དུས་རབས་གསར་བའི་དགེ་རྒན་ལ་ལྡན་དགོས་པའི་ལེགས་བྱང་།  ཁ་ཚེ་ཡིས་བསྒྱུར།

372/545

ཚོགས་ཆེན་བཅུ་དགུའི་སྐབས་བཏོན་པའི་དུས་རབས་གསར་པ་དང་། བསམ་བློ་གསར་པ། དམིགས་ཚད་གསར་པ། འཐབ་ལམ་གསར་བའི་འདུ་ཤེས་ཀྱིས་དགེ་རྒན་དང་ལྷག་པར་ན་གཞོན་དགེ་རྒན་རྣམས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་དགོས་པ་མ་ཟད་དགེ་རྒན་ཡིན་པ་མི་བརྗེད་པ། དགེ་རྒན་གྱི་འགན་བརྟན་པོ་སྲུང་པ། དུས་བསྟུན་ཡར་རྒྱས། གསར་གཏོད་ཡར་བརྩོན་བཅས་ཀྱི་སྒོ་ནས་ནམ་ཡང་རང་ཉིད་ཀྱི་བྱང་ཚད་མཐོ་རུ་བཏང་ནས་དུས་རབས་གསར་བར་འཚམ་པའི་སློབ་ཁྲིད་བཅོས་སྒྱུར་གྱི་བླང་བྱ་གསར་པ་དང་སློབ་གསོ་བསྒྱུར་བཅོས་ཀྱི་མཐོ་རླབས་གསར་པར་སྐུལ་འདེད་གཏང་དགོས།

སྐབས་འདིར་ང་ཚོས་མཉམ་དུ་དུས་རབས་གསར་བའི་དགེ་རྒན་ལ་ལེགས་བྱང་ག་འདྲ་ཞིག་ལྡན་ན་གཟོད་རྙིང་འབུད་གསར་འདོན་དང་། དུས་བསྟུན་ཡར་རྒྱས། དུས་རབས་ གསར་པས་འགྲན་རྩོད་ལས་རྒྱལ་ཐུབ་པ་ཡིན།

 

དང་པོ། སྤྱོད་པ་ལྷ་དང་མཉམ་དགོས།

དུས་རབས་གསར་བའི་དགེ་རྒན་གྱིས་ཀུན་སྤྱོད་དང་པོར་འཇོག་དགོས། སྤྱོད་པ་གཙང་ཞིང་ཀུན་སྤྱོད་ལེགས་པའི་དགེ་རྒན་ནི་སློབ་མའི་བྱ་སྤྱོད་ཀྱི་ཚད་གཞི་དང་སྤྱོད་པ་བཟང་ན་སུས་མི་བཀུར། རང་བཞིན་ངན་ན་སུས་ཀྱང་སྨོད་ཟེར་པ་བཞིན་དགེ་རྒན་གྱིས་ངེས་པར་དུ་རང་དཔེ་གཞན་སྟོན་དང་། སྣེ་ཁྲིད་དཔེ་སྟོན་བྱས་ན་གཟོད་སློབ་མའི་དགའ་ཞེན་དང་བརྩི་བཀུར་ཐོབ་འོས། དེ་ལྟར་བྱས་ན་དགེ་རྒན་གཞི་ནས་སློབ་མ་ལ་དགའ་བ་དང་གཅེས་བ། འདྲ་མཉམ་གྱི་ལྟ་སྟངས་ངོ་མ་ཆགས་ངེས།

