སློབ་མ་ལོག་ལམ་དུ་ཁྲིད་མཁན་གྱི་སློབ་ཆུང་དགེ་རྒན་དག་ལ་རྒོལ་བ། །

352/545

སྤྱིར་སློབ་གྲྭ་ནི་སློབ་མ་རྣམས་སྤྱི་ཚོགས་དང་བར་ཐག་ངེས་ཅན་ཞིག་ཡོད་པའི་སར་སློབ་གཉེར་བྱེད་སའི་དབེན་གནས་ཤིག་རེད། སློབ་གྲྭ་གཅིག་གི་ནང་དུ་དགེ་རྒན་མེད་ན་འཐུས་ཀྱང་སློབ་མ་མེད་ན་མི་འཐུས་ལ། གལ་ཏེ་སློབ་མ་མེད་སོང་ན་སློབ་གྲྭ་ཟེར་བའི་ཐ་སྙད་དེའང་མེད་པ་རེད། གཏན་ཚིགས་ནི་སློབ་གྲྭའི་ནང་དགེ་རྒན་ལས་སློབ་མ་གལ་ཆེ་ཡོད་པསོ།།

སྔུན་ལ་བསྙད་པ་ནི་སྤྱི་ཁོག་ནས་བསྙད་པ་ཡིན། ད་བྱེ་བྲག་ཏུ་ཕབས་ནས་སྙད་ན། སློབ་ཆུང་ལྟ་བུ་ལ་དགེ་རྒན་མེད་ན་མི་འཐུས་ཏེ་ངེས་པར་དུ་ལོ་བདུན་བརྒྱད་ཀྱི་བྱིས་པ་དག་ལ་ལེགས་ཉེས་བླང་དོར་གྱི་འཇུག་སྟངས་སོགས་མང་པོ་ཞིག་ལམ་སྟོན་མཁན་གྱི་སྟོན་པ་ཞིག་དགོས།

དགེ་རྒན་གྱིས་སློབ་ཁྲིད་ཀྱི་ཞོར་དུ་གཞན་ལ་གུས་ཞབས་བྱེད་དགོས་པ། རྫུན་མི་སྨྲ་བ། མ་སྦྱིན་པ་མ་ལེན་པ། ཀུན་སྤྱོད་སློབ་གསོ་སོགས་གང་ལྟར་མི་མཛེས་པའི་བྱ་བའམ་བྱ་སྤྱོད་དག་ལ་དགག་སྒྲ་སྦྱར་ནས་སློབ་གསོ་གཏོང་ཡོད་ཁུལ་རེད། དོགས་སློང་དང་བསམས་ནས་གཞིགས་པར་སྤྲོ་བའི་ཁོ་བོ་ནི་རྒྱུན་པར་དགེ་རྒན་གྱི་བྱ་སྤྱོད་ལ་བརྟག་ཁུལ་བྱེད་ཀྱི་ཡོད།

ཁོ་བོས་བརྟག་དཔྱད་དང་སློབ་མ་འགའ་དང་ཁ་བརྡ་བྱས་པར་ད་ཆ་བསམ་ཚད་ལས་ཡལ་བའི་འབྲས་བུ་ཐོབ་སོང་། ད་ནི་དོན་དངོས་ཀྱི་སློབ་ཆུང་དགེ་རྒན་འགའ་རེའི་གདོང་པགས་བཤུ་ཡི་ཡིན་ལ། སྐྱུག་བྲོ་བའི་དགེ་རྒན་དག་ལ་སློབ་མ་དང་ཁྱིམ་བདག་གི་ཚབ་བྱས་ནས་སྡིགས་ཀྱི་ཡིན།

 

