས་ཀྱི་ཚུལ་དུ་མགོ་བོ་ནང་དུ་བཀུག།ངའི་ཨ་མ་ནི་དཔེ་ཆ་མང་བོ་ཞིག་བཀླགས་མྱོང་མཁན་ཞིག་མིན་ན་ཡང་།འདི་འདྲའི་མིག་དཔེར་འོས་པའི་ཀུན་སྤྱོད་ཀྱི་ངོས་ནས་ངས་ཕམ་ཁ་གྲངས་མེད་པ་ཞིག་མྱོང་སོང་།བྱ་བ་འདི་དང་ངས་སེམས་ལ་ཀྲུང་གོའི་གསར་འགྱུར་མདོ་འཛིན་པ་པ་ཡན་སཱང་གི་སྐད་ཆ་ཅིག་དྲན་སོང་།

ཁོ་ན་རེ། “མི་ཤིག་ལ་རིག་གནས་སམ་ཤེས་ཡོན་ཡོད་དང་མེད།ཁོ་དང་མོ་ལ་སློབ་ཐོབ་དང་སློབ་འབྲས་གཡུར་དུ་ཟ་བ་ཡོད་མེད་ལ་རེག་ལས་མེད་དེ།སློབ་ཐོབ་བམ་སློབ་འབྲས་གཡུར་དུ་ཟ་བའི་མི་ལ་རིག་གནས་སམ་ཤེས་ཡོད་ལྡན་པའི་ངེས་པ་མེད་ལ།སློབ་ཐོབ་བམ་སློབ་འབྲས་གཡུར་དུ་མི་ཟ་བ་ཡིན་པས་མི་ཡིན་ནའང་རིག་གནས་སམ་ཤེས་ཡོན་མེད་པའི་ངེས་པ་ཡོད་མི་སྲིད།དཔེ་ཆ་མང་བོ་བཀླགས་མྱོང་བ་དང་།ཡོན་ཚད་མཐོན་པོ་ཡིན་ན་ཡང་།རིག་གནས་སམ་ཤེས་ཡོན་ཡོད་དང་མེད་ནི་སྐབས་ལན་རེར་གནས་ཚུལ་སོ་སོ་བའོ།”

 

 

གསུམ་པ།

བོས་ཞྭང་ཞན་གྱིས་སེམས་འགུལ་ཐེབས་པའི་གཏམ་རྒྱུད་ཅིག་མྱོང་།

ཐེངས་ཤིག་ལ་ཁོ་ཀུང་ཟིའི་སྤྱི་གཉེར་རྒན་པ་དང་ལྷན་དུ་ཚོང་དོན་གྲོས་བསྡུར་ཞིག་ལ་ཞུགས་པའི་སྐབས།གུང་ཟས་རོལ་བའི་དུས་ཚོད་སླེབས་ལ་ཉེ་སྐབས།སྤྱི་གཉེར་རྒན་པ་དེས་མགྲོན་ཁང་གི་ཟ་ཁང་དུ་ཟ་མ་མདུན་ཅོག་གང་བཤད་སོང་།དེ་ནས་གུང་ཟས་རོལ་བཞིན་པའི་བར་སྐབས་སུ་ཞབས་ཞུ་བས་མཐུན་མིན་ཚོད་མ་སྡེར་གང་སྐྱེལ་ནས་ཐོན་བྱུང་།སྐབས་དེར་སྤྱི་གཉེར་རྒན་པས་གུས་ཉམས་དང་བཅས་ང་ཚོ་ལ་ཚོད་མ་མི་དགོས།ཟ་མ་གང་བཤད་པ་དེ་འདང་ཟིན་ཞེས་བཤད།ཞབས་ཞུ་བས་གསལ་བཤད་ཞུ་རྒྱུར།ཚོད་མ་འདི་ནི་རིན་མེད་སྦྱིན་འབུལ་རེད་ཅེས་བཤད་སོང་མོད།སྤྱི་གཉེར་བ་རྒན་པས་སྔར་བཞིན་གདོང་ལ་འཛུམ་ཞིག་ལངས་ཞོར་ཞབས་ཞུ་བ་ལ་ལན་འདེབས་རྒྱུར།རིན་མེད་ཡིན་ན་ཡང་ང་ཚོ་ལ་མི་དགོས།ང་ཚོས་ཟ་ཐུབ་ཀྱི་མི་འདུག་པས་ཆུད་ཟོས་སུ་འགྲོ་བར་ངེས་ཞེས་བཤད།ཟ་མ་ཟོས་རྗེས།སྤྱི་གཉེར་བ་རྒན་པས་ཟས་ཀྱི་ལྷག་མ་རྣམས་འགྱིག་ཁུག་ཏུ་བཅུག་སྟེ་འཁྱེར།ཕྱིར་ཀུང་ཟིར་ལོག་པའི་ལམ་བར་དུ་སྤྱི་གཉེར་བ་རྒན་པས་རླངས་འཁོར་ཞིང་བསྐོར་བ་དེ་རྒྱུན་ལྡན་ལས་ཧ་ཅང་དལ།ལྟས་ཚོད་ཀྱིས་ཅི་ཞིག་རིང་ཚད་འཇལ་གྱི་མེད་དམ་སྙམ།དེ་ལ་བརྟེན་ནས་བོས་ཞང་ཞན་ཅུང་ཟད་སུན་འཚེར་སྐྱེས་བཞིན་ཡོད་པའི་སྐབས་དེར།སྤྱི་གཉེར་བ་རྒན་པས་རླངས་འཁོར་གཏོང་མཚམས་བཞག་སྟེ་རླངས་འཁོར་ལས་བབས་ནས་འགྱིག་ཁུག་ཏུ་བཅུག་པའི་ཟས་ལྷག་རྣམས་འཁྱེར་ནས་སྤྲང་བོ་ཞིག་གི་མདུན་ལ་སོང་སྟེ།ལག་པ་གཉིས་ཀྱིས་གུས་ཉམས་དང་བཅས་པའི་ངང་ནས་ཟས་ལྷག་རྣམས་ཁོ་ལ་བྱིན།

