སྤུས་ཚད་སློབ་གསོ་ལས་འཕྲོས་པའི་ལྟ་ཚུལ་ཁབ་སྐུད་མ།

323/545

ཀོར་ཅི་ཡིས“དཔེ་དེབ་ལེགས་པོ་ཞིག་ཀློག་པ་ནི་སྐྱེས་མཆོག་ཅིག་དང་ཁ་བརྡ་བྱེད་པ་དང་མཚུངས”ཟེར་བ་བཞིན།  གཞོན་ནུ་སོ་དཀར་ཅན་རྣམས་མདུན་དུ་ཁྲིད་བཞིན་པའི་དགེ་རྒན་ཞིག་ན་མཚོན་ན།  ནམ་ཞར་དཔེ་ཀློག་བྱ་རྒྱུ་ནི་གནད་ཀྱི་དམ་པ་རུ་འདོད།  གང་ལགས་ཤེ་ན།  དགེ་རྒན་གྱི་འགྲོ་འདུག་སྤྱོད་གསུམ་དང་སྐད་ཆ་སོགས་ཚད་ངེས་ཅན་ཞིག་ནས་སློབ་མར་ཤུགས་རྐྱེན་ཐེབས་པ་དང་བག་ཆགས་འཇོག་པར་ལྟ་ཅི།  ཁོ་བོ་ཡང་ཀ་ཁའི་སྦྱོར་ཀློག་བློ་རུ་འཛིན་འགོ་ཚུགས་པ་ནས་བཟུང་། ནམ་ནམ་ཞར་ཞར་མཐའ་འཁོར་གྱི་དཔེ་ཆ་བ་ཚོས་དཔེ་ཀློག་བྱེད་ཀྱིན་ཡོད་མེད་ལ་ཉམས་འཇོག་ནན་མོ་བྱས་པར་གོམས་ཡོད།

བརྡ་འཕྲིན་སྤྲིན་ནག་འཁྲིག་འཁྲིག་དང་།  འགྲན་རྩོད་གློག་དམར་འཁྱུག་འཁྱུག་གི་དུས་རབས་ཉེར་གཅིག་པ་འདིར་སྐུ་ཞབས་རང་གྲོལ་ལགས་ཀྱིས“དུས་དང་མཐུན་པའི་སྲོག་གི་དབང་བོ་མ་ཞུགས་ན། ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་སྲིད་ལ། སྔོན་ཐོན་གྱི་སྙིང་ཁྲག་རྒྱུ་མི་ཐུབ་ཅིང་།  མདུན་སྐྱོད་ཀྱི་གོམ་པ་ནི་དེ་བས་ཀྱང་ངོ”ཟེར་བ་བཞིན།  སློབ་གྲྭའི་དགེ་སློབ་ཀུན་པོས་ཀྱང་རང་སློབ་གྲྭའི་གདམ་ཚིག་མིག་ལྟར་སྲུང་ནས།  དུས་དང་མཐུན་པའི་སྲོག་གི་དབང་བོ་ཞུགས་སུ་འཇུག་རྒྱུ་ནི་ཧ་ཅང་འགངས་ཆེའོ།།

སློབ་གསོ་བྱ་བའི་གནད་ས་ནི་མི་ཡིན་སྟབས།   མི་གཙོ་བོར་དམིགས་ནས་སློབ་གསོ་གཏོང་དགོས་པ་དང་།  སློབ་གསོ་ནི་སློབ་མའི་དོན་དངོས་དང་ཁ་མི་འབྲལ་བར་གཏོང་བ་ནི་ཁོ་བོའི་ལྟ་ཚུལ་གཙོ་བོ་ཡིན།  སློབ་གསོ་ནི་མཐར་གཏུགས་ན།   སློབ་མ་རྣམས་ཀྱི་བལྟ་རྒྱ་དང་མཐོང་རྒྱ་སྐྱེད་པ་དང་།   རིག་པའི་སྒོ་འབྱེད་པ།  རྒྱུད་ལ་ཤེས་ཡོན་སྤེལ་བ།   ཡ་རབས་ཀྱི་ལས་ལ་བསྐུལ་ཏེ།   ཡང་དག་པའི་མི་ཚེ་དང་འཇིག་རྟེན་གྱི་ལྟ་ཚུལ་སྐྱེད་སྲིང་བྱེད་པ་ལས་ཨ་མཚར་ཅན་གྱི་གནས་ཤིག་རྦད་དེ་མིན།