༡ སློབ་མ་རྫུན་སྨྲ་བར་སྐུལ་བ།

སློབ་གྲྭ་དང་དགེ་རྒན་གྱིས་སློབ་མར་ཁ་ནས་རྫུན་སྨྲ་མི་ཉན་ཞེས་དགུ་གསུམ་བཅོ་བརྒྱད་བསྙད་ཀྱང་དོན་ངོ་མར་སློབ་གྲྭ་དང་དགེ་རྒན་གྱིས་རྫུན་སྨྲ་སྟངས་བསླབས་ནས་སློབ་བཞིན་པའི་སྒང་རེད། གཏན་ཚིགས་ནི། གཟའ་འཁོར་འདིར་ཁོ་བོ་སྡོད་བྱ་ཡིན་པས་སློབ་ཕྲུག་གི་གང་སྤྱིར་འགན་ཁུར་དགོས། དེ་རིང་ཉིན་གུང་སློབ་ཕྲུག་ཁ་ལག་བཟས་ཚར་རྗེས་གཙང་སྦྲའི་ས་ཁུལ་དག་ལ་གད་ཕྱིས་བྱེད་བཅུག་ནས་གུང་གཉིད་ཉལ་བཅུག་པ་ཡིན། ལོ་རིམ་དང་བོའི་ནང་འཛུལ་མ་ཐག་སློབ་ཕྲུག་བུ་གཅིག་གིས་རྒན་ལགས། འགོ་ཁྲིད་ཡོང་གི་ཡོད་རེདམ། ཞེས་དྲིས་བྱུང་། སྐད་ཆ་འདི་ལ་ཞིབ་མོར་བརྟག་ན་ནམ་རྒྱུན་སློབ་གྲྭའི་ནང་བལྟ་སྐོར་ཡོང་ཁར་སློབ་ཕྲུག་ལ་ནམ་རྒྱུན་རྐང་གཅིག་བྱེད་མྱོང་མེད་པའི་ལས་ཀ་བྱེད་དགོས་པ་དང་འགོ་ཁྲིད་སླེབས་དུས་སློབ་ཚན་ཡག་པོ་ཉན་དགོས་པ། དགེ་རྒན་གྱིས་སློབ་ཁྲིད་སྐོར་སྐད་ཆ་དྲིས་ན་འདི་འདྲ་ལབ་དགོས་པ། སློབ་ཁང་ནང་ཆུ་ཁོལ་བཏུང་མྱོང་མེད་ཀྱང་ཆུ་སྐོལ་ཡོ་ཆས་འགའ་སྒྲིག་ནས་སློབ་མར་ནམ་རྒྱུན་ནས་ཆུ་ཁོལ་འཐུང་གི་ཡོད་ལུགས་ལབ་དགོས་པ། མདོར་ན་སློབ་ཕྲུག་ལ་དུས་རྒྱུན་རྫུན་གྱི་སློབ་ཚན་ཚོགས་ནས་འཚོགས་བཞིན་པ་ར་སྤྲོད་བྱས་ཡོད།

 

༢ སློབ་ཕྲུག་ལ་ཐ་མ་ཁ་འཐེན་པ་དང་ཆང་རག་འཐུང་བར་སྐུལ་བ། སློབ་ཕྲུག་གི་བདེ་ཐང་ལ་བརྩི་མཐོང་མི་བྱེད་པ།