དགེ་རྒན་གྱི་ཀུན་སྤྱོད་ནི་དགེ་རྒན་ལེགས་བྱང་གི་སྲོག་ཤིང་དང་དགེ་རྒན་བྱང་ཚད་ཀྱི་ཁག་སོ་སོ་མཐོ་རུ་གཏོང་བའི་སྒུལ་ཤུགས་ཡིན། དགེ་རྒན་གྱི་རྣམ་པ་ཕྱི་རུ་མངོན་ས་དང་། སློབ་གྲྭ་བཟང་པོ་ཞིག་གཉེར་རྒྱུ། སྤྱི་ཚོགས་ཀྱི་གདེང་འཇོག་དང་ཁ་ལས་དར་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། གལ་ཏེ་རང་གིས་བསྒྲུབ་པའི་བྱ་བ་དེ་ཉིད་ལས་རིགས་རྐྱང་རྐྱང་ཙམ་ལས་རང་གི་བརྩེ་དུང་དང་བློ་རིག སེམས་ནུས་ཡོད་ཚད་མི་བཏང་བའི་དགེ་རྒན་དེ་ནི་དཔེ་ཆ་འཁྲིད་མཁན་ཙམ་ལས་སློབ་གསོའི་ཆེད་མཁས་ཞིག་གཏན་ནས་འགྱུར་མི་ཐུབ། ། ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད་ཞེས་བ་དང་རྟོགས་པ་ལྷ་ལས་མཐོ་རུང་། སྤྱོད་པ་མི་ལ་བསྟུན་དགོས་པ་ལྟར་ཀུན་སྦྱོད་བཟང་བོ་ཞིག་དང་ཡ་རབས་ཀྱི་མི་གཤིས་ཡག་པོ་ཞིག་གིས་དཔེ་ཁྲིད་མི་སྐྱོང་བྱ་དགོས། དེ་མིན་བླ་མེད་ཀྱི་འགན་འཁྲི་ཁུར་བ་དང་ལས་དོན་སྒྲུབ་པ། མི་གཤིས་ཀྱི་ཡིད་འགུག་ནུས་པ་ལྡན་པ་དང་དཔེ་ཁྲིད་མི་སྐྱོང་གི་བྱ་བ་དེ་མི་ཚེ་གང་བོའི་བྱ་གཞག་ཏུ་བརྩིས་ནས་ཡོད་པའི་དགེ་རྒན་ཞིག་ཡིན་ན་ད་གཟོད་ཁྱེད་རང་སློབ་མ་དག་གིས་དགའ་བསུ་ཐོབ་པའི་དགེ་རྒན་ཞིག་ཏུ་འགྱུར་ངེས།

 

གཉིས་པ། ཤེས་བྱ་མཁའ་དང་མཉམ་དགོས།

དུས་རབས་གསར་པའི་དགེ་རྒན་ལ་ངེས་པར་དུ་རིག་ཚན་ཤེས་བྱར་མཁྱེན་རྒྱ་ཡངས་དགོས་པ་མ་ཟད་རང་ངོས་ཀྱི་ཤེས་བྱའི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ན་གཟོད་དུས་རབས་འཕེལ་རྒྱས་ཀྱི་རེ་བ་དང་མཐུན་པོ་ཡོད། དགེ་རྒན་གྱི་ཤེས་བྱའི་བྱང་ཚད་ལ་ཆབ་སྲིད་ཀྱི་གཞུང་ལུགས་བློ་སྦྱོང་དང་། ཕུན་སུམ་ཚོགས་པའི་བསླབ་ཚན་གྱི་ཆེད་ལས་ཤེས་བྱ། རྒྱ་ཆེ་བའི་ཚན་རིག་རིག་གནས་ཀྱི་ཤེས་བྱ། དགོས་ངེས་ཀྱི་སློབ་གསོའི་ཚན་རིག་ཤེས་བྱ་བཅས་འདུ་བ་དང་དེ་ལས་ཕུན་སུམ་ཚོགས་པའི་བསླབ་ཚན་གྱི་ཆེད་ལས་ཤེས་བྱ་དང་རྒྱ་ཆེ་བའི་ཚན་རིག་རིག་གནས་ཀྱི་ཤེས་བྱ་ནི་གཙོ་ཆེ་རང་བཞིན་གྱི་ཤེས་བྱ་ཡིན། དགོས་ངེས་ཀྱི་སློབ་གསོའི་ཚན་རིག་ཤེས་བྱ་ནི་ཆ་རྐྱེན་རང་བཞིན་གྱི་ཤེས་བྱ་ཡིན། 

  དེར་བརྟེན། དུས་རབས་གསར་པའི་དགེ་རྒན་ཞིག་ཡིན་ན་ཕུན་སུམ་ཚོགས་པའི་ཤེས་བྱ་ཡོན་ཏན་གྱི་བྱང་ཚད་ལྡན་དགོས་པ་མ་ཟད་ཤེས་བྱས་བསམ་བློར་རྒྱན་ཏེ་གཞི་ནས་སྤྱོད་ཡོན་གཉིས་ལྡན་ཞིག་ཏུ་འགྱུར་དགོས། རྒྱུ་མཚན་ནི་དགེ་རྒན་གྱིས་ཕྱོགས་གཅིག་ནས་རང་ཉིད་ཀྱི་ཤེས་པ་འབུལ་རྒྱུ་དང་ཕྱོགས་གཞན་ཞིག་ནས་མཚོ་བལ་ཇི་བཞིན་མི་དམངས་དང་འཚོ་བའི་ཁྲོད། ཚན་རིག་ལས་བཟང་བ་མཐའ་དག་བསྡུ་ལེན་བྱས་ནས་སློབ་མར་འབུལ་དགོས།