སློབ་གྲྭ་ཞིག་ལ་མཚོན་ནའང་། སློབ་གསོ་ནི་སློབ་མའི་ལྷན་སྐྱེས་ཀྱི་རང་ནུས་དེ་སྔོག་འདོན་བྱེད་པ་ནི་གནད་གཙོ་བོ་འཇོག་དགོས་པ་ལས།   སྐར་མ་དམར་པོ་ཁོ་ན་ལ་བརྟེན་ནས་ཚད་འཇལ་བའི་ཁ་ལག་ཡ་བྲལ་གྱི་ལས་དེ་འདྲ་ཞིག་གཏན་ནས་མ་རེད་སེམས།

སློབ་གྲྭ་ཞིག་གི་སློབ་གསོའི་སྤུས་ཚད་དང་སློབ་མའི་སྤུས་ཀ   སྤྱིའི་ཁོར་ཡུག་སོགས་ནི་སློབ་གྲྭ་དེ་གའི་དགེ་རྒན་གྱི་འཇོན་སྤུས་ལ་རག་ལས་ཏེ།  དགེ་རྒན་ཞིག་གི་འཇོན་སྤུས་ནི་དགེ་རྒན་དེའི་དཔེ་ཀློག་མང་ཉུང་དང་སློབ་གསོའི་ཉམས་མྱོང་ལ་རག་ལས་ཟེར་ནའང་མི་ཆོག་རྒྱུ་མེད་སྙམ།  ཡ་ཧུ་དཱ་པའི་མི་རིགས་ལ་ཆ་མཚོན་ན།  ཆ་སྙོམས་ཀྱིས་མི་རེས་ལོ་རེར་དཔེ་དེབ་རེ་ལྔ་ཀློག་གིན་ཡོད་པར་བཤད།  དེའི་ཕྱིར།  དེང་སང་འཛམ་བུ་གླིང་ན་ཚན་རིག་གི་བདག་པོ་དང་། དཔལ་འབྱོར་གྱི་བདག་པོ་སོགས་བརྒྱ་ཆ་དྲུག་ཅུ་ཡས་མས་ཡ་ཧུ་དཱ་པས་བཟུང་ཡོད་པ་རེད།  དེའང་ཁོ་ཚོའི་སློབ་གསོའི་སྤུས་ཚད་དང་དཔེ་ཀློག་ལ་རག་ལས་ཡོད་སྐད།

“བསམ་བློ་ཀུན་སྤྱོད་ཀྱི་སྐད་རིགས་དང་བློ་རིག་གི་ཁྱད་ཆོས་མཚོན་པའི་རིག་གནས་སོགས་མི་རིགས་རང་མཚོན་པའི་ཁྱད་ཆོས་གཙོ་བོ་ཡིན་ནོ།།  གལ་ཏེ་ཁྱད་ཆོས་དེ་ཚོ་ཉམས་སོང་ན་མི་རིགས་ཀྱང་ཉམས་པའི་རྟགས་ཡིན་ལ།  ཁྱད་ཆོས་དེའང་མིང་ཙམ་དུ་གྱུར།”ཞེས་གསུངས་པ་ལྟར།    རང་རིགས་ཀྱི་བོད་སྐད་ཡིག་ཁྲིད་བཞིན་པའི་དགེ་རྒན་རྣམས་ལ་མཚོན་ན་གསུང་དུས་ཐོག་ཆར་བ་འདི་ལྟ་བུ་སྣང་མེད་དུ་འཇོག་རུང་ངམ།  གྲངས་ཉུང་མི་རིགས་ཞིག་ལ་མཚོན་ན།  མི་རིགས་རང་གི་སྐད་དང་ཡི་གེ་གཙོ་བོར་བཟུང་སྟེ་སློབ་སྦྱོང་བྱེད་པ་ནི་རང་ཉིད་ཡར་རྒྱས་གཏོང་བའི་གནད་ཀྱི་མཆོག་ཅི་ལ་མིན།  ཞོར་དུ་མི་རིགས་སོ་སོའི་སྐད་ཡིག་ངེས་པར་དུ་སྦྱང་དགོས་པ་དང་བྱང་དུ་བཅུག་དགོས།  དེ་ལྟར་བྱས་ན།  དྲན་པའི་ཁུག་སོར་ཉར་ཡོད་པའི་མཐོང་ཐོས་དེ་དག་ཀྱང་མག་མོག་དང་རབ་རིབ་ཏུ་མི་འགྱུར་རོ།།

མི་རིགས་ས་ཁུལ་གྱི་སློབ་གྲྭ་ཞིག་ལ་མཚོན་ན།  སྤུས་ཚད་སློབ་གསོའི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཟབ་མོ་ཞིག་བྱས་ཏེ།  ནམ་ཞར་དེའི་ཕྱོགས་ལ་འབད་པ་དང་སློབ་སྦྱོང་།  ལག་བསྟར་བྱས་ནས།  སློབ་གྲྭ་དེ་གའི་སློབ་གསོའི་མ་ལག་དང་ཚན་རིག་གི་མ་ལག་ལ་ཞིབ་འཇུག་བྱས་ནས།  སློབ་གྲྭའི་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་།  དགེ་རྒན་ཚོས་ཀྱང་དཔེ་ཀློག་ལ་བརྟེན་ནས་རང་ཉིད་ཀྱི་བྱང་ཚད་དང་འཇོན་སྤུས་ཇེ་ལེགས་སུ་གཏོང་དགོས་སོ།།

