གཞི་རིམ་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་རྨེག་མེད་དུ་བཅོམ་པའི་ཉེས་སྐྱོན་དང་དེའི་ཐར་ལམ་གླེང་བ།

322/545
 

ནང་དོན་གནད་བསྡུས།    སྤྲོ་སྣང་ནི་བྱ་བ་ཡོད་ཚད་ལེགས་པར་འགྲུབ་པའི་ཆེས་ཐོག་མའི་ཆ་རྐྱེན་དེ་ཡིན་པས་ན། སྤྲོ་སྣང་མེད་ན་དོན་དག་ཡོད་དོ་ཅོག་གི་འབྱུང་ཁུངས་དང་གྲུབ་ཚུལ། འཕེལ་རིམ། མཇུག་འབྲས་སོགས་ལ་དོན་ཆོད་པའི་ཟབ་འཇུག་བྱེད་མི་བཏུབ་ཅིང་། དོན་ཐོན་པའི་གྲུབ་འབྲས་ཡོད་མི་སྲིད། ལྡོག་སྟེ། སྤྲོ་སྣང་མེད་པས་མི་སྒེར་ལ་དགའ་ཕྱོགས་དང་ཡར་བརྩོན་མེད་ཅིང་སྤྱི་པར་འཕེལ་རྒྱས་དང་མདུན་ལམ་མེད། དེའི་ཕྱིར། ཕྱོགས་གང་ནས་གྲུབ་འབྲས་གང་ཞིག་ལོན་པར་འབད་དགོས་ན། ཐོག་མར་དོན་དེར་གེགས་མེད་དུ་འཇུག་པའི་སྤྲོ་སྣང་སློང་དགོས་སོ།།

གནད་ཚིག     སྤྲོ་སྣང་སློབ་གསོ།     གཞི་རིམ་སློབ་གསོ།     རང་བདག་སློབ་སྦྱོང་།     སློབ་མ།     དགེ་རྒན།

 

གླེང་གཞི།

གཞི་རིམ་སློབ་གསོ་ནི་བོད་ཀྱི་སློབ་གསོའི་འཕེལ་རྒུད་ཐེར་དུ་མངོན་སའི་རྒྱུ་རྐྱེན་གཙོ་བོ་དང་། གཞི་རིམ་ཡུལ་གྱི་བྱིས་པ་ཚོའི་མདུན་ལམ་ལ་དར་ཐག་གམ་ལྕགས་དྲྭ་འཐེན་སའི་ས་ཚུགས་དང་པོ་དེ་ཡིན། གྲོང་ཁྱེར་གྱི་སློབ་གསོ་དང་བསྡུར་ན། གཞི་རིམ་ཡུལ་གྱི་སློབ་གསོའི་སློབ་སྦྱོང་ཡོ་ཆས་ལ་མེད་ཆག་རྙིང་རལ་གྱིས་གང་ཡོད་ལ། དགེ་རྒན་ཚོར་ཆེད་ལས་ཀྱི་ཤེས་བྱ་དཀོན། སློབ་ཁྲིད་ཀྱི་བྱེད་ཐབས་དཀོན། གཞན་སེམས་ཀྱི་འདུ་ཤེས་དཀོན། ཁྲིད་སྒྲིག་ལ་སྔོན་སྦྱོང་དཀོན་པ་སོགས་ཀྱིས་ཁྱབ་ཡོད། ད་དུང་ཉེ་འཁོར་གྱི་ཁྱིམ་བདག་ཚོར་འཕྲོད་བསྟེན་གྱི་རྒྱུན་ཤེས་ཉུང་། དུས་རབས་ཀྱི་འོས་འགན་ཆུང་། སྔོན་འགོག་གི་གྲ་སྒྲིག་སྲབ་པ་སོགས་ཀྱི་རྐྱེན་གྱིས་སློབ་གསོ་ལ་ཕྱོགས་སྣེ་སོ་སོ་ནས་དཀའ་ངལ་མི་འདྲ་བ་མང་པོ་གཏད་ཡོད།

ཡིན་ནའང་། དཀའ་ངལ་མེད་ན་སློབ་གསོ་ལ་སྙིང་བོ་མེད། སློབ་གསོ་ལ་དཀའ་ངལ་བསལ་བའི་ཐབས་ཤེས་དང་འགན་འཁྲི་ཡོད། དེའི་རྐྱེན་གྱིས་ང་རང་གཞི་རིམ་ནས་ལོ་མང་པོར་བསྡད་པའི་གོ་ཐོས་མྱོང་གསུམ་དོ་གཅིག་ཏུ་དྲིལ་ནས་གཞི་རིམ་སློབ་གསོའི་སྐོར་ནས་རྒྱུན་འབྱམས་ཀྱི་ནད་ངན་ལ་གྱུར་པའི་གནས་འགའ་ནན་ཏན་གྱིས་ཉུང་ཙམ་གླེང་བར་འབད་རྒྱུ་ཡིན།

དང་པོ། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་རྨེག་མེད་དུ་བཅོམ་པའི་ཉེས་སྐྱོན་གླེང་བ།

 

གཅིག སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་མེད་པར་སོང་བའི་རྒྱུ་མཚན།

དེ་ཡང་ལུས་མ་ཐོན་པས་རང་འགུལ་མེད་པ་དང་སེམས་མ་ཐོན་པས་དགའ་སྣང་མེད་པ། ཐབས་མ་ཐོན་པས་སློབ་སྦྱོང་བྱེད་སྟངས་ནོར་བ། གྲོགས་མ་ཐོན་པས་ཤ་ཚ་སྙིང་ཉེ་མེད་པ་ཞེས་བཤད་པ་ལྟར། སློབ་སྦྱོང་ལ་སྤྲོ་སྣང་མེད་པར་སློབ་སྦྱོང་མི་བྱེད་པ་ནི་སློབ་མ་རྐྱང་བ་ཙམ་གྱི་ནོར་འཁྲུལ་ལ་གཏན་ནས་འགེལ་མི་རུང་། ང་ཚོས་རྒྱུན་དུ་རང་ཉིད་ཀྱི་ཁྲིད་ཐབས་ལ་ཕྱིར་རྟོག་མི་བྱེད་ཅིང་དུས་གཏན་དུ་བདེན་པར་བཟུང་ནས་ནག་ཉེས་གཙོ་བོ་སློབ་མ་ཚོའི་སྟེང་དུ་འཕེན། དེས་ན། འདི་འདྲའི་ཨུ་ཚུགས་ཆེ་བའི་དགེ་རྒན་གྱི་ཟུར་ནས་སློབ་མས་རང་གི་མི་ཚེར་ཕན་པའི་ཡོན་ཏན་ག་ཚོད་ཅིག་སྦྱོང་འདོད་ཅིང་ཤེས་ཐུབ།

དེའི་ཕྱིར། སློབ་མར་སློབ་སྦྱོང་གི་སྤྲོ་སྣང་མེད་པའི་རྒྱུ་མཚན་ནི། གཅིག་ན་དགེ་རྒན་གྱི་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སློང་མ་ཐུབ་པས་ཡིན་ལ། གཉིས་ན་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་དགེ་རྒན་གྱི་རང་མཐོང་དང་ང་རྒྱལ་ལ་བརྟེན་ནས་མེད་པར་བརླག་པས་ཡིན།

 