 

གསུམ་པ། གཞི་རྩའི་ནུས་རྩལ་ཏན་ཏན་དགོས།

དགེ་རྒན་གྱི་གཞི་རྩའི་ནུས་རྩལ་ནི་དགེ་རྒན་ལ་ངེས་པར་འཛོམ་དགོས་པའི་ལེགས་བྱང་སྟེ་སྤྱིར་བཏང་དུ་ཆེད་ལས་ཀྱི་རྩ་བའི་ནུས་པ། སློབ་ཐུན་སློབ་ཁྲིད་ཀྱི་ནུས་པ། འཛིན་གྲྭ་བདག་དམ་གྱི་ནུས་པ། སློབ་ཁྲིད་ལག་ཐབས་བཀོལ་སྤྱོད་ཀྱི་ནུས་པ་དང་སློབ་ཁྲིད་ཞིབ་འཇུག་གི་ནུས་པ་བཅས་ཡོད་པ་ལས་སློབ་ཐུན་སློབ་ཁྲིད་ཀྱི་ནུས་པ་ནི་དགེ་རྒན་གྱིས་སློབ་ཁྲིད་ལེགས་འགྲུབ་ཀྱི་ཁག་ཐེག་དང་སློབ་ཁྲིད་དམིགས་ཡུལ་འགྲུབ་པར་མངོན་པའི་ཇུས་འགོད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ། ཚོད་འཛིན་གྱི་ནུས་པའི་སྤྱི་སྡོམ་ཡིན། ནུས་པ་འདི་དག་ནི་སློབ་ཁྲིད་ཀྱི་གཞི་རྩའི་ནུས་རྩལ་དང་སློབ་ཁྲིད་ལེགས་འགྲུབ་ཀྱི་གནད་འགག་སྟེ་དགེ་རྒན་གྱིས་མི་གཞིའི་ཁྱད་གཤིས་དང་སློབ་ཁྲིད་འདུ་ཤེས། སེམས་པའི་བྱང་ཚད། གསར་གཏོད་ཀྱི་སྙིང་སྟོབས་དང་སློབ་ཁྲིད་གཞི་རྩལ་གྱི་མངོན་ས་གཅིག་པུ་ཡིན། དེའི་སློབ་ཁྲིད་བརྒྱུད་རིམ་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་གཙོ་བོ་འདོན་བཞིན་ཡོད།

 

བཞི་པ། དེང་རབས་སློབ་གསོའི་ལྟ་བ་འཛུགས་དགོས།

དུས་རབས་གསར་བའི་དགེ་རྒན་གྱིས་དེང་རབས་སློབ་གསོའི་ལྟ་བ་ཡང་དག་འཛུགས་དགོས།  སྲོལ་རྒྱུན་སློབ་གསོའི་ལྟ་བས་ཤེས་བྱའི་བརྒྱུད་སྤེལ་ཁོ་ནར་དོ་སྣང་བྱས་མོད ཡིན་ནའང་དེང་རབས་སློབ་གསོའི་ལྟ་བས་ཤེས་བྱ་རང་བཞིན་གྱི་སློབ་གསོ་ནས་གསར་གཏོད་ནུས་པའི་སློབ་གསོར་བསྒྱུར་བ། སློབ་མའི་བག་ལ་ཞ་བའི་ནུས་པ་འདོན་སྤེལ་དང་མི་སྒེར་གྱི་རང་གཤིས་ཤིག་བཞེངས་སྐྲུན་བྱེད་པ། སློབ་མའི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོག་ཁྱད་པར་རང་བཞིན་དང་བྱེ་བྲག་རང་བཞིན། དེ་མིན་མི་སྒེར་གྱི་ཁྱད་ཆོས་འདོན་སྤེལ་དང་སློབ་མར་འཆམ་མཐུན་གྱི་འཕེལ་རྒྱས་བྱེད་དགོས་པ་དེ་ཡིན།

