སྦྲུམ་ལྡན་བུད་མེད་ཀྱིས་སྤང་བྱ་ཁ་ཤས། དབའ-ཡོན་ཏན་མགོན་པོས།

262/470

ང་ཚོ་མཐོ་སྒང་ལ་འཚོ་སྡོད་བྱེད་པའི་ཞིང་འབྲོག་ཕལ་མོ་ཆེར་སྤྱིའི་ཆ་ནས་འཕྲོད་བསྟེན་ལ་དོ་སྣང་ཡག་པོ་མེད་པ་མ་ཟད་ལྷག་པར་བོད་ཀྱི་བུད་མེད་རྣམས་ཀྱིས་གདོང་པ་དང་གོན་པ་ཙམ་མ་གཏོགས་གཙང་སྦྲ་དང་འཕྲོད་བསྟེན་གྱི་འདུ་ཤེས་ཧ་ཅང་ཞན་པ་དང་། སྨན་ཁང་གི་ཆ་རྐྱེན་ཡག་པོ་མེད་པ། ཡོད་ཀྱང་ན་ཚ་ཆུང་ངུའི་སྐབས་ངོ་ཚར་འཛེམ་ནས་སྦ་གསང་བྱེད་པ། དུས་བཞིར་ལས་ཀ་མང་བ་སོགས་ཀྱི་རྐྱེན་ལ་བརྟེན་ནས་བྱིས་པ་ལམ་དུ་མི་འགྲོ་བའི་གནས་ཚུལ་མང་པོ་ཞིག་འབྱུང་དང་འབྱུང་བཞིན་པ་སྨོས་མེད་རེད། བུད་མེད་ཞིག་ལ་བུ་འཁོར་བ་ནས་བཟུང་ཟས་སྤྱོད་སྤང་བླང་ཅུང་ཟད་རེ་མ་ཤེས་ཚེ་ཉེན་ཁ་ཆེ་ན་མ་དང་བུ་ཡི་སྲོག་ལ་ཉེན་ཁ་ཡོད་པ་དང་། དེ་ཙམ་མ་བྱུང་ཡང་བྱིས་པ་དབང་པོ་སྐྱོན་ཅན་དང་ཆུང་ངུའི་དུས་ནས་ན་ཚ་མང་བ་སོགས་འབྱུང་གི་ཡོད། དེར་བརྟེན་ངས་འདི་ནས་ཤེས་ཚོད་ཀྱིས་བོད་ལུགས་གསོ་རིག་ལས་འབྱུང་བ་ལྟར་སྦྲུམ་མའི་ཟས་སྤྱོད་སྤང་བླངས་ཅུང་ཟད་ཅིག་འབྲི་བར་བྱ།
བུད་མེད་གང་ཞིག་མངལ་སྦྲུམ་པ་ནས་བཟུང་སྟེ་ཟླ་བ་བརྒྱད་ཀྱི་བར་དུ་ངེས་པར་དུ་ཟས་སྤྱོད་གཟབ་རྒྱུ་གལ་ཆེ།

 

དེ་ལ་དང་པོ་ཟས་ནི།

ཟས་གང་ཡིན་ཡང་ནུས་ཚ་བ་དང་རྣོ་བའི་རིགས་དང་འཇུ་དཀའ་བའི་རིགས་ཉ་ཕག་གི་ཤ་དང་ཚལ་དང་ཤ་སོགས་གང་ཡིན་ཡང་རུལ་བ་དང་ནད་ཀྱིས་ཤི་བའི་ཤ་དང་གཅན་གཟན་གྱི་ཟོས་འཕྲོ་ལྟ་བུ་སོགས་ཀྱི་ཟས་རིགས་སྤང་དགོས།

 

གཉིས་པ་སྤྱོད་ལམ་ལ།

༡༽ བུ་ཆགས་ནས་བཟུང་སྟེ་འཁྲིག་སྤྱོད་ཀྱི་བྱ་བ་སྤང་དགོས།
༢༽ མཚན་མོ་མི་གཉིད་པ་དང་ཉིན་པར་གཉིད་ལོག་རྒྱུ་སྤང་དགོས།
༣༽ བཙོག་པ་སྟེ་དྲི་ཆེན་དང་གཅིན་ཏེ་དྲི་ཆུ་སོགས་མི་འབྱུང་བཞིན་དུ་ཤུགས་ཀྱིས་བཙིར་བ་དང་འདོར་རན་ཀྱང་ཤུགས་ཀྱིས་བཀག་པ་སོགས་སྤང་དགོས།
༤༽ སྐྱུག་གཏོང་བ་དང་བཤལ་གཏོང་བ་ཁྲག་གཏར་བ་སོགས་སྤང་དགོས།
༥༽ སེམས་ཀྱིས་སྡུག་བསྔལ་ལམ་སེམས་ཁུར་མང་པོ་མི་བྱེད་པ་སོགས་སྤང་དགོས།
མདོར་ན་སྦྲུམ་ལྡན་གྱི་བུད་མེད་ལ་ལྟ་རྟོག་ནན་པོ་བྱ་རྒྱུ་ཅི་ནས་ཀྱང་གལ་ཆེ་བ་ཡིན་པ་མ་ཟད་བཙའ་བའི་སྐབས་ཀྱང་སྨན་ཁང་དུ་བཙས་ན་ཧ་ཅང་བཟང་ངོ་།།

རང་ལ་རིག་པའི་གཞུང་དང་ལག་ལེན་སོགས།།
ཅི་ཡང་མེད་ཀྱང་དགེ་རྒན་དྲིན་ཆེན་གྱི།།
བསླབ་བྱ་ཅུང་ཞིག་སེམས་ལ་གནས་པ་འདི།།
ཅུང་ཟད་ཕན་དུ་རེ་བས་བྲིས་ཏེ་ཕུལ།།