གཉིས། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་རྨེག་མེད་དུ་བཅོམ་པའི་ཉེས་སྐྱོན་དང་དེས་བསྐྱེད་པའི་ངན་འབྲས།

སྤྲོ་སྣང་ནི་རང་ཉིད་ཀྱི་བྱ་འགུལ་ཞིག་ཡིན་ཞེས་བཤད་པ་བཞིན། སློབ་མར་མཚོན་ན། སློབ་སྦྱོང་ལ་སྤྲོ་སྣང་འཁོར་བ་ནི་ཕྱོགས་ཡོངས་ནས་རང་ཉིད་ཀྱི་བྱ་འགུལ་དེ་ལེགས་འགྲུབ་ཏུ་ཕྱིན་པར་ཆེས་ཐོག་མའི་གོམ་པ་སྔུན་དུ་སྤོས་པ་དང་འདྲ། འོན་ཀྱང་། ང་ཚོའི་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་དེ་དཔེ་དེབ་ཀྱི་ཁ་མ་འབྱེད་པའི་སྔོན་དང་། དགེ་རྒན་གྱིས་སློབ་ཁྲིད་མ་བྱས་པའི་སྔོན་ནས་མེད་པར་སོང་ཟིན། དེའི་ཕྱིར། སྤྲོ་སྣང་མེད་པའི་སློབ་སྦྱོང་ནི་བཙན་སྐུལ་དང་དམོད་པ། གཅར་རྡུང་། སྒྲིག་ལམ་སོགས་ལ་བརྟེན་ནས་རྒྱུན་སྐྱོང་དུ་འཇུག་དགོས་པས། དེས་བསྐྱེད་པའི་ངན་འབྲས་ནི། སློབ་མ་སློབ་སྦྱོང་ལ་ཞེན་ཁ་ལོག་ཅིང་དཔེ་དེབ་དང་དགེ་རྒན་མཐོང་བ་ཙམ་གྱིས་སེམས་ལ་ཞེད་སྣང་ཐོན་པས། རྒྱུན་པར་མཁྲེགས་འཛིན་ཆེ་བ་དང་ཁུ་སིམ་སྒྲིག་སྲུང་ཅན། ཡང་ན་བསམ་གཞིག་དོར་ཞིང་འགྱུར་ལྡོག་མེད་པ་དང་དཔའ་ཞུམ་ཕྱིར་བཀྱེད་ཅན། ཡང་མིན་ན་རྨོངས་འཐོམ་དང་བློང་བློང་པོར་གོམས་ཏེ་ལྷོད་གཡེང་དུ་སྡོད་པར་སྤྲོ་བ་ཅན་ཞིག་ཏུ་འགྱུར་བའམ། སློབ་གྲོགས་བར་ལ་འཁོན་རེས་དང་དགེ་རྒན་ལ་ངོ་རྒོལ་བྱེད་མཁན། སློབ་སྦྱོང་ལ་སུན་སྣང་སྐྱེས་མཁན་སོགས་བསྟན་བཤིག་ཚ་བའི་མི་ཞིག་ཏུ་འགྱུར་ངེས།

དེའི་ཕྱིར། མི་ཞིག་གི་མི་ཚེའི་ནང་སློབ་སྦྱོང་གི་སྐལ་བ་ཡག་ཤོས་ནི་སློབ་མའི་དུས་སུ་ཡིན། དུས་སྐབས་དེར་མིའི་རིགས་ཀྱི་དམིགས་ཡུལ་མང་བ་དང་། དགེ་རྒན་གྱི་སེམས་ཁུར་བྱེད་དགོས་སའང་དེ་ལྟར་མ་མང་ན། སློབ་མའི་རྒྱུད་ཀྱི་གསེར་ལས་མཆོག་པའི་ཤེས་རབ་མང་པོ་ཆུད་ཟོས་སུ་འགྲོ་ལ། ངང་རྒྱུད་རིང་པོས་སློབ་མའི་གཏིང་དུ་བསྙལ་བའི་ཤེས་བྱའི་གནས་སྒོ་མ་ཕྱེས་ན། དུས་དེ་ནས་བཟུང་སྟེ། མ་འོངས་པར་ཕུལ་དུ་བྱུང་བའི་དགེ་རྒན་དང་རྩོམ་པ་པོ། སྒྱུ་རྩལ་བ། འགོ་ཁྲིད། ཚན་རིག་པ། སློབ་གསོ་བ། བསམ་བློ་བ་སོགས་ལ་འགྱུར་ཆོག་པའི་འཇོན་མི་མང་པོ་ཞིག་ལོག་ལམ་དུ་སོང་སྟེ། མ་འོངས་པའི་སྤྱི་ཚོགས་ནང་ནས་ཁོ་ཚོར་བརྩོན་ལེན་མེད་མཁན་དང་། དགའ་ཕྱོགས་མེད་མཁན། སྤྱི་སེམས་མེད་མཁན་དག་ཏུ་ཅིས་ཀྱང་འགྱུར་སྲིད།

གཉིས་པ། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་རྨེག་མེད་དུ་བཅོམ་པའི་ཉེས་སྐྱོན་སེལ་བའི་ཐར་ལམ་གླེང་བ།

 

གཅིག སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སློང་དགོས་པའི་རྒྱུ་མཚན།  

  བོད་ཀྱི་ཁ་དཔེ་ལ། གང་ལ་དགའ་ན་གང་ལ་མཁས་ཟེར་སྲོལ་ཡོད་པ་ལྟར། གནས་གང་ལ་མཁས་དགོས་ན་ཐོག་མར་གནས་དེ་ལ་དགའ་དགོས། ང་ཚོའི་སློབ་མའི་ཁྲོད་དུ་འགའ་རེ་གླུ་ལེན་པར་སྤྲོ་ཞིང་གླུ་ལེན་པར་མཁས། ཡང་འགའ་རེ་སྤོ་ལོ་རྩེ་བར་དགའ་ཞིང་སྤོ་ལོ་རྩེ་བར་མཁས། དེ་མིན་འགའ་རེ་བྲོ་འཁྲབ་པར་དགའ་ཞིང་བྲོ་འཁྲབ་པར་མཁས། སློབ་མ་འདི་ཚོར་ང་ཚོས་སློབ་སྦྱོང་བྱེད་པར་བསྐུལ་དགོས་ཀྱང་། རྩེད་མོ་འདི་དག་རྩེ་བར་ནམ་ཡང་བསྐུལ་མི་དགོས། ངས་འདི་ལྟར་བཤད་ན། མི་འགའ་རེར་རྩེད་མོ་རྩེ་བར་བསྐུལ་ག་ལ་དགོས་པའི་དགག་པ་ཡོད་སྲིད་ན་ཐང་མོད། དེས་ན་ངས་ཁྱོད་ལ་འདྲི། རྩེད་མོ་རྩེ་དུས་ཁོ་ཚོར་ཅིའི་ཕྱིར་བསྐུལ་མི་དགོས། ཁྱོད་ཚོས་དྲི་བ་འདིར་དེ་ནི་ཁོ་ཚོའི་དགའ་ཕྱོགས་ཡིན་པས་རེད་ཅེས་ལན་གདབ་ངེས། དངོས་གནས་རེད། གལ་ཏེ་ཁོ་ཚོ་རྩེད་མོར་དགའ་བ་ནང་བཞིན་སློབ་སྦྱོང་ལ་དགའ་ཚེ། དགེ་རྒན་ཚོས་ནམ་རྒྱུན་དབྱུག་པ་དང་ཁུ་ཚུར་ཐོགས་ཏེ་སློབ་མར་གཅར་རྡུང་བྱེད་མི་དགོས་ཤིང་། སློབ་མ་ཚོས་དགེ་རྒན་མཐོང་ན་ལུག་ཁྱུས་སྤྱང་ཀི་མཐོང་བ་ནང་བཞིན། ལུས་སེམས་ཧྲིལ་བོ་རྡུང་རྡེག་དང་བཀའ་བཀྱོན་ལ་སྣེ་ལེན་བྱེད་པའི་འཇིགས་སྐྲག་གི་གྲ་སྒྲིག་ཁྲོད་ནས་སློབ་པའི་དུས་ཚོད་སྐྱེལ་མི་དགོས།