དེའི་རེ་བ་ནི་སློབ་གསོའི་བརྒྱུད་རིམ་དེ་སྲོལ་རྒྱུན་གྱི་དགེ་རྒན་གཙོར་འཛིན་དང་སློབ་དེབ་གཙོར་འཛིན། སློབ་ཐུན་གཙོར་འཛིན་ནས་སློབ་མ་གཙོར་འཛིན་དང་བྱེད་སྒོ་སྤེལ་བ།  རང་རྐྱ་ཐུབ་པའི་སློབ་གསོ་དང་སྤྲོ་བའི་སློབ་གསོ། ལེགས་འགྲུབ་སློབ་གསོ་དང་ཞིབ་འཇུག་རང་བཞིན་གྱི་དཔེ་གསར་གཙོ་གཞི་སློབ་གསོའི་རྣམ་པ་དར་སྤེལ་བྱེད་པ། སློབ་མའི་སློབ་སྦྱོང་གི་སྤྲོ་བ་སོས་ནས་སློབ་སྦྱོང་གི་འདུན་པ་དང་གོམས་གཤིས་གསོ་སྐྱོང་དང་སློབ་སྦྱོང་གི་ནུས་པ་ཇེ་མཐོར་གཏོང་པ། སློབ་མར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་རང་འགུལ་གྱིས་སློབ་སྦྱོང་དང་འཕེལ་རྒྱས་བྱེད་དགོས་པ་དེ་ཡིན།

དེར་བརྟེན། དེང་རབས་སློབ་གསོའི་ལྟ་བ་ཆགས་རྒྱུ་ནི་དུས་རབས་གསར་བའི་དགེ་རྒན་ལ་ངེས་པར་ལྡན་དགོས་པའི་ལེགས་བྱང་ཡིན། དེང་རབས་སློབ་གསོའི་ལྟ་བ་མ་ཆགས་ཚེ་དགེ་རྒན་གྱིས་ལྷམ་གསར་གྱོན་ནས་ལམ་རྙིང་དུ་འགྲོ་བ་དང་ལྟ་བ་རྙིང་བས་བསླབ་ཚན་གསར་བ་ཁྲིད་ན་བསླབ་ཚན་གསར་བ་ལོག་ལམ་དུ་འགྲོ་སླ་བ་འགྱུར། ཡོད་ཚད་སློབ་མའི་འཕེལ་རྒྱས་ཆེད་དང་སློབ་མ་རེ་རེར་འཇོན་ནུས་ལྡན། སློབ་མའི་རང་གཤིས་འདོན་སྤེལ་བྱ་སོགས་ཀྱི་དེང་རབས་སློབ་གསོའི་ལྟ་བ་འཛུགས་པ། དུས་རབས་ཀྱི་འགྲོས་དང་མཐུན་པ། དོན་གྱིས་དུས་རབས་ཁྱད་ཆོས་མངོན་པ་བཅས་བྱས་ན་གཞི་ནས་བསླབ་ཚན་བཅོས་བསྒྱུར་གོང་འཕེལ་བྱ་ཐུབ།

 

ལྔ་པ། སེམས་ཁམས་བདེ་ཐང་ཡིན་དགོས།

དགེ་རྒན་ལ་དམིགས་བསལ་གྱི་སྤྱི་ཚོགས་ཐོབ་ཐང་དང་ལས་རིགས་ཁྱད་ཆོས་ཤིག་ཡོད་པའི་དབང་གིས་དགེ་རྒན་ལ་ཆབ་སྲིད་ཀྱི་བསམ་བློའི་བྱང་ཚད་དང་ལས་སྒོའི་བྱང་ཚད་ལེགས་པོ་ལྡན་དགོས་པ་མ་ཟད་བསམ་པའི་བྱང་ཚད་ཀྱང་ཡག་པོ་ཞིག་ཡོད་དགོས། དགེ་རྒན་གྱི་སེམས་ཁམས་བདེ་ཐང་ནི་དགེ་རྒན་ལ་ནང་སེམས་ཀྱི་ངང་ཚུལ་དོ་མཉམ། སེམས་ཀྱི་འགྱུར་བ་དང་ཕྱི་རོལ་འཇིག་རྟེན་གྱི་མཐུན་སྦྱོར་དེ་ཡིན། མིག་སྔར། སློབ་མའི་སེམས་ཁམས་བདེ་ཐང་གི་གནད་དོན་མང་དུ་འགྲོ་བ་དང་བསྟུན་ནས་སེམས་ཁམས་བདེ་ཐང་སློབ་གསོ་ནི་ཁ་ཚ་དགོས་གཏུགས་སུ་གནས་ཡོད། དགེ་རྒན་གྱི་སེམས་ཁམས་བདེ་ཐང་ནི་སློབ་མའི་སེམས་ཁམས་བདེ་ཐང་ལ་འགན་སྲུང་དང་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན། སློབ་མའི་སེམས་ཁམས་ཀྱི་གནད་དོན་མང་པོ་ཞིག་ནི་དགེ་རྒན་གྱི་སེམས་ཁམས་བདེ་ཐང་ལ་འབྲེལ་བ་དམ་ཟབ་ཡོད་པ་ཡིན། དེ་བས་དགེ་རྒན་ལ་བདེ་ཐང་གི་སེམས་ཁམས་ཤིག་ངེས་པར་ལྡན་དགོས།

