ཨ་ལགས་དོར་ཞིར་བོད་སྐད་བཤད་དུ་འཇུག་རོགས།

381/545

ཨ་ལགས་དོར་ཞིར་བོད་སྐད་བཤད་དུ་འཇུག་རོགས།

                                 ཁྲག་ཐིགས།

   དེ་རིང་འཕྲིན་སྟེགས་ཤིག་ལས་ཁ་སང་གི་ཨ་ལགས་དོར་ཞིའི་འཆད་ཁྲིད་ཅིག་ལ་ཉན་བསྐལ་བྱུང་། ཐོག་མར་མདོ་འཛིན་པས་བོད་སྐད་བཤད་སྟངས་དང་།ཨ་ལགས་ཚང་གིས་ཀྱང་བོད་སྐད་ཀྱིས་གསུང་གི་དབུ་འཛིན་ཚུལ་སོགས་ལ་ཉན་ཏེ་དམིགས་བསལ་གྱིས་སྤྲོ་རྒྱུ་ཞིག་ཀྱང་བྱུང་སོང་།སྤྱིར་ན་བོད་པ་ཞིག་དང་ལྷག་པར་བོད་པའི་སྐད་ཡིག་དང་རིག་གནས་ཀྱི་གདུང་འདེགས་ཀྱི་ཀ་ཆེན་ཞིག་གིས་བོད་སློབ་དག་ལ་བོད་སྐད་སྨྲ་བ་ནི་དགའ་དགོས་པ་ཞིག་མིན་པ་རང་རོགས་ཀུན་ལ་ལོས་གསལ་མོད། ན་ནིང་དང་གཞིས་ནིང་སོགས་ལ་ཨ་ལགས་ཁོང་གིས་བོད་སློབ་ང་ཚོར་རྒྱ་སྐད་ལམ་ནས་གསུང་བཤད་ཏག་ཏག་གནང་པས།ད་ནི་ཁོང་གིས་བོད་སྐད་ཅིག་གསུང་ན་དགའ་དགོས་པའི་ཚད་དུ་ཐོན་འདུག གང་ལྟར། ཁོང་གིས་འཚམ་འདྲི་ཞིག་གནང་རྗེས་འབྲེལ་ཡོད་མགོ་ཁྲིད་དག་གིས་ལྷ་ས་སོགས་ཀྱི་སློབ་མ་དག་གིས་གསུང་བཤད་གོ་ཐུབ་པའི་ཕྱིར་དུ་རྒྱ་སྐད་ལམ་ནས་གསུང་གླེང་གནང་བའི་རེ་ཞུ་བྱས་པས།ཚང་མས་གོ་ཐུབ་ཕྱིར་རྒྱ་སྐད་ལམ་ནས་བཤད་རྒྱུ་ཡིན་གསུངས་སོང་།དེ་བས།ད་ཐེངས་ཀྱི་གསུང་བཤད་འདི་རྒྱ་སྐད་ལམ་ནས་བཤད་དུ་འཇུག་མཁན་ནི། འཆད་སྟེགས་སྒྲུབ་མཁན་གྱི་དགེ་རྒན(མགོ་ཁྲིད)་ཁྲིད་དག་ཡིན་པ་ཧ་གོ་བྱུང་།ཧ་གོ་ནས་ཀྱང་འབྲེལ་ཡོད་དག་ལ་ལུང་སྟོང་དུ་ཀི་ཞིག་སྔར་ལྟར་འདེབས་ན་འདོད་ཀྱང་། སྐད་ཆ་ཁ་ཤས་ཡོད་པ་ནི། ལོ་སྔོན་མ་སྔོན་ནས་ཡང་དང་བསྐྱར་དུ་ཞུས་ཟིན་པས། དེ་རིང་འདིར་ཚིག་ཚོགས་བསྐྱུངས་ཏེ། “ནུབ་བྱང་གི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་འཆད་སྟེགས་སྒྲུབ་པའི་དགེ་རྒན་རྣམ་པ།ཁྱེད་ཅག་བོད་པ་དང་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་ལམ་ནས་ལས་ཀ་གཉེར་མཁན།སློབ་མ་སྐྱོང་མཁན་གྱི་རིགས་སུ་གཏོགས་ཚེ།ཨ་ལགས་དོར་ཞི་སོགས་ཏེ་བོད་ཀྱི་ཆོས་སྲིད་གཉི་ཆའི་གདུང་འདེགས་ཀྱི་ཀ་ཆེན་ལྟ་བུ་དག་ལ་བོད་པ་རང་གི་སྔུན་ནས་བོད་སྐད་ཅིག་བཤད་དུ་འཇུག་རོགས་”ཞེས་ཞུས་པ་ཡིན།