 

གཉིས། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་ཇི་ལྟར་སློང་དགོས་ཚུལ།

སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སློང་བ་ནི་ལོ་རྒྱུས་ཀྱིས་བདེན་དཔང་ཐོབ་ཅིང་དངོས་ཡོད་ཀྱིས་ར་སྤྲོད་ནུས་པའི་སློབ་གསོའི་ཐབས་ལམ་ལེགས་ཤོས་ཤིག་ཡིན། བློ་མེད་ན་དབུལ་བོ་ཤིག་གིས་གསད་པ་དང་། བློ་ཡོད་ན་ཟླ་བའི་ཐོག་ཏུའང་སྤྱོད་པར་ནུས་པའི་དུས་རབས་ཉེར་གཅིག་གི་ཁུག་སོ་འདིར།ང་ཚོས་གླེན་ཚུགས་ཆེན་པོས་ཁྲིད་ཐབས་འགའ་རེ་ད་ལྟའི་ཚན་རིག་རང་བཞིན་གྱི་དུས་སྐབས་དང་མཐུན་ཐབས་མེད་ནའང་། དེ་ཚོ་འདོར་མི་ཆོག་པའི་སྲོལ་རྒྱུན་རེད་བཤད་ན་ཅིས་ཀྱང་ཁྲོན་པའི་ནང་གི་སྦལ་བ་དང་གཅིག་མཚུངས་སུ་བུད་འགྲོ དེའི་ཕྱིར། ཚན་རིག་རང་བཞིན་གྱི་དགོངས་པ་དང་མཐུན་ཞིང་སློབ་མའི་སྒེར་གྱི་ལྐོག་ཏུ་སིམ་པའི་ནུས་པ་བསྐྱེད་བསྲིང་ཡོང་བའི་ཆེད་དུ་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སློང་བའི་ཐར་ལམ་འགའ་གླེང་བར་བྱ།

 རང་བྱུང་ཁམས་ཀྱི་ཟིལ་ཤུགས་དང་མཛེས་སྡུག་ལ་བརྟེན་ནས་སྤྲོ་སྣང་སློང་བ། མི་རེ་རེར་མཚོན་ན། ཆེས་རླབས་ཆེ་བའི་དགེ་རྒན་ནི་རང་བྱུང་ཁམས་ཡིན་ཞེས་པའི་སྐད་ཆ་འདི་ཤིན་ཏུ་བདེན། ང་ཚོའི་གཞི་རིམ་གྱི་དགེ་རྒན་མང་པོ་ཞིག་གིས་རང་བྱུང་ཁམས་ལ་བརྟེན་ནས་སློབ་མར་སློབ་གསོ་གཏོང་ཆོག་པ་རྩ་བ་ནས་དྲན་མི་སྲིད། འོན་ཀྱང་། ང་ཚོས་གོ་དགོས་པ་ནི། གཞི་རིམ་སློབ་གྲྭའི་ཆ་རྐྱེན་ཇི་ལྟར་རྡུགས་ཀྱང་། སློབ་མ་ནར་སོན་སའི་སྤྱི་ཚོགས་འདིས་ཁྱོད་རང་གཞི་རིམ་ནས་ནར་སོན་པ་རེད། ལས་ཀ་འདི་ཁྱོད་ལ་སྒྲུབ་ཏུ་འཇུག་ཅེས་པའི་སྙིང་རྗེ་དང་གནང་སྦྱིན་བྱེད་མི་སྲིད། དེས་ན། ང་ཚོས་ཆ་རྐྱེན་ཞན་པས་སློབ་མར་བསྐྱེད་པའི་གྱོང་ཁ་དེ་ངེས་པར་དུ་གསབ་ནུས་དགོས།

དེའི་ཕྱིར། ངས་ལན་རེར་སློབ་མ་རྣམས་རྩྭ་ཐང་དང་རི་ལུང་ལ་ཁྲིད་དེ། སློབ་ཆུང་གི་རང་བྱུང་ཁམས་དང་འབྲེལ་བའི་སློབ་ཚན་ལ་སློབ་ཁྲིད་བྱས་པ་ཡིན། སློབ་ཚན་ནང་གི་ཤེས་བྱ་དེ་དག་སློབ་མའི་མིག་ལམ་དུ་འགྲེམ་སྟོན་བྱེད་དུས། ཁོ་ཚོར་རང་ཤུགས་ཀྱིས་དྲི་བ་སྣ་ཚོགས་ལ་བསམ་གཞིག་དང་འཚོལ་ཞིབ། བརྟག་དཔྱད། མནོ་སེམས་གཏོང་བར་སྤྲོ། དེའི་རྐྱེན་གྱིས་ཁོ་ཚོའི་དགའ་སྤྲོས་མྱོས་པའི་སེམས་ཁམས་དེར་སློབ་ཁང་ནས་ཀློག་འདོན་དང་ཐ་སྙད་སྦྱོང་བ། ཁྲིད་ཐབས་སྣ་རྐྱང་གི་ནང་དོན་བཅས་ཀྱིས་སྦྱིན་པའི་སེམས་ཚོར་དེ་བསྡུར་ཐབས་མེད། སྔ་མ་ནི་མིག་མཐོང་ལག་ཟིན་གྱི་ཤེས་བྱ་དང་ལེན་དང་ཕྱི་མ་ནི་བྲོ་བ་མེད་ཅིང་སློབ་མའི་སྤྲོ་སྣང་སློང་མི་ཐུབ་པའི་སློབ་ཚན་བསླབས་པ་ཙམ་ཡིན།

ཁྱོད་ཀྱིས་སློབ་མ་ཚོ་རང་བྱུང་ཁམས་ཀྱི་གནས་གང་དུ་ཁྲིད་ཀྱང་། སློབ་མ་ཚོས་སྦྱོང་ཆོག་པའི་ཤེས་བྱ་གང་སར་མངོན་ཡོང་། རྩྭ་ཐང་ཐོག་ན་མདོག་དང་རིགས་མི་གཅིག་པའི་མེ་ཏོག་བཞད་ཅིང་དེ་ལ་ལྡིང་སྐོར་རྒྱག་པའི་སྦྲང་མ་དང་ཕྱེ་མ་ལེབ་ཡོད་པས་མི་ཚད། རི་ལུང་དག་ན་གཅེས་སུ་འོས་པའི་འབུ་སྲིན་དང་སྲོག་ཆགས་ཆུང་ཆུང་གང་སར་རྒྱུ་བ་མཐོང་ཐུབ། དེ་ཚོ་སློབ་དེབ་ནས་སྦྱོང་དུས། སློབ་མ་ཚོས་མིག་བཙུམས་ཤིང་རིག་པ་བསྒྲིམས་ནས་བློར་བཟུང་ན་ད་གཟོད་སེམས་ལ་གནས་སྐབས་སུ་ངེས་མོད། རང་བྱུང་ཁམས་ནས་ཁོ་ཚོས་བལྟས་པ་ཙམ་གྱིས་སེམས་ལ་ཡུན་རིང་དུ་ངེས་སྲིད།