ཐོག་མར་དགེ་རྒན་ལ་ཡང་དག་པའི་ཤེས་རྟོགས་ལྟ་བ་དང་རང་ཉིད་འདུ་ཤེས་ལྡན་དགོས། སློབ་གསོའི་བྱ་བཞག་དང་སློབ་གསོ་བྱ་ཡུལ་ལ་དགའ་བ། སློབ་གསོར་སྨོན་པ་དང་རེ་སྙེག བློས་བཏང་ཐུབ་པ། འདུ་ཤེས་བརྟན་པོ་ཡོད་པ། སེམས་ཁམས་ནམ་ཡང་སྐྱིད་པོ་ཡིན་པ་དང་རང་གི་སེམས་ཁམས་རང་གིས་སྙོམ་སྒྲིག་བྱས་ནས་རང་ཉིད་རང་གི་སེམས་ཁམས་དགའ་སྡུག་གི་བདག་པོ་ཡིན་པ། སེམས་ཁམས་དོ་མཉམ་རྒྱུན་འཁྱོངས་དང་འཚོ་བ་དང་བྱ་བའི་ཁྲོད་ཀྱི་གནད་དོན་ལུགས་མཐུན་ནུས་ལྡན་གྱིས་ཐག་གཅོད་བྱེད་དགོས།

དེ་ནས་བྱ་བར་གསར་གཏོད་རང་བཞིན་ཡོད་པ། བྱ་དངོས་གསར་བ་དང་ཤེས་བྱ་གསར་བ་དང་ལེན་བྱེད་ཐུབ་པ་མ་ཟད་མགྱོགས་མྱུར་ངང་ནས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཇུས་སུ་བསྒྱུར་ཐུབ་པ་དང་སློབ་གསོ་བསྒྱུར་བཅོས་ཁྲོད་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བའི་གནས་བབས་དང་བསྟུན་དགོས།

སླར་མར་རིན་ཐང་ལྟ་བ་ཡང་དག་འཛུགས་པ། དུས་དང་རྣམ་པ་ཀུན་ཏུ་བསམ་བློ་ངོས་འཛིན་ཐད་ཀྱི་ནོར་འཁྲུལ་ལེགས་སྒྲིག་དང་རང་གི་སེམས་འགྱུ་མི་ལེགས་པ་བཟོད་སྒོམ་བྱེད་པ། རང་ལ་སྐྱོན་ཞིབ་ནོར་འཛོལ་ཡོད་མེད་ངོས་འཛིན་ཐུབ་པ། ཚན་རིག་དང་མཐུན་པའི་རྣམ་འགྱུར་གྱིས་འཚོ་བའི་ཁྲོད་ཀྱི་གནད་དོན་སྣ་ཚོགས་ལ་ལྟ་བ།

གཞན་བདེ་ཐང་གི་སེམས་ཁམས་རྒྱུན་འཁྱོངས་བྱེད་པར་མི་ལ་བསྟུན་ཐབས་ཤེས་པ། ཀུན་དང་མཐུན་པར་འདོད་པ། མཐུན་ཐབས་ཀྱི་ནུས་པ་དང་བྱེད་སྒོ་སྤེལ་བའི་ནུས་པ་ཅུང་ཆེན་པོ་ལྡན་པ། འཐུས་སྒོ་ཚང་བའི་མི་གཤིས་ཡོད་པ། འཆམ་མཐུན་ངང་མི་དང་མིའི་བར་འབྲེལ་བ་བྱེད་འདོད་པ། དགེ་རྒན་གྱིས་བདེ་ཐང་གི་སེམས་ཁམས་རྒྱུན་འཁྱོངས་དང་དེ་ལ་བརྟེན་ནས་སློབ་མའི་ཡིད་འགུག་པ། སློབ་མར་སློབ་གསོ་བྱེད་པ་དང་སློབ་མའི་བདེ་ཐང་གི་སེམས་ཁམས་སྐྱེད་སྲིང་བྱེད་པ་དེ་ཡིན།