ཡང་དགེ་རྒན་ན་རེ། ཁྱོད་ཚོ་ཐ་མ་ཁ་འཐེན་མི་ཉན་ལ་ཆང་རག་ཀྱང་འཐུང་མི་ཉན། རྒྱུ་མཚན་འདི་གཉིས་ཀྱིས་བདེ་ཐང་ལ་གནོད་པ་མ་ཟད་ཁོར་ཡུག་དང་ཉེ་འགྲམ་གྱི་མྱིའི་བདེ་ཐང་ལ་གནོད་པ་སོགས། སློབ་མའི་སྔུན་དུ་གདོང་པགས་རི་བོ་གྲུ་འཛིན་གྱི་བརྩིགས་གཞང་ལས་མཐུག་པ་ཞིག་ཁྱེར་ནས་བསྙད་ཀྱི་ཡོད། དོན་དངོས་ཐོག་དགེ་རྒན་དེ་ཚོས་ཁ་ནས་སློབ་མར་ཐ་མ་ཁ་འཐེན་མི་ཉན་དང་ཆང་རག་འཐུང་མི་ཉན་ཞེས་འཇོལ་མོ་བཞིན་རྫོགས་རྒྱུ་མེད་པ་སྨྲས་ཀྱང་དགེ་རྒན་དག་གི་སློབ་མའི་མདུན་དུ་ཐ་མ་ཁ་འཐེན་པ་མ་ཟད་སློབ་མའི་མདུན་དུ་ཆང་རག་ཀྱང་འཐུང་གི་འདུག དེས་མ་ཚད་ཆང་རག་འཐུང་ནས་ར་བཟི་རྗེས་ཕན་ཚུན་ར་བཟི་ཡང་རྒྱག་གི་འདུག དེ་ནི་དོན་དངོས་ཐོག་ཁོ་ཚོས་སློབ་མར་ཐ་མ་འཐེན་པ་དང་ཆང་རག་འཐུང་བར་སློབ་གསོ་བརྒྱབ་ནས་རྒྱག་བཞིན་པ་རེད། ཟླ་གཅིག་ཙམ་སྔོན་དུ་ཁོ་བོ་ལོ་རིམ་དྲུག་པའི་ནང་དུ་སློབ་ཁྲིད་སྐབས་སློབ་མ་བུ་ཞིག་གིས་ང་སློབ་ཆེན་ལ་བསླེབ་ཚེ་ཐ་མ་ཁ་འཐེན་ཨེ་ཆོག་ཅེས་དྲིས་བྱུང་། ཁོ་བོས་གང་འདུག་ཅེས་དྲིས་པས། སློབ་མ་དེས་རྒན་ལགས་ཁོ་ཚོ་ཐ་མ་ཁ་འཐེན་གྱི་འདུག་ཅེས་ལན་འདེབས་བྱུང་། དེ་ཚོ་ནི་དགེ་རྒན་གྱིས་སློབ་མར་བརྒྱབ་པའི་རང་དཔེ་གཞན་སྟོན་གྱི་སློབ་གསོ་རེད། ད་དུང་སློབ་མའི་བདེ་ཐང་ལ་བརྩི་མཐོང་ཡེ་ནས་མི་བྱེད་པར་སློབ་ཁང་ནང་དུའང་ཐ་མ་ཁ་འཐེན་གྱི་འདུག ཁོ་ཚོས་ཐ་མ་ཁ་འཐེན་པ་པོ་ལས་འགྲམ་གྱི་མྱིར་གནོད་སྟོབས་ཆེ་བ་ཡོད་པ་མི་ཤེས་པ་མིན་པར་སློབ་མའི་བདེ་ཐང་ལ་བརྩི་མཐོང་མི་བྱེད་པས་རེད།

 

༣ དགེ་རྒན་གྱིས་སློབ་མ་ཆུང་དུས་ནས་ནང་དམེ་བྱེད་པར་སྐུལ་བ།

ཕན་ཚུན་འཆམ་པོ་ཡོད་དགོས་ལུགས། རོགས་རམ་བྱེད་དགོས་ལུགས། སློབ་གྲྭ་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པས་མཐུན་སྒྲིལ་གྱི་ཨ་ལོང་བརྟན་པོར་གནས་དགོས་ལུགས་མང་པོ་ཞིག་བསྙད་ཁུལ་ཡིནད་ཀྱང་དོན་དངོས་ནི་ལྡོག་ཟླ་རྐྱང་རྐྱང་རེད། དགེ་རྒན་དག་གིས་སློབ་མར་ནང་དམེ་བྱེད་པར་སློབ་གསོ་བྱེད་བཞིན་པའི་སྒང་རེད། དོན་དངོས་ལས་གྲུབ་པའི་གཏན་ཚིགས་ཤིག་གཤམ་ལ་ཡོད།