རང་བྱུང་ཁམས་ནས་སློབ་སྦྱོང་བྱེད་པ་དང་རང་བྱུང་ཁམས་ལ་སློབ་སྦྱོང་བྱེད་པ། ཡང་ན་རང་བྱུང་ཁམས་ཀྱི་འགྱུར་ལྡོག་དང་འགུལ་བསྐྱོད་ལ་ཉམས་འཇོག་དང་རོལ་མྱོང་བྱེད་ཤེས་མཁན་གྱི་སློབ་མ་ཞིག་ཡིན་ཚེ། ཁོས་རིམ་བཞིན་རང་ཉིད་གུ་ཡངས་ཅན་དང་བསམ་བློ་གཏོང་བར་དགའ་མཁན། སློབ་གྲོགས་བར་ལ་རོགས་རམ་དང་བསམ་ཚུལ་འདོན་རེས་ལ་དགའ་བ་ཞིག་ཏུ་འགྱུར་གྱིན་པ་རྟོགས་འོང་།

  སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱས་པར་བརྟེན་ནས་སྤྲོ་སྣང་སློང་བ།ང་ཚོའི་སློབ་གསོའི་ཞབས་ཞུ་བྱ་ཡུལ་དེ་ངེས་པར་དུ་དངོས་ཡོད་འཚོ་བ་ཡིན་དགོས་པས་མི་ཚད། སློབ་མར་སྟེར་ཆོག་པའི་ཤེས་བྱ་དེ་ཡང་སློབ་དེབ་རྐྱང་བ་ཙམ་གྱི་ནང་ལས་མེད་པར་འདོན་མི་རུང་། ང་ཚོས་སྲོལ་རྒྱུན་ཏེ། བོད་ཀྱི་དམངས་ཁྲོད་ན་ཡོད་པའི་ཐགས་འཐག་དང་སྐུད་འཁེལ། རྨོ་འདེབས། གླུ་བྲོ་སོགས་ལག་ལེན་གྱིས་ད་གཟོད་ཤེས་ཐུབ་པའི་རིག་གནས་འདི་དག་སློབ་ཁྲིད་ཀྱི་ནང་ཚན་དུ་བསྡུ་འོས། སློབ་སྦྱོང་ནི་ཉམས་མྱོང་ལས་བྱུང་བ་དང་། ཉམས་མྱོང་དེ་དག་ནི་གཞན་གྱི་སྐད་ཆ་དང་སྤྱོད་ལམ། ད་རུང་འདས་ཟིན་པའི་དོན་དག་སོགས་ལས་སྦྱོང་བ་བྱེད་ཆོག་ཅེས་བཤད་པ་བཞིན།བྱེད་ཐབས་དེས་སློབ་མའི་རྒྱུད་ཀྱི་གསར་སྐྲུན་དང་སྤྲོ་སྣང་། ཉམས་འཇོག རེ་བཞག ལག་ལེན་སོགས་ཀྱི་བསམ་བློ་བསྐྱེད་བསྲིང་བྱེད། དེ་ལྟར་བྱས་པས་ཁོ་ཚོས་རང་ཉིད་ལ་ཡིད་རྟོན་དང་དགའ་མོས། འཚོ་བར་རེ་བ་དང་དགའ་བསུ་བྱེད་པར་ངེས།

སློབ་སྦྱོང་ནི་མ་འོངས་པའི་འཚོ་བར་གྲ་སྒྲིག་བྱས་པ་ཡིན་ན། སློབ་གྲྭ་ནི་མ་འོངས་པའི་འཚོ་བར་གྲ་སྒྲིག་བྱེད་ས་དེ་ཡིན། དེའི་ཕྱིར། སྐར་གྲངས་དང་སྒྲིག་ལམ་རྐྱང་བ་ཙམ་གྱིས་སློབ་མའི་སློབ་སྦྱོང་གི་མོས་པ་བསྐྱེད་མི་ཐུབ་ཅིང་། སྣ་རྐྱང་བའི་དཔེ་དེབ་ནང་གི་སྲ་མཁྲེགས་རང་བཞིན་གྱི་ཤེས་བྱ་ཙམ་གྱིས་བྱིས་པའི་མ་འོངས་ཀྱི་འཚོ་བར་སྣེ་ལེན་བྱེད་ཐབས་བྲལ། འགྱུར་ལྡོག་ཆེ་བའི་དུས་རབས་འདིའི་འཚོ་བར་གཞུག་དགོས་མཁན་ཞིག་ཡིན་ཚེ། སློབ་མའི་རང་འགུལ་གྱི་བསམ་བློ་དང་རང་བདག་གི་འདུ་ཤེས་བསླངས་ཏེ་ཁོ་ཚོ་རང་ཉིད་ལ་དེ་དག་སྣེ་ལེན་ཐུབ་པའི་ནུས་པ་སྤྲད་དགོས།

ཕྱིར་འཁོར་ནས་བཤད་ན། ནུས་པ་འདི་དག་ཅིས་ཀྱང་ལག་ལེན་དང་སློབ་སྦྱོང་ལ་བརྟེན་ནས་ཡོང་དགོས། དེའི་ཕྱིར། སྲོལ་རྒྱུན་ཁྲོད་ཀྱི་རིག་གནས་མང་པོ་ཞིག་ལ་སློབ་མའི་འདུ་ཤེས་འདི་དག་སླར་གསོ་བྱས་བའི་ནུས་པ་ཡོད་པས། ནུས་པ་འདི་དག་ལ་སློབ་སྦྱོང་བྱ་རྒྱུའི་འདུ་ཤེས་དང་འཆར་གཞི་དགེ་སློབ་ཚང་མར་འདྲ་མཉམ་གྱིས་ཡོད་དགོས།

མི་འགའ་རེས་ངས་འདིར་བརྗོད་ཀྱིན་པའི་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་བྱེད་པ་ནི་དགོས་མེད་ཀྱི་དོན་དག་ཅིག་ཡིན་པར་འདོད་སྲིད། རྒྱུ་མཚན་ནི་སླ་སྟེ། སློབ་མས་དེ་དག་སྦྱངས་བས་མ་འོངས་པར་བཀོལ་སྤྱོད་ཀྱི་རིན་ཐང་མེད་པར་སྙམ་གྱིན་ཡོད། ཡིན་ནའང་། ཁོས་ཚོས་འདོད་ཀྱིན་པའི་བཀོལ་རན་མེད་པ་ནི་དགེ་རྒན་དང་གཞུང་ཞབས་པའི་དགོས་དབང་ཙམ་ལ་བསྟུན་ནས་བརྗོད་ཀྱིན་ཡོད། ཐད་ཀར་བརྗོད་ན། བསམ་བློ་འདི་ནི་ཧ་ཅང་ནོར་འཁྲུལ་གྱི་བསམ་བློ་ཞིག་ཡིན་ཏེ། ད་ལྟའི་བོད་ཀྱི་མགོ་ལོག་ར་རྒྱ་ནས་བྱུང་བའི་སྤྲི་ཆུར་བཟོ་ལས་ལག་རྩལ་དང་དེ་མིན་གཞན་ནས་བྱུང་བའི་ཨོང་བའི་ལས་སྣོན་བཟོ་གྲྭ ད་རུང་དེ་དང་འདྲ་བའི་ལག་རྩལ་མང་པོ་ཉིན་རེ་བཞིན་དར་གྱིན་པ་དེས། ང་ཚོས་རང་གི་སྲོལ་རྒྱུན་རིག་གནས་ཡོད་ཚད་རྒྱབ་ཏུ་འདོར་བ་ནི་ནོར་འཁྲུལ་གྱི་བྱ་བ་ཞིག་ཡིན་པ་ར་སྤྲོད་བྱེད་ཀྱིན་ཡོད།