 

དྲུག་པ། སློབ་སྦྱོང་གི་འདུ་ཤེས་གཏན་དགོས།

  ཚེ་གང་བོར་སློབ་སྦྱོང་བྱེད་པ་ནི་དུས་རབས་ཀྱི་བླང་བྱ་དང་དགེ་རྒན་འཚར་ལོངས་དང་འཕེལ་རྒྱས་གཏོང་བའི་ལམ་བུ་ཉག་གཅིག་ཡིན། ཚེ་གང་བོར་སློབ་སྦྱོང་བྱེད་པའི་འདུ་ཤེས་མེད་ཚེ་ང་ཚོའི་ཤེས་བྱའི་གྲུབ་ཚུལ་དེ་དུས་རབས་འཕེལ་རྒྱས་ཀྱི་བླང་བྱས་རྗེས་མི་ཆོད།  སློབ་མར་ཆུ་ཕོར་པ་གང་སྟེར་དགོས་པ་དེ་དགེ་རྒན་ལ་ངེས་པར་དུ་ཆུ་ཟོ་བ་གང་དགོས་པ་བཞིན་དུས་རབས་གསར་པའི་དགེ་རྒན་ལ་ཆུ་ཟོ་བ་གང་ཡོད་པ་ཙམ་གྱིས་གཏན་ནས་འདང་གི་མེད། ཆུ་འགོ་རྙོག་ན་ཆུ་གཞུག་རྙོག་པ་དང་དགེ་རྒན་ནི་ནམ་ཡང་ཆུ་འགོ་དྭངས་མ་ལྟར་ཆུ་ཁུངས་འཛད་མཐའ་མེད་པ་ཞིག་བཞུར་རྒྱུ་ཡོད་པ་དང་ཆུ་ཁུངས་མེད་པའི་ཆུ་འགོ་ག་ལ་ཡིན་ཆོག འཁྱིལ་ཆུ་ནི་དེ་བས་ཀྱང་ཡིན་མི་ཆོག ལྷག་པར་དུ་བསླབ་ཚན་གསར་བ་བཅོས་བསྒྱུར་རྗེས་སློབ་ཁྲིད་ཀྱི་ནང་དོན་གསར་པ་དང་། སློབ་ཁྲིད་བྱེད་ཐབས་གསར་པ། སློབ་ཁྲིད་འདུ་ཤེས་གསར་པ་ཡིན་དུས་དགེ་རྒན་ད་རུང་འཁྱིལ་ཆུ་ཟོ་བ་གང་བྱེད་ན་དུས་རབས་ཀྱི་བླང་བྱ་དང་གཏན་ནས་མི་འཚམ་པ་ཡིན།

  དགེ་རྒན་གྱིས་དུས་རྟག་ཏུ་སློབ་སྦྱོང་དང་ཡར་ཐོན། རང་ཉིད་ཇེ་ལེགས་སུ་གཏོང་བ་དང་ཤེས་བྱ་གསར་སྒྱུར། རང་སྒེར་གྱི་བྱང་ཚད་མཐོར་འདེགས། ཤེས་བྱ་གསར་བར་བརྟེན་བསམ་བློའི་མཛུབ་སྟོན་དང་འདུ་ཤེས་གསར་བར་བརྟེན་ལག་ལེན་ལ་སྣེ་ཁྲིད་ན་གཟོད་དུས་རབས་འཕེལ་རྒྱས་གོམ་འགྲོས་ཀྱི་རྗེས་ཆོད་པ་དང་རྒྱུན་ཆད་མེད་པར་ འགྱུར་ལྡོག་འགྲོ་བའི་ཁོར་ཡུག་གསར་བ་དང་ལེན་བྱེད་ཐུབ། དེར་བརྟེན། མི་ཚེ་ཧྲིལ་བོར་་སློབ་སྦྱོང་བྱེད་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལེགས་ཆ་འཚོལ་བསྡུ་གང་མང་བྱས་ནས་རྙིང་དོར་གསར་འཛུགས་དང་ཐབས་་ལམ་རྒྱ་སྐྱེད། ཤེས་བྱ་གསར་བ་བསྡུ་ལེན་བཅས་ནི་བསླབ་ཚན་གསར་བ་བཅོས་བསྒྱུར་དང་ལག་ལེན་གྱི་གནད་འགག་ཞིག་ཡིན།