“ཅི་ཞིག་ནི་རིག་གནས་རེད།འདི་ནི་རིག་གནས་སོ།རིག་གནས་ཀྱི་རྩ་བ་མཐར་ཐུག་ནི་ནང་སེམས་ཀྱི་བློ་སྦྱངས་ཁོ་ནའོ།”

 

 

བཞི་བ།

མི་དམངས་ཉིན་རེའི་ཚགས་པར་དུ་འཁོད་པའི་གཏམ་རྒྱུད་གཞན་པ་འདི་འདྲ་ཞིག་མཆིས་སྟེ།གཟའ་མཇུག་ཉིན།ཚ་བོ་ཀྲུང་གོ་བའི་མི་འགའ་དང་འགྲོག་ནས་ཨོ་ཏཱ་ལིས་ཞེ་ལིས་རྒྱ་མཚོ་རུ་ཉ་འཛིན་དུ་སོང་།སྐབས་དེར་ཉ་རྒྱ་འཕངས་ཐེངས་རེ་ལ་ཡོང་འབབ་ཧ་ཅང་མོད་པོ་ཡོད་ཀྱི་ཡོད་ན་ཡང་།ཉ་རྒྱ་ཡར་འཐེན་རྗེས་སུ་ཀྲུང་གོ་བ་དེ་དག་གིས་ཉ་རིགས་འོས་འཚམས་ཞིག་ལོགས་སུ་བསལ་ཏེ་ལྷག་མ་ཉ་རིགས་མང་ཆེ་བ་ཕྱིར་མཚོ་ནང་དུ་གཏོང་སོང་།

ཁོས་ཚ་བོ་ཡ་མཚན་སྐྱེས་ཏེ་ན་རེ།དཀའ་ལས་རྒྱབ་ནས་རེག་ཡོང་བ་སྟེ།ཅིའི་ཕྱིར་མཚོ་ནང་དུ་གཏོང་དགོས་པ་ཡིན་ནམ་ཞེས་བཤད།དེ་ལ་ལན་དུ་ཀྲུང་གོ་བ་ཞིག་ན་རེ།སྒྲིག་ཁྲིམས་འོས་གཞི་དང་འཚམས་པའི་ཉ་རིགས་བཟུང་ན་འགྲིག་པ་ཡིན་ཞེས་ལན་བཏབ།ཚ་བོས་ཡང་བསྐྱར་འདི་རྒྱུར།ཧ་ཅང་ཐག་རིང་པའི་སྤྱི་མཚོ་ན་འདུག་པས་སུ་ཞིག་ཀྱང་ཁྱེད་ལ་བཀག་འགོག་མི་བྱེད་ཅེས་བཤད།ཀྲུང་གོ་བ་དེས་ལྷོད་ཆགས་ཆགས་ཀྱི་འཛུམ་ཞིག་བསྟན་ཞོར་བཤད་རྒྱུར།བྱ་བ་གང་ཞིག་ཡིན་ན་ཡང་།གཞན་ཡོང་ནས་དྲན་གསོ་བྱེད་དགོས་ཀྱི་མེད།རང་སྐུལ་དགོས་པ་རེད་ཅེས་ལན་སློག།   “རིག་གནས་ནི་ཅི་ཞིག་ཡིན།འདི་ནི་རིག་གནས་སོ།རིག་གནས་ནི་གཞན་གྱི་དྲན་གསོ་མི་དགོས་པའི་རང་རྟོགས་དེའོ།”