  དེང་རབས་ཁྲིད་ཆས་ཀྱི་འགྲེམ་སྟོན་ལས་བརྟེན་ནས་སྤྲོ་སྣང་སློང་བ།  དེང་རབས་ཁྲིད་ཆས་ཏེ། དཀར་པང་དང་རྩིས་འཕྲུལ་སོགས་བེད་སྤྱད་དེ་སློབ་ཁྲིད་བྱས་ན་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སློང་བར་ཕན་པ་ཆེ། ཡིན་ནའང་། བོད་ཀྱི་གཞི་རིམ་འགའ་རེར་ཁྲིད་ཆས་དེ་དག་ད་དུང་ཡང་ནང་འདྲེན་བྱས་མེད་ལ། ཡོད་ཀྱང་བཀོལ་སྤྱོད་བྱེད་མཁན་ཤིན་ཏུ་ཉུང་། འདི་ལའང་རྒྱུ་རྐྱེན་ཡོད་དེ། དགེ་རྒན་འགའ་རེས་ཁྲིད་ཆས་འདི་དག་བཀོལ་སྤྱོད་གཏན་ནས་བྱེད་མི་ཤེས། འགའ་རེས་ཕྲན་ཙམ་ཤེས་ཀྱང་དེའི་ཐོག་ཏུ་དུས་ཚོད་འཕྲོ་བརླག་བྱེད་མི་འདོད་ཅིང་། འགའ་རེས་འདོད་ཀྱང་རྒྱུགས་སྐར་མཐོར་འདེགས་ཀྱི་སྒྲིག་ལམ་བཙན་པོ་དེས་ཁོ་ཚོར་ཁོམ་གསེང་གཏན་ནས་སྦྱིན་གྱིན་མེད།

དེའི་ཕྱིར། དགེ་རྒན་ཚོས་ཁྲིད་ཆས་གསར་པ་འདི་དག་བེད་སྤྱོད་མི་བྱེད་པར། ཐད་ཀར་རང་ཉིད་ལ་སླ་ཞིང་རང་ཉིད་དང་ཁ་ཐག་ཉེ་བའི་སྣ་རྐྱང་སློབ་ཁྲིད་བྱེད་ཐབས་ཏེ། དགེ་རྒན་ནི་བཤད་མཁན་རྐྱང་བ་ཙམ་དང་སློབ་མ་ནི་ཉན་མཁན་རྐྱང་བ་ཙམ་གྱི་འབྲེལ་བའི་སྒོ་ནས་སློབ་ཁྲིད་སྐྱོང་བ་རེད། དེས་ན་རྣམ་པ་ཚོས་སོམས་དང་། དུས་རྒྱུན་འཕོ་འགྱུར་མེད་ཅིང་ཡིད་མོས་མེད་པའི་སློབ་ཁྲིད་འདི་ལྟ་བུས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སློང་ཐུབ་བམ། མི་ཐུབ་སྟེ། ཁྲིད་ཐབས་འདིས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་ཉིན་རེ་བཞིན་གཞོམ་པར་བྱེད་ཅིང་། སློབ་མའི་མ་གཞི་མཚར་སྣང་གིས་སྤྲས་པའི་བསམ་བློ་དེ་གཉིད་སྨན་བླུད་པ་བཞིན་དལ་གྱིས་བག་ལ་ཉལ་དུ་འཇུག

དེས་ན། གཅིག ཁྲིད་ཆས་འདི་དག་གི་ལག་རྩལ་མ་འོངས་པའི་དགེ་རྒན་ཚོར་དགེ་འོས་སློབ་གྲྭ་དང་སློབ་ཆེན་དག་ནས་སྦྱོང་དུ་འཇུག་དགོས། གཉིས། ད་སྔོན་སྦྱོང་མ་མྱོང་ཞིང་ད་ལྟ་དགེ་རྒན་བྱེད་ཀྱིན་པ་ཚོར་རྫོང་དང་ཁུལ་སློབ་གསོ་ལས་ཁུངས་ཀྱིས་གསབ་སྦྱོང་འཛིན་གྲྭ་རྩ་འཛུགས་བྱས་ཏེ་སློབ་པར་བཅུག་ན། རྗེས་ཕྱོགས་སློབ་མ་གསོ་སྐྱོང་གི་ཐད་ནས་ཕན་འབྲས་ངེས་ཅན་ཡོད་སྲིད།

  སློབ་ཚན་དེབ་གཞི་དངོས་ཡོད་དུ་བཅར་ནས་སྤྲོ་སྣང་སློང་བ་དང་། དཔེ་ཀློག་གཏམ་བཤད་ཀྱི་ཡིད་རྟོན་ལ་བརྟེན་ནས་སྤྲོ་སྣང་སློང་བ། འཇོན་ནུས་མེད་པའི་མི་ཞིག་འཇིག་རྟེན་ཐོག་ན་མེད། སློབ་གསོ་མཁན་གྱིས་སློབ་མར་ཡོད་པའི་ཤེས་རབ་དང་དགའ་ཕྱོགས། སྤྲོ་སྣང་དང་སྒེར་གཤིས་སོགས་ཤེས་ནས། ཁོ་ཚོའི་འཕེལ་རྒྱས་དང་ཕྱིར་སྟོན་ལ་ཆ་ཚང་བའི་ཆ་རྐྱེན་གནང་ཞིང་བདེན་ཐག་ཆོད་པའི་ལམ་སྟོན་བྱ་རྒྱུ་དེ་གནད་འགག་གཙོ་བོ་ཡིན་ཞེས་བཤད་པ་ནང་བཞིན། སློབ་དེབ་ཀྱི་ཚད་གཞི་ཡང་སློབ་མའི་རྒྱུད་དང་བསྟུན་པའི་ལམ་གཙོ་བོ་འདི་ནས་འགྲོ་དགོས། འོན་ཀྱང་། ང་ཚོའི་སློབ་དེབ་ཀྱིས་འོས་འགན་འདི་འགྲུབ་ཀྱིན་མེད།