 

བདུན་པ། གསར་གཏོད་ཀྱི་སྙིང་སྟོབས་ལྡན་དགོས།

  སློབ་ཁང་སློབ་ཁྲིད་ནི་སློབ་ཁྲིད་ཀྱི་གཡུལ་ས་གཙོ་བོ་ཡིན་པ་དང་སློབ་མའི་གསར་གཏོད་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་ས་གལ་ཆེན་ཞིག་ཀྱང་ཡིན། དགེ་རྒན་གྱི་གསར་གཏོད་སྙིང་སྟོབས་ལས་སློབ་ཁྲིད་འདུ་ཤེས་དང་སློབ་ཁྲིད་བྱེད་ཐབས། སློབ་ཁྲིད་ཀྱི་ནང་དོན། སློབ་ཁྲིད་ཀྱི་ལག་ཐབས་བཅས་མངོན་ཡོད་པ་མ་ཟད་སློབ་མའི་གསར་སྐྲུན་སྙིང་སྟོབས་ཀྱི་གཅེས་སྐྱོང་དང་གསོ་སྐྱོང་སོགས་དེ་ལས་ཀྱང་མངོན་ཡོད།

  བསླབ་ཚན་གསར་བ་བཅོས་བསྒྱུར་ནི་དགེ་རྒན་གྱིས་སློབ་མའི་གསར་གཏོད་ཀྱི་སྙིང་སྟོབས་དང་ལག་ལེན་གྱི་ནུས་པ་གསོ་སྐྱོང་བྱེད་པར་གར་སྟེགས་རྒྱ་ཆེ་བ་མཁོ་འདོན་བྱས་པ་དང་། སློབ་གསོ་ནི་ཁ་ཕྱོགས་དང་ཟུར་ཚད་མང་བའི་ལས་དོན་ཞིག་ཡིན། སློབ་མའི་བྱང་ཚད་ཁག་སོ་སོའི་ཁྲོད་ནས་བྱང་ཚད་གསར་གཏོད་ཀྱི་གཞི་རྩ་ཡིན། གསར་གཏོད་ཀྱི་སྙིང་སྟོབས་ལྡན་པ་ན་གཞི་ནས་སློབ་མའི་ཚད་ཆེ་བའི་མི་མངོན་པའི་ནུས་ཤུགས་འདོན་སྤེལ་བྱེད་ཐུབ་པ་དང་མགྱོགས་མྱུར་ངང་ནས་འཚར་ལོངས་དང་མི་འཇོན་ནུས་ཅན་དུ་འགྱུར་ཐུབ།

 

 དགེ་རྒན་གྱིས་སློབ་མའི་བསམ་ཚུལ་ངོ་མཚར་ཅན་དང་དྲན་ཚུལ་སྣ་མང་ཅན་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱ་དགོས། སློབ་མར་སྐུལ་ལྕག་བྱེད་ནས་དགེ་རྒན་ལ་དོགས་འདྲི་བྱེད་ཕོད་པ་དང་། རྩོད་པ་བྱེད་ཕོད་པ། དགེ་རྒན་དང་མཉམ་དུ་བསམ་གཞིགས་ཀྱི་གླེང་མོལ་བྱེད་ཕོད་པ། དགེ་རྒན་ནི་སློབ་མའི་སློབ་སྦྱོང་གི་མི་མངོན་པའི་ནུས་ཤུགས་ཀྱི་གསར་སྤེལ་མཁན་ཡིན་པ་ལས་ཤེས་བྱ་དྲིལ་བསྒྲགས་མཁན་མིན། སློབ་མའི་སློབ་སྦྱོང་གི་སྣེ་ཁྲིད་མཁན་ཁོ་ན་ཙམ་མ་ཡིན་པར་སློབ་མ་རྣམས་མདུན་སྐྱོད་ཀྱི་སྒུལ་ཤུགས་ཤིག་ཏུ་འགྱུར་བར་བརྩོན་དགོས་སོ།།