 

 

ལྔ་བ།

ཅི་ཞིག་ནི་རང་དབང་ཡིན་ནམ།མི་མང་བོ་ཞིག་གིས་འདོད་པའི་རང་དབང་ནི་རང་ཉིད་ཀྱིས་གང་འདོད་འདོད་བྱེད་བསམ་ན་བྱེད་ཆོག་པའམ་སྒྲིག་ཁྲིམས་གང་གིས་མ་བཅིངས་བར་རང་གིས་གང་འདོད་དུ་སྒྲུབ་ཆོག་པ་ཞིག་ལ་འདོད།

དེ་ལྟར་འདོད་པའི་མི་བུ་དག་གིས་དོན་དངོས་སུ་རང་དབང་གི་ཉིང་ཁུ་ངོ་མ་དེ་ལ་རྨོངས་པས་སོ།

ཨ་རིར་སྡོད་པས་ཀྲུང་གོ་བའི་རྩོམ་པ་པོ་ལིས་ཏཱ་ཡིས་《ལོ་རྒྱུས་གཏིང་གི་དངངས་དོགས།》ཞེས་པའི་འདིས་ཨ་རིའི་དོོན་དངོས་ཀྱི་གནས་ཚུལ་ཐེར་འདོན་བྱས་ཡོད།

ཨ་རིའི་རྒྱལ་ཁབ་ནི་འཛམ་གླིང་གི་ཆེས་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན།དེ་དང་གཅིག་མཚུངས་སུ་འཛམ་གླིང་གི་ཆེས་རང་དབང་མི་ལྡན་པའི་རྒྱལ་ཁབ་གཅིག་ཡོད་པ་དེའང་ཨ་རི་ཁོ་ན་ལས་མ་འདས།

ཐེངས་ཤིག་ལ།ཁོང་ཀྲུང་གོའི་གྲོགས་པོ་དང་ལྷན་དུ་ཨ་རིའི་བྲག་རོང་ཆེན་མོར་བལྟ་སྐོར་དུ་དུ་སོང་།ཁོའི་གྲོགས་པོས་ཁུ་ནག་ལྕགས་ཐོ་སྟོང་བ་དེ་བཟུང་ནས་བྲག་རོང་ཆེན་མོའི་ནང་དུ་འཕངས་འདོད་ཡོད་པ་མ་ཟད།ད་དུང་ཁོས་བསམ་པར་འདི་འདྲའི་བྲག་རོང་གཏིང་ཟབ་མཐོང་བ་ཐེངས་གཅིག་ཡིན་པས་གང་ཞིག་ཚོད་ལྟ་མ་བྱས་ཡིད་ཕམ་འབྱུང་ངེས་པར་སྙམ་ཡོད།ལིས་ཏཱ་ཡིས་གྲོགས་པོས་སྦྱོར་བ་དེ་མཐོང་མ་ཐག་དངངས་སྐྲག་ངང་གྲོགས་པོར་བཀག་འགོག་བྱས་ཏེ་བཤད་ཞོར་འདི་ལྟར་བྱས་ན་ཁྲིམས་འགལ་རེད་ཅེས་བཤད།

འཛམ་གླིང་གི་ཆེས་རང་དབང་ལྡན་པའི་ཨ་རིའི་རྒྱལ་ཁབ་ཀྱི་ཕྱོགས་གང་སར་དོན་དངོས་སུ་རང་དབང་མེད་པའི་རྣམ་པའི་བཀང་ཡོད།