ཅིའི་ཕྱིར་ཞེ་ན། ང་ཚོའི་སློབ་དེབ་ནང་དུ་གཅིག་ན་རྒྱ་ཡིག་ལས་ཚུར་བསྒྱུར་བའི་སློབ་ཚན་མང་ཞིང་། དེ་ཡང་ལོ་ཕྱེད་ཙམ་གྱི་སྔོན་ལ་རྒྱ་ཡིག་ནང་ནས་སྦྱངས་ཟིན་པ་དེ་སློབ་སྐབས་གཅིག་འགོར་རྗེས་ད་གཟོད་བོད་ཡིག་ནང་ནས་སྦྱོང་གིན་ཡོད།དེས་ན་སྦྱངས་ཟིན་པའི་སློབ་ཚན་ཞིག་གིས་སློབ་མའི་མཚར་སྣང་གི་བསམ་བློ་ཆུ་ཚ་གདུ་བ་ལྷོག་ལྷོག་ཏུ་སློང་ཐུབ་བམ། གཉིས། སློབ་དེབ་ཀྱི་བསྡུ་སྒྲིག་གིས་སློབ་མའི་མགོ་བོ་ན་རུ་འཇུག་གིན་ཡོད། ངས་བསམས་ན། ཚན་རིག་དང་མཐུན་པའི་སློབ་དེབ་ཅིག་ཡིན་ཚེ། ཐོག་མར་སློབ་མའི་ཀློག་ནུས་མཐོར་འདེགས་བྱེད་དགོས་ཤིང་། གྱེར་ཀློག་གི་ནང་དོན་དེ་དག་སློབ་མས་གོ་སླ་བའི་མཚར་སྣང་རང་བཞིན་གྱི་ཁྱབ་ཁོངས་སུ་ཡོད་དགོས། དེ་ནས་འབྲི་སྟངས་སློབ་དགོས་ཤིང་དེའི་འཕྲོར་དངོས་ཡོད་ལ་བཅར་བའི་སློབ་ཚན་ཡོད་དགོས།

ད་ལྟ་ཕྱོགས་འགའ་རེ་ནས་བལྟས་ཡོང་ན། བོད་ཡིག་གི་ལོ་རིམ་དང་པོ་དང་དྲུག་པའི་བར་གྱི་སློབ་ཚན་འགའ་རེ་མེད་སོང་ནའང་གྱོང་ཁ་གང་ཡང་མེད། ཅིའི་ཕྱིར་ཞེ་ན། སློབ་ཚན་དེ་དག་ལ་གཞན་མི་རིགས་ཀྱི་འཚོ་བ་དང་ཕྱི་གླིང་བའི་གོམས་གཤིས་སོགས་ལ་ཆ་རྒྱུས་སྤུ་ཙམ་མེད་པའི་རང་མི་རིགས་ཀྱི་སློབ་མ་ཚོས་བསླབ་དགོས་ཚེ། གཅིག་ན་དང་ལེན་དཀའ་བའི་བར་ཐག་དང་། གཉིས་ན་རྒྱུས་ལོན་སྲབ་པའི་ཧེ་བག གསུམ་ན་སྤྲོ་སྣང་མེད་པའི་ངན་འབྲས་སོགས་འབྱུང་བཞིན་ཡོད། དེའི་ཕྱིར། ད་ལྟའི་སློབ་དེབ་འདི་སྔོན་ཆད་ཀྱི་དགོས་དབང་ལ་བསྟུན་ནས་བསྒྲིགས་པ་ཞིག་ཡིན་པས་ན། ཀུན་གྱིས་ད་ལྟ་དང་མ་འོངས་པའི་དགོས་དབང་ལ་བསྟུན་པ་སྟེ། རང་མི་རིགས་ཀྱི་ལོ་རྒྱུས་དཔའ་བོ་དང་། ཧུར་བརྩོན་མི་སྣ། སྲོལ་འབྱེད་བསམ་བློ། གསར་གཏོད་སྙིང་སྟོབས་སོགས་ཀྱི་ནང་དོན་འཐུས་པའི་སློབ་དེབ་གསར་བ་ཞིག་གོ་རིམ་ཡོད་པ་དང་སྒྲིག་གཞི་ཡོད་པ། ཁ་ཕྱོགས་ཡོད་པའི་སྒོ་ནས་བསྒྲིགས་ཐུབ་དགོས།

སློབ་དེབ་ནི་དགེ་རྒན་གཞན་པ་དེ་ཡིན་ན། དགེ་རྒན་དེ་དུས་རབས་ཀྱི་སྔོན་དུ་ཡོད་དགོས་པ་ལས་དུས་རབས་ཀྱི་རྗེས་སུ་ཡོད་ན་ག་ལ་འགྲིག སློབ་དེབ་ལེགས་པོ་ཞིག་ཡིན་ཚེ། དགེ་རྒན་གྱིས་སློབ་ཁྲིད་མ་བྱས་པའི་སྔོན་ནས་སློབ་མ་ཚོས་རང་སྦྱོང་བྱས་ཏེ་གྱེར་ཀློག་དང་གཏམ་བཤད་ཀྱི་སྒོ་ནས་ཕན་ཚུན་བརྒྱུད་བསྒྲགས་བྱེད་ཅིང་སློབ་ཚན་དེ་རང་འགུལ་གྱིས་རང་རྒྱུད་ལ་གཞུག་པར་བྱེད། དཔེར་བཞག་ན། ཁུག་མའི་ནང་གི་བཟའ་བྱ་དེ་ཉིན་རེ་བཞིན་མི་འདྲ་ཞིང་ཁ་ལ་ཞིམ་ན། སུས་ཀྱང་སྔོན་དུ་བཟའ་བར་འདོད་ལ། ཡང་གལ་ཏེ། བཟའ་བྱ་དེ་ནམ་ཡང་སྣ་གཅིག་ཙམ་ཡིན་ན། གཞན་གྱིས་མ་སྦྱིན་གོང་ལེན་མི་སྲིད་ལ། བྱིན་པ་དེ་ཡང་འདོད་མི་འདོད་ཀྱིས་ལེན་པར་བྱེད། དེས་ན། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སློང་དགོས་ན་སློབ་དེབ་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་སམ་འགུག་ཤུགས་ཡོད་དགོས།

 འཕོ་འགྱུར་ཆེ་བའི་སློབ་ཁྲིད་བྱེད་ཐབས་ལ་བརྟེན་ནས་སྤྲོ་སྣང་སློང་བ།   དགེ་རྒན་ཞིག་གིས་སྐན་ཆ་དང་ཁ་གསལ་བོས་སློབ་ཁྲིད་བྱེད་དུས། ཁོའི་སྐད་གདངས་དེ་རྫ་ཆུ་དང་འདྲ་བར་སློབ་མའི་སེམས་སུ་འཐིམ་ཞོར་ཤེས་བྱ་ཡང་མཉམ་པོར་འཐིམ་དུ་འཇུག་དགོས་ཞེས་བཤད་པ་བཞིན། དགེ་རྒན་ཞིག་གི་སློབ་ཁྲིད་བྱེད་ཐབས་ནི་སློབ་མ་རྣམས་ཁྲིད་ཚན་དེར་དགའ་བའམ། ཡང་ན་སུན་དུ་འཇུག་བྱེད་ཀྱི་ཁང་སྒོ་ལྟ་བུ་དེ་ཡིན། དེའི་ཕྱིར། མིའི་རིགས་ཀྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད་དམ་སློབ་གསོའི་ལོ་རྒྱུས་ཀྱི་འཕེལ་རྒུད་ནང་ནས། ཤེས་བྱ་བརྒྱུད་སྤྲོད་བྱེད་སྟངས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེས་ན། དང་ཐོག་གི་གསལ་སྟོན་དང་འབྲེལ་མཐུད། མ་ལག་དང་ཐབས་ལམ་ཡིན་ན་འདྲ། ཡང་མིན་ན་དེའི་འཕྲོར་བྱུང་བའི་གྲ་སྒྲིག་དང་སློང་སྟོན། འབྲེལ་བ་དང་སྡོམ་སྒྲིལ། དེ་མིན་བཀོལ་སྤྱོད་དག་གི་བར་དུ་མི་རབས་མི་འདྲ་བ་དང་སློབ་གསོ་མི་འདྲ་བས་རང་རང་གི་མི་ཚེའི་ཉམས་མྱོང་ལྟར་སློབ་ཁྲིད་བྱེད་ཐབས་ཀྱི་ཐད་ནས་གསར་གཏོད་དང་མཐོར་འདེགས་བྱས་ཡོད།