ཁོ་བོ་ནི་ད་ལོ་གསར་དུ་འབྱོར་བའི་གསར་བུ་ཞིག་ཡིན་པས་སློབ་མ་དང་ཕན་ཚུན་ཁ་བརྡ་བྱེད་རྒྱུ་ཤིནད་ཏུ་གལ་ཆེ་བར་སེམས་ནས་ཉིན་གུང་གཅིག་ལ་སློབ་མའི་ཚོགས་པའི་སློབ་མ་གསུམ་དང་ཁ་བརྡ་བྱས་པ་ཡིན། ཁོ་ཚོས་ངས་ཕར་སྐད་ཆ་མ་དྲིས་སྔོན་ནས་ཚུར་དགེ་རྒན་འདི་འདི་འབྲེལ་བ་ཡག་ལུགས། དགེ་རྒན་འདི་འདི་འབྲེལ་བ་ཡག་པོ་མེད་ལུགས་བསྙད་བྱུང་། ད་དུང་གསར་འགྱུར་གསར་པ༼ རང་ངོས་ནས ༽ ཞིག་ཡོད་པ་ནི་དགེ་རྒན་གཉིས་སློབ་མའི་སྔུན་དུ་ཕན་ཚུན་འཛིང་མོ་བྱེད་པ་སོགས་མང་པོ་ཞིག་འདུགོ དེ་ནི་ཁོ་ཚོས་སློབ་མར་དངོས་ཤུགས་ཅི་རིགས་ནས་སློབ་མར་ནང་དམེ་བྱེད་དགོས་པའི་སློབ་གསོ་བཏང་ནས་གཏོང་བཞིན་པ་མ་རེདམ། དགེ་རྒན་དག་གི་བྱ་སྤྱོད་སྔ་ཕྱིལ་འགལ་བ་མ་ཡིནམ།  གོང་དུ་བསྙད་པའི་དགེ་རྒན་དེ་དག་གིས་འོ་སྐོལ་གྱི་བྱིས་པ་དག་ལེགས་ལམ་དུ་མ་འཁྲིད་པར་ལོག་ལམ་དུ་འཁྲིད་བཞིན་འདུག་པས་ཁོ་ཚོའི་སྐྱུག་བྲོ་བའི་སློབ་གསོའི་ཐབས་ལམ་ལ་ཐེར་འདོན་དང་དགག་གཞག་མཐའ་གཅིག་ཏུ་བྱ་དགོས། གཞི་རིམ་དུ་དཔེ་ཆ་དོར་བའི་དགེ་རྒན་དེ་ཚོ་ལ་རྩོམ་ཐུང་འདིས་བརྡ་ཙམ་བཏང་པ་ཡིན། ཁྱོད་ཚོའི་ངོ་རིས་ངོ་མ་བཤུ་རྒྱུ་ད་དུང་ང་ཚོ་རྗེས་ལ་སྐད་ཆ་ཡོད།

 

ཞེས་རྟེའུ་རྒོད་ཚེ་རིང་ཆོས་གྲགས་ཀྱིས༢༠༡༤།༡༡།༢༦གི་དགོང་མོ་རང་ཤག་ནས་སྦྱར་བས་གཞི་རིམ་དུ་དཔེ་ཆ་དོར་བའི་དགེ་རྒན་དག་གི་མགོ་ལ་ཕོག་སོང་ན་ཁོ་བོའི་བློ་ཡིད་ཚིམས་སོང་།

༼ཟུར་བཀོད། ཁོ་བོ་ནི་འབོལ་རྩོམ་ཐར་ཐོར་འབྲི་བའི་ལམ་ལ་འཇུག་པའི་དྲ་མིང་ལ་ཁྭ་ཏ་ཟེར་མཁན་དེ་ཡིན། དེ་སྔོན་དྲ་མིང་ཁྭ་ཏ་བེད་སྤྱད་ནས་ལུག་ཚང་དཔལ་ཡོན་ནས་རྩོམ་ཐུང་རེ་གཉིས་སྤེལ་མྱོང་། ད་ལམ་དྲ་མིང་ལ་ཏོག་ཙམ་གྱུར་བ་བཏང་ཡོད་པས་ཕྱིས་སུ་རྟེའུ་རྒོད་ཅེས་འབོད་པ་ཡིན། དེས་ན་རྟེའུ་རྒོད་དམ་རྟེའུ་རྒོད་ཚེ་རིང་ཆོས་གྲགས་ནི་ཁོ་བོ་ལས་མ་འདས་སོ།། ༽