བུ་མོ་ཞིག་ལ་བྲིས་པའི་འཕྲིན།

380/545

C44290E1-5F6B-4A9B-BDE4-3B32FF71B466-5819-0000033

འཕྲིན།

རྨེའུ་བཟོད་པ།

ནང་སེམས་སྟོང་པར་གྱུར་པའི་མཚན་མོ་འདིར་ངས་ཁྱོད་ལ་འཕྲིན་པ་ཡང་ཡང་བཏང་ན་འདོད་བྱུང་། ཡིན་ཡང་། ཁྱོད་ཀྱིས་བདག་གི་ལུས་ངག་ཡིད་གསུམ་འདི་ག་ལ་ཚོར། དེ་ལྟ་ན་ཡང་། བདག་གིས་ས་སྲོད་ལྟ་བུའི་འཕྲིན་པ་ཞིག་འབྲི་ན་འདོད། རེད་དེ།ཉི་ནུབ་དང་མཚམས་སྤྲིན་ལ་འཁྲེང་བའི་ཁོ་བོ་ནི། ནམ་ཞར། རྨི་ལམ་ཞིག་ལ་རེ་ནས་བསྡད་ཡོད།རྨི་ལམ་དེ་ནི་ཁྱོད་ཀྱི་བཅོས་མ་མིན་པའི་འཛུམ་མདངས་ལ་འབྲེལ་བ་ཡོད་པ་ཞིག་ཡིན་སྨོས་མ་དགོས་པས།ཡིད་ཀྱི་གཏིང་ལ་ཟུག་པའི་ཁྱོད་ཀྱིས་བདག་གི་སེམས་འགྱུ་དེ་ཚོར་བྱུང་ངམ།

ཟླ་འོད་དང་སྐར་ཚོགས་དབེན་པའི་མཚན་མོ་འདིར་ང་ལ་ཁེར་ལབ་བྱེད་ས་ང་རང་ཉིད་ལས་མེད་ནའང་། དགུན་གཞུང་འདིར་ནང་ཁོག་དྲོད་ཀྱིས་གཏམས་པའི་མི་ཞིག་སྟེ་ཁྱེད་རང་ཡོད་པར་རེ་ཞིང་བསྒུགས་ཡོད། ང་ཡི་སེམས་ནི་དབྱར་གྱི་གནམ་གཤིས་ལྟར་དྲོ་ཞིང་འཇམ་ནའང་། ཁྱེད་རང་དྲན་ཚེ་ཡིད་ཀྱི་ནམ་མཁའ་འཁྲིགས་འགྲོ ངག་གི་རྩ་རྒྱུ་འགག་འགྲོ ལུས་ཀྱི་དབང་འདར་ཡོང་། དེ་ནི་ང་རང་ཁྱེད་ལ་དུངས་དྲགས་པས་ལོས་ཡིན།

ངས་ནི་འུ་གཉིས་བར་ལ་མ་འོངས་པ་ཟེར་བའི་ཐ་སྙད་ཅིག་ཡོད་པར་ད་བར་དུ་རེ་ནས་བསྡད་པ་ཡིན། ཡིན་ཡང་། རེ་སྒུག་དེས་ཁོ་བོར་གནང་པ་ནི་དགུན་གྱི་གྲང་རླུང་ལྟ་བུའི་དངོས་ཡོད་འདི་ལས་མ་འདས། དེ་ལྟར་ན་ཡང་།སེམས་ཀྱི་ཟབ་སར་གནས་པའི་སྐད་ཆ་དག་རེ་རེ་བཞིན་བསྙད་ན་འདོད་པས། ངས་རང་གི་སྐྱོ་ངལ་མཐའ་དག་ཁ་བའི་ཀློང་དུ་བསྐུར་ནས་སེམས་ངལ་ཐེངས་གཅིག་གསོས། དེ་ནི་རང་གིས་རང་ལ་ཁྱོད་རང་དགའ་ས་དེ་འཆུག་མི་འདུག་ཅེས་སྐུལ་མ་ཐེངས་གཅིག་བྱས་པའང་ཡིན།

ངས་དབྱངས་གསལ་གྱི་མགོ་རྐང་བསྒྲིགས་ནས་ཁྱེད་ལ་རེ་སྒུག་གི་འོ་དོད་མང་དུ་བྱས། རྨི་ལམ་གྱི་སྒོ་མོ་མ་གཏན་ཚེ་ངས་ཡིད་ཀྱི་མཛེས་པ་དང་འོ་དོད་མཐའ་དག་དབྱངས་གསལ་ལ་རེ་ནས་བསྐུར་བར་བྱ་ངེས།ཁྱེད་རང་ལ་སུན་པོ་མི་བཟོ་བར་མཁྱེན། ཉིན་ཞག་གྲངས་མེད་ཅིག་འདས་དུས་ད་གཟོད་ཁྱེད་ཀྱིས་བདག་གི་དོན་ལྔ་སྣོད་དྲུག་ཤེས་ངེས། ང་རང་ཡིད་དུ་མི་འོང་པ་ཞིག་ཡིན་པ་ཤེས་མོད། བདག་གི་ནང་སེམས་དང་འཕྲིན་པ་འདི་དག་ནི་འོད་ཀྱིས་བྱུགས་ཡོད། ཤིན་ཏུ་དྭངས། ཧ་ཅང་གཙང་། སྙིང་ལ་ཟུག་པའི་མི་ཀྱེ།

2018/10/14

དཔྱད་བརྫོད།

མིང་།

ཡིག་ཟམ།