དགེ་རྒན་ཆེན་མོ་དཔལ་ལྡན་ཉི་མས“སློབ་གསོ་ནི་ལག་ཆ་དང་ཁེ་ཕན་ཅན་ཞིག་མིན་པར།   སློབ་གསོས་མི་ཁེ་འདོད་གྲགས་འདོད་དང་བློ་ཁོག་དོག་མོ།  མི་གཤིས་ཀུན་སྤྱོད་ཀྱི་ཚད་གཞིར་འཛེམ་དོགས་མེད་པ་ཞིག་སྐྱེད་སྲིང་བྱེད་པ་མ་ཡིན་པར།  སློབ་གསོ་ནི་མིའི་ཚེ་སྲོག་གི་དོན་དམ་རྙེད་པའི་བརྒྱུད་རིམ་ཞིག་དང་།  མི་གཤིས་དང་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་པའི་བརྒྱུད་རིམ་ཞིག་སྟེ།  མིའི་རིགས་ཀྱི་སྤྱི་ཚོགས་ལ་འདོད་ཆུང་ཆོག་ཤེས་དང་བརྩེ་བ་ཆེན་པོ།  ཁོག་ཡངས་གཞུང་དྲང་།  ཚེ་སྲོག་འདྲ་མཉམ་འཛིན་པའི་མི་གཤིས་དམ་པ་སྐྱེད་སྲིང་བྱ་རྒྱུ་ནི་མིའི་རིགས་ཀྱི་སློབ་གསོའམ་བོད་ཀྱི་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ཡང་དེ་ཁོ་ནའོ།།”ཞེས་གསུངས་པ་ལྟར།   གྲངས་ཉུང་མི་རིགས་ཀྱི་སློབ་གྲྭར་མཚོན་ནའང་མཐར་ཐུག་གི་ལོག་མལ་དང་དམིགས་ཡུལ་ཡང་དེ་ལས་མ་འདས།

སློབ་གྲྭ་ཞིག་གི་སློབ་གསོ་ཡང་དམིགས་ཡུལ་ངེས་ཅན་ཞིག་གི་དགོས་མཁོ་དང་མཐུན་པར་སློབ་གསོ་བྱ་ཡུལ་གྱི་སློབ་མ་རྣམས་ཀྱི་ཀུན་སྤྱོད་དང་།  ཤེས་རིག་བཅས་ཀྱི་ཐད་ཡར་རྒྱས་འགྲོ་ཐུབ་ངེས་ཀྱི་འཆར་གཞི་ཡོད་པའི་འགུལ་སྐྱོད་ཅིག་དང་།  སྤྱི་ཚོགས་ངེས་ཅན་ཞིག་གི་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་ཀྱིས་ཁ་ལོ་སྒྱུར་གྱི་ཡོད་པ་མ་ཟད།  སྤྱི་ཚོགས་དེའི་ཐོན་སྐྱེད་ནུས་ཤུགས་དང་།  ཐོན་སྐྱེད་གོང་དུ་འཕེལ་བར་སྐུལ་འདེད་བྱེད་ཀྱི་ཡོད་ཅེས་པ་དང་།   སློབ་གསོ་བྱ་ཡུལ་གྱི་སློབ་མ་ཡོད་དོ་ཅོག་གི་ཀུན་སྤྱོད་ལེགས་པ་དང་ཤེས་ཡོན་ལྡན་པ་ཞིག་ཡོང་བའི་སློབ་གསོ་བྱ་དགོས་ན།   སློབ་གསོའི་བྱ་ཐབས་ལ་མཁས་པའི་དགེ་རྒན་དགོས་ཤིང་།  དགེ་རྒན་དེ་ཡང་དཔེ་ཐོག་ཏུ་འཁོད་པའི་ཚིག་དོན་རྣམས་སློབ་མར་འཆད་ཤེས་པ་ཙམ་གྱིས་མི་འགྲིག་པར་སློབ་གསོ་རིག་པའི་གཞུང་ལུགས་ཆ་ཚང་ཞིང་གོ་རིམ་ཡོད་པ་ཞིག་གིས་མཛུབ་སྟོན་དགོས་པ་གལ་འགངས་ཤིན་ཏུ་ཆེའོ།།

2018.10.5 རང་ཤག་ནས་སྦྱར།

 

འབའ་རབ་གསལ་ནས།