ད་དུང་“བོད་པའི་སྤྱི་སྐད་ནི་རྒྱ་སྐད་མིན་པས། ཤུགས་རྐྱེན་ཆེ་བའི་མྱི་ཆེན་ཁོང་ལྟ་བུར་རྒྱ་སྐད་བཤད་དུ་བཅུག་ནས་ས་ཕྱོགས་མི་གཅིག་པའི་བོད་ཀྱི་སློབ་མ་ཕན་ཚུན་ལ་རྒྱ་སྐད་ལམ་ནས་ཁ་བརྡ་དང་འབྲེལ་འདྲིས་བྱེད་དགོས་པའི་བག་ཆགས་དང་ཤུགས་རྐྱེན་འཇོག་ཏུ་མི་འཇུག་རོགས།”བོད་པའི་རིག་གནས་དང་སྐད་ཡིག་ལ་ཞབས་ཕྱི་སྒྲུབ་མ་ནུས་ཀྱང་ཞབས་འདྲེན་མི་བྱེད་རོགས།

ལྷག་པར་དུ། དགེ་རྒན(མགོ་ཁྲིད་)ཁྱེད་ཅག་གིས་ཐོས་མ་བྱུང་ངམ།ཨ་ལགས་དོར་ཞིས་གསུང་བཤད་ཀྱི་ནང་དོན་ཡོངས་རྫོགས་བོད་པ་རང་གི་རིག་གནས་དང་ལོ་རྒྱུས།ཆོས་ལུགས་སོགས་ཡིན་པས།བོད་པ་བོད་པའི་ནང་ལ་བོད་ཀྱི་ཆོས་དང་རིག་གནས་དག་ཀྱང་རྒྱ་སྐད་ལམ་ནས་ངོ་སྤྲོད་དང་གླེང་མོལ་བྱེད་དགོས་པའི་མི་ཚོགས་ཤིག་བསྐྱེད་སྲིང་བྱེད་པར་མཐུན་རྐྱེན་མི་སྦྱོར་རོགས། ང་ཚོས་ནི་ད་དུང་བོད་སྐད་ལ་བཀོལ་སྤྱོད་ཡོད་ན་བསམ།ད་རུང་ནི་བོད་པ་བོད་པའི་ནང་ལ་བོད་སྐད་ཀྱིས་བརྡ་སྤྲོད་མི་ཐུབ་པའི་ཚད་དུ་ཡང་ལྷུང་མེད།ནུབ་བྱང་གི་དགེ་རྒན་(མགོ་ཁྲིད)རྣམ་པ། རྗེས་མར་ཨ་ལགས་དོར་ཞི་སོགས་སུ་ཞིག་གདན་འདྲེན་ཞུས་ཀྱང་།བོད་སློབ་དག་ལ་ནི་བོད་སྐད་ཅིག་བཤད་དུ་འཇུག་རོགས།བོད་པ་བོད་པའི་ནང་ལ་ཕ་སྐད་བཀོལ་ཆོག་པའི་སྐད་ཡིག་གི་ཁོར་ཡུག་མཐིལ་ལག་མཐིལ་འདྲ་བོ་དེ་ཡང་བོད་ཀྱི་དགེ་རྒན་དང་།བོད་ཀྱི་མཐོ་སློབ་དག་ནས་མགོ་བཟུང་སྟེ་བརླག་ཏུ་མི་འཇུག་རོགས།

རེད་དེ། བདག་གིས་དེ་རིང་ཞུ་བསམ་པའི་སྐད་ཆ་ནི་དེ་ཙམ་གྱིས་རྫོགས་པ་ཡིན་ལ།རྒྱ་སྐད་ཆེར་མི་གོ་བ་དང་།ལྷག་པར་ཨ་ལགས་ཀྱིས་གསུང་པའི་རྒྱ་སྐད་མི་གོ་བས།ཨ་ལགས་ཀྱི་གསུང་བཤད་ལ་རག་ཉན་ཙམ་བྱས་ནས་བསྐྱུར་བཞག གཞན་དུ། སློབ་མ་ཞིག་གིས་བོད་པ་ཞིག་ལ་རྒྱ་སྐད་བཤད་པའི་སྐད་ཡིག་ཕྱོགས་ལ་ཐེབས་པའི་ཤུགས་རྐྱེན་ངན་པ་དང་།བོད་ཀྱི་མྱི་ཆེན་ཞིག་གིས་བོད་ཀྱི་སློབ་མ་དག་ལ་རྒྱ་སྐད་བཤད་དེ་བོད་པ་རང་གི་ཆོས་དང་རིག་གནས་བསྒྲགས་པས།སྐད་ཡིག་ལ་ཐེབས་པའི་ངན་ཕྱོགས་ཀྱི་ཤུགས་ཆེན་དང་མཇུག་འབྲས་སོགས་ནི་འདྲ་མི་སྲིད་ལ།དེ་ཕྱོགས་ལ་ཞུ་རྒྱུ་ཡང་ཅུང་འདུག་མོད། སྐབས་སུ་ཚིག་ཚོགས་བསྐྱུངས་ཏེ་མཇུག་བསྡུས་པ་ཡིན།ཨ་ལགས་དོར་ཞི་སོགས་ལ་བོད་སྐད་ཅིག་བཤད་དུ་འཇུག་རོགས། ཁ་དྲོ།

༢༠༡༨  ༡༠  ༢༦ལ་ཤར་མར་སྦྱར།

དཔྱད་བརྫོད།

མིང་།

ཡིག་ཟམ།