དེའི་ཕྱིར། དེ་ལྟ་བུའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནས་དེང་སང་རྒྱུན་སྤྱོད་དུ་སོང་བའི་ཁྲིད་ཐབས་འདི་ལྔ་བྱུང་བ་རེད། དེ་ཡང་དང་པོ་མཉམ་ལས་སློབ་སྦྱོང་ཁྲིད་ཐབས་ཏེ་སློབ་མའི་རྩ་འཛུགས་དང་མཉམ་རོལ་གྱི་ནུས་པ་བསྐྱེད་བསྲིང་བྱེད་ཅིང་། གཉིས་པ་ཞིབ་དཔྱོད་ཁྲིད་ཐབས་ཏེ་སློབ་མའི་ཞིབ་འཇུག་དང་རྟོག་དཔྱོད་ཀྱི་རིགས་ལམ་བསྐྱེད་བསྲིང་བྱེད། གསུམ་པ་དྲི་འདོན་ཁྲིད་ཐབས་ཏེ་སློབ་མའི་བསམ་གཞིག་དང་ཕྱིར་རྟོག་གི་ནུས་པ་བསྐྱེད་བསྲིང་བྱེད། བཞི་པ་ཚོད་ལྟའི་ཁྲིད་ཐབས་ཏེ་སློབ་མའི་སྐད་ཆ་དང་ལག་ལེན་གྱི་ནུས་པ་བསྐྱེད་བསྲིང་བྱེད། ལྔ་པ་འགྲེམ་སྟོན་ཁྲིད་ཐབས་ཏེ་སློབ་མའི་ཡིན་རྟོན་དང་རང་མཐོང་གི་ནུས་པ་བསྐྱེད་བསྲིང་བྱེད་པ་བཅས་ཀྱི་ཁྲིད་ཐབས་འདི་ལྔ་ང་ཚོའི་སློབ་ཁྲིད་ནང་ལ་བཀོལ་སྤྱོད་བྱས་ཚེ། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་ཅིག་ཅར་དུ་སློང་ཐུབ་པ་གཏན་འཁེལ་ཡིན།

དེའི་ཕྱིར། དགེ་རྒན་གྱིས་ཉིན་རེ་བཞིན་ནམ་སློབ་ཚན་མི་འདྲ་བ་ལ་བརྟེན་ནས་སློབ་ཁྲིད་བྱེད་ཐབས་བརྗེ་རེས་བྱས་ན། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་མེད་པར་མི་འགྲོ་ཞིང་། ལྡོག་སྟེ། དགེ་རྒན་སུ་ཡིས་སློབ་ཁྲིད་བྱེད་ཐབས་དེ་དག་བཀོལ་སྤྱོད་བྱས་ན། སློབ་མ་རྣམས་དགེ་རྒན་དེ་ཡི་སློབ་ཁྲིད་ལ་མཉན་པར་སྤྲོ་ཞིང་ཁྲིད་ཚན་དེ་ལ་སེམས་གཏིང་ནས་དགའ་བར་འགྱུར།

  སློབ་མར་གོ་བདེ་བའི་ཟུར་ལྟའི་དཔེ་ཆ་ལྟ་རུ་བཅུག་སྟེ་སློབ་སྦྱོང་གི་སྤྲོ་སྣང་སློང་བ།    དཔེ་ཀློག་ལ་སྤྲོ་བའི་སློབ་མ་ཞིག་ཡིན་ཚེ། ཁོའི་ལྟ་ཀློག་དང་བསམ་གཞིག ད་དུང་མཚར་འཛིན་གྱི་ནུས་པ་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ། ལྡོག་སྟེ། དཔེ་ཀློག་ལ་མི་དགའ་ཞིང་དཔེ་ཀློག་མི་བྱེད་མཁན་ཞིག་ཡིན་ཚེ། ཁོའི་བསམ་གཞིག་གི་ནུས་པ་ཆུང་ཞིང་སློབ་སྦྱོང་ལ་དུང་བ་མེད་པའི་རྣམ་འགྱུར་འཛིན། དེས་ན། ང་ཚོས་ཐོག་མར་སློབ་མར་གོ་བདེ་བའི་ཡིད་འགུག་ཆེ་བའི་ཟུར་ལྟའི་དཔེ་ཆ་ཀློག་ཏུ་བཅུག་ཚེ། ཁོ་ཚོའི་སློབ་སྦྱོང་གི་མོས་པ་གོང་མཐོར་གཏོང་བར་དགེ་མཚན་ངེས་ཅན་ཡོད།

ཡིན་ནའང་། ད་ལྟ་བྱིས་པའི་ཡིག་འབྲི་ངོས་ཟིན་པའི་ཆུ་ཚད་དང་ཁོ་ཚོའི་གོ་བ་ལེན་ཚུལ་གྱི་བསམ་བློ་དང་མཐུན་པའི་བོད་ཡིག་གི་བྱིས་སྒྲུང་ཤིན་ཏུ་ཉུང་། སློབ་ཆུང་གི་དཔེ་མཛོད་ཁང་དུ་ཡོད་པའང་གེ་སེར་གྱི་སྒྲུང་དང་མི་རོ་རྩེ་སྒྲུང་། དེ་མིན་སུམ་རྟགས་དག་གསུམ་གྱི་འགྲེལ་བ་དག་དག་ཡིན། ངས་བསམས་ན། སློབ་གྲྭའི་དཔེ་མཛོད་ཁང་དུ་དེ་དག་ལས་ཟུར་ལྟའི་དཔེ་ཆ་མེད་པ་དེས་སློབ་མའི་མཐོང་ཐོས་ལ་ཚད་ངེས་ཅན་ཞིག་ནས་བཀག་སྡོམ་བྱས་ཡོད། དེའི་ཕྱིར། གོང་རིམ་གྱིས་རིག་གནས་ཀྱི་ཆུ་ཚད་ངེས་ཅན་ཡོད་པའི་དགེ་རྒན་དང་ལོ་ཙྰ་བ་རྩ་འཛུགས་བྱས་ཏེ། གཅིག་ན་གཞན་ཡིག་ཏུ་ཡོད་པའི་བྱིས་སྒྲུང་ཚད་ལྡན་ཚུར་བོད་ཡིག་ལ་བསྒྱུར་བ་དང་། གཉིས་ན་རང་ཡིག་ཏུ་ཡོད་པའི་བྱིས་སྒྲུང་དང་གནའ་གཏམ་སྟེ། ཨ་ཁུ་སྟོན་པའི་གཏམ་རྒྱུད་དང་བྱ་སྤྲེལ་གཏམ་རྒྱུད། ད་དུང་མིང་དུ་གྲགས་པའི་ཟློས་གར་བརྒྱད་དང་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད། དེ་མིན་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་སོགས་དང་གསར་དུ་པར་བའི་ཨ་ནུ་ཚང་གི་བྱིས་སྒྲུང་དེབ་ཚོགས་སོགས་བསྡུ་སྒྲིག་དང་། སློབ་མའི་ཡར་བརྩོན་གྱི་བསམ་བློ་དང་། མཚར་འཛིན་གྱི་དང་བ། རེ་སྙེག་གི་འདུ་ཤེས་སོགས་དང་འབྲེལ་བའི་བྱིས་སྒྲུང་དང་བྱིས་རྩོམ་གསར་རྩོམ་བྱས་ཏེ་སློབ་གྲྭ་སོ་སོར་བཀྲམས་ན། བྱིས་པའི་དཔེ་ཀློག་གི་དགའ་མོས་དང་བསམ་གཞིག་གི་ནུས་པ། རང་བདག་གི་འདུ་ཤེས། བསམ་བློ་བརྗེ་རེས་ཀྱི་ཁོར་ཡུག་ཡག་པོ་ཞིག་འབྱུང་ཁོ་ཐག་ཡིན།