“དཔེར་ན་ཨ་རིའི་ཁྲིམས་ལུགས་སུ།   ༡.སྲང་ལམ་དུ་ཆང་དམ་ཁ་ཕྱེ་ཡོད་པ་ལག་ཏུ་ཐོགས་ནས་འགྲོ་བ་ཁྲིམས་འགལ་དུ་བརྩི།   ༢.བྱིས་པ་ངུས་ནས་འགྲོ་མི་འདོད་པའི་རིགས་ཇི་ལྟར་བྱས་ཀྱང་།ཕ་མས་འགྲམ་ལྕགས་ལྟ་བུའི་རིགས་བྱས་ཚེ་ཁྲིམས་འགལ་དུ་བརྩི།    ༣.ཐ་ན་གཞུང་ལས་ཁང་ནས་ཆགས་བརྙན་སྐོར་ལབ་གླེང་བྱས་ན་ཁྲིམས་འགལ་དུ་བརྩི་བཞིན་ཡོད།”

ཀྲུང་གོ་བ་མང་བོ་ཞིག་གིས་རྒྱུས་ལོན་ཐུབ་ཀྱི་མེད་པ་ནི།  ཨ་རི་ལ་འདི་འདྲའི་གཅུན་སྡོམ་མང་བོ་ཡོད་དོན་ཅི་ཞེས་བཤད་ཀྱི་ཡོད།དོན་དངོས་སུ་འདི་ལྟ་བུའི་གཅུན་སྡོམ་མང་བོ་ཡོད་པས་རྐྱེན་གྱིས་རང་དབང་ལྡན་པའི་ཨ་རིའི་རྒྱལ་ཁབ་ཞེས་པ་བཞེངས་པ་རེད།

“མཚན་ཉིད་རིག་པ་མོས་ལེས་ན་རེ།   གཅུན་སྡོམ་ནི་རང་དབང་གི་མ་ཡུམ་དང་།མི་སྒེར་གྱི་རང་དབང་།གཞན་གྱི་རང་དབང་ལ་ངེས་པར་མི་འཚེ་བའི་རང་དབང་ངོ་།”

 

 

དྲུག་པ།

སྔོན་ཆད་མཁས་པ་ཞིག་གིས་རང་གི་སློབ་བུ་ལ་གདམས་དོན།ཤེལ་ཆག་འཕྲོ་རྣམས་གད་སྙིགས་ཁུག་མའི་ནང་དུ་བླུག་སྟེ་ཁུག་མའི་ཕྱི་ངོས་སུ་“ནང་དུ་ཤེལ་ཆག་ཡོད་པས་ཉེན་ཁ་ཆེ་ཞེས་འབྲི་དགོས་ཞེས་བཤད།ཁོང་ན་རེ།འདི་ལྟར་བྱས་ན་གད་སྙིགས་བསྡུ་མཁན་གྱི་ལག་པར་རྨ་མི་བཟོ་བ་དང་།བཏུང་རིགས་གཏེར་ཆུ་ལྟ་བུ་འཐུང་ཚར་རྗེས།སྟོང་བར་སྐྱུར་ལེབ་བྱས་པ་ཡིན་ན་བསྡུ་ཉར་བྱེད་མཁན་ལ་ཧ་ཅང་སྟབས་བདེ་བཟོས་ཡོད་ཅེས་གདམས།

“ཁྱེད་ཀྱིས་ང་ལ་རིག་གནས་ཅི་ཞིག་རེད་ཅེས་དྲིས་ན།ངས་ཁྱོད་ལ་འདི་ནི་རིག་གནས་སོ།རིག་གནས་ནི་གཞན་དོན་བསམ་པའི་བསམ་པ་བཟང་བོ་དེའོ།”

“གསང་སྤྱོད་དུ་འགྲོ་སྐབས།གཞུག་གི་མི་དེ་དྲན་དགོས།

གད་སྙིགས་སྟོར་སྐབས།བསྡུ་མཁན་གྱི་མི་དྲན་དགོས།

བྱ་བ་ཅི་ཞིག་སྒྲུབ་རུང་།གཞུག་ལ་བསམ་བློ་གཏོང་དགོས་སོ།”

རིག་གནས་གཤའ་མ་ལྡན་པའི་མི་ལ་ཚང་འོས་པ་བཞི་ནི།

རྩ་བ་མཐར་ཐུག་པའི་ནང་སེམས་ཀྱི་བློ་སྦྱངས།།

གསལ་འདེབས་མི་དགོས་པའི་རང་རྟོགས།།

རང་གཅུན་ནི་རང་དབང་གི་མ་ཡུམ་དུ་འཛིན་པ།།

གཞན་དོན་དུ་དམིགས་པའི་བསམ་པ་བཟང་བོ།།

 

བསྒྱུར་བ་བོ་ཐུབ་གཞོན།