   

 གསུམ་པ། མཇུག་གཏམ་ཐུང་ངུ་།

 མདོར་ན། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སློང་རྒྱུ་ནི་སློབ་གསོ་ལ་རྒྱལ་ཁ་ཐོབ་སྲིད་པའི་ཐོག་མའི་གོམ་སྟབས་དེ་ཡིན། ང་ཚོས་སློབ་མའི་རྒྱུད་ཀྱི་རང་ཉིད་སློབ་སྦྱོང་ལ་འཇུག་པའི་བརྩེ་བ་དེ་སློང་ཐུབ་ན། ད་གཟོད་སློབ་གསོ་ངོ་མ་འཁྱོངས་བའི་འདུ་ཤེས་སེམས་སུ་འཇུག་ཐུབ་པ་དང་། སློབ་གསོའི་བྱ་བཞག་འདི་ལ་མགོ་འབུལ་ལུས་འབུལ་བྱེད་བསམ་མཁན་ཞིག་ཡིན་ཚེ། ད་གཟོད་བྱིས་པའི་རྒྱུད་ཀྱི་གཉུག་གཤིས་དེ་དག་ཅིས་ཀྱང་དང་ལེན་ཐུབ་མཁན་གྱི་དགེ་རྒན་ཞིག་ཏུ་འགྱུར་ངེས།

དུས་རབས་གསར་བའི་འཕེལ་འགྱུར་གྱི་གོམ་པ་མགྱོགས་ཆེ་ནས་དགེ་རྒན་མང་པོས་སློབ་མར་མ་གཞི་གཏིང་ཟབ་ཡིན་པའི་ཤེས་བྱ་རེ་སྟེར་བསམས་ཀྱང་། རྒྱུགས་སྐར་ལམ་ལུགས་ཀྱི་ཕུད་འདེད་དང་ཁྱིམ་ཚང་ཆེ་ཆུང་གི་ལ་རྒྱ་འགྲན་རྩོད་ཀྱིས་སློབ་མ་རྣམས་དབུགས་སྣོད་ནང་གི་འབྲས་བཞིན་བཙོས་ཏེ། ཚང་མར་སྒེར་གྱི་ཁྱད་ཆོས་མེད་པ་དང་ཀུན་ལ་བསམ་གཞིག་གི་རིག་ལམ་མེད་པར་མཁྲེགས་འཛིན་ཆེ་བའི་སློབ་མ་ཕོན་དང་ཚོགས་བྱས་ཏེ་འབྱུང་གིན་ཡོད་དུས། ང་ཚོས་ཅིས་ཀྱང་དོན་ཐོན་པའི་བསམ་གཞིག་བྱས་ཤིང་ཁྱོན་ཆེ་བའི་བསྒྱུར་བཅོས་བྱ་དགོས། དེ་ལྟར་མ་བྱས་ན། བོད་ཀྱི་སློབ་གསོ་ལ་གཏིང་ཟབ་པའི་འཕེལ་རྒྱས་ཡོད་མི་སྲིད་ཅིང་། རྒྱལ་ཁབ་ཀྱི་དོ་མཉམ་སློབ་གསོ་དང་སློབ་གསོའི་དབུལ་ཐར་བྱེད་ཕྱོགས་ལ་ལེགས་འགྲུབ་ཀྱི་དར་ཆ་སློང་མི་བཏུབ།

ཅེས་པ་འདི་ནི་བོད་རྩེ་རྒྱལ་དུ་འབོད་པས་སློབ་གསོའི་ཕྱོགས་ཀྱི་དཔེ་ཆ་མང་ཙམ་བཀླགས་པ་དང་། སློབ་གསོའི་ཕྱོགས་ཀྱི་རྒྱུས་ལོན་མང་ཙམ་བྱས་ཏེ་དཔྱད་རྩོམ་འདི་2018ལོའི་ཟླ་5པའི་ཚེས་28ཉིན་བྲིས།

 

དཔྱད་གཞིའི་རྒྱུ་ཆ།

 

གཅིག

བོད་ཡིག་དཔེ་ཆའི་སྐོར།

སྤྲོ་སྣང་སློབ་གསོའི་མན་ངག སྟོད་ཆ། སྨད་ཆ།

ཧིར་པིར་ཐི་སི་ཕན་སིས་མཛད། ཡུལ་ལྷ་ཐར་གྱིས་བསྒྱུར།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

སྦྱངས་ཐོབ་སློབ་གསོའི་མན་ངག ཁའར་ཝེ་ཐིས་མཛད། ཞོགས་དུང་གིས་བསྒྱུར།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

བྱིས་པའི་སྐད་གཉིས་སློབ་གསོ་འཇིག་རྟེན་མཁས་པའི་ཞལ་ལུང་། ཧོར་ཁོག་ཟླ་བ་བཟང་པོས་བརྩམས།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

གཞི་རིམ་སློབ་གསོ་ལེགས་པར་བཅོས་ཐབས།   སོན་གསར་གྱིས་བརྩམས།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

 

གཉིས་པ།  རྒྱ་ཡིག་དཔེ་ཆའི་སྐོར།

给老师的建议【苏】苏霍姆林斯基著 杜殿坤译  教育科学出版社出版

普通教育学 【德】赫尔巴特著  李其龙 译 人民教育出版社出版

做人的故事【苏】苏霍姆林斯基著 诸惠芳等译 人民教育出版社出版

我的教育信条 【美】约翰杜威著  彭正梅译 上海人民出版社出版

大教学论 【捷】夸美纽斯著  傅任敢 译  教育科学出版社出版

教育科学论坛  2017年11月 中旬刊 总第410期

藏族教育的出路       巴登尼玛       来源(西藏研究)

藏族教育之路探索      巴登尼玛       来源(民族教育研究)

赫尔巴特与杜威兴趣教育思想比较研究  梁歆爽  来源(中国优秀硕士学位论文全文数据库)

 

གསུམ་པ། སློབ་གསོའི་སྐོར་གྱི་གློག་བརྙན།

放牛班的春天      三傻大闹宝莱乌       奇迹男孩     地球上的星星

垫底辣妹         摔跤吧!爸爸              弱点         疯狂动物城