བག་ཆགས་ཁྲོད་ཀྱི་མི་རིགས།

320/545

ང་ཚོ་མིའི་རིགས་ལ་འདི་འདྲའི་ཁྱད་ཆོས་སམ་རྟགས་མཚན་ཐུན་མོང་བ་ཞིག་ཡོད།རྟགས་མཚན་འདི་རྒྱལ་ཁབ་དང་རྒྱལ་ཁབ་མི་འདྲ་རུང་།མི་རིགས་དང་མི་རིགས་མི་འདྲ་རུང་།ཡང་ན་པགས་རིགས་དང་པགས་རིགས་མི་འདྲ་རུང་ཚང་མར་ཐུན་མོང་དུ་ལྡན་ཡོད།ང་ཚོས་ནམ་རྒྱུན་རྟགས་མཚན་འདི་བཀོལ་ནས་བྱ་བ་ཅི་རིགས་དང་རྒྱལ་ཁབ་ཅི་རིགས།ཡང་ན་མི་རིགས་དང་མིའི་བར་ལ་ཡང་སྤྱོད་དེ་ལེགས་ཉེས་ཀྱི་བརྡར་ཤ་གཅོད་པ་ཡིན།ཡིན་ཡང་།རྟགས་མཚན་འདི་མཚོན་ཆ་ཞིག་དང་འདྲ་བས་འཛིང་གསོད་ཀྱི་འགལ་བ་མང་པོའང་སློང་གིན་ཡོད།

ལོ་རབས་གོང་མར་འཇལ་པན་བས་འཛམ་གླིང་གི་ཕྱོགས་སོ་སོར་དམག་རྒྱ་བསྐྱེད་དེ་ཚེ་སྲོག་མང་པོ་ཞིག་དམག་འཁྲིག་གི་ཁྲོད་ནས་སྐྱེན་ལམ་དུ་བཏང་།དེ་ལས་ལྷག་པར་དུ་ཀྲུང་གོར་བཙན་འཛུལ་རྒྱ་ཆེར་བྱས་པས་དོན་མེད་ཀྱི་ཚེ་སྲོག་ཁྲི་ཁྲི་འབུམ་འབུམ་འཇར་པན་གྱི་གདུག་རྩུབ་འོག་ནས་ཕྱི་མར་གཡུགས།དེའི་རྐྱེན་གྱིས་འཇར་པན་ཡབ་མེས་ཀྱིས་བཞག་པའི་ནག་ཉེས་འདིས་འཇར་པན་ཕྱི་རབས་ཀྱི་མི་དམངས་ཀྱི་འཚོ་བར་གསུབ་ཐུབ་མེད་པའི་དཀའ་ལས་སམ་སེམས་ངལ་མང་པོ་ཞིག་བཞག་ཡོད།དཔེར་ན་ཀྲུང་གོ་བ་མང་པོ་ཞིག་གིས་འཇར་རྒོལ་གྱི་འདུ་ཤེས་སམ་ལོ་རྒྱུས་དེ་གཏན་དུ་དྲན་ཆེན།གློག་བརྙན་དང་ཟློས་གར་མང་པོའི་ལམ་ནས་སྐབས་དེའི་གནས་ཚུལ་བདེན་བཤད་དམ་ཆེ་བཤད།མདོར་ན་ཐབས་མང་པོ་སྤྱད་དེ་ཐེངས་དེའི་ལོ་རྒྱུས་ཀྱི་བྱུང་བ་ངོས་ཟིན་དུ་འཇུག་གིན་ཡོད། འོན་ཀྱང་།ལེགས་ཉེས་ནི་གཤིབ་ནས་ཡོད་པས་ད་ལྟའི་བྱིས་པ་དང་མི་མང་པོ་ཞིག་གི་སེམས་སུ།འཇར་པན་བ་ནི་རིག་རིག་ཚང་མ་གསོད་ཅིང་།འཕྲད་འཕྲད་ཚང་མ་འཕྲོག་པས་མི་ཚད།བུད་མེད་ལ་གང་བྱུང་དུ་བཙན་གཡེམ་བྱེད་པ།ཚེ་སྲོག་ལ་བརྩི་མེད་དུ་རྡོག་བརྫི་གཏོང་བའི་གདོན་འདྲེ་ནང་བཞིན་གྱི་བག་ཆགས་བཞག་ཡོད་པས།འཇར་པན་མི་དམངས་ཀྱི་སེམས་དང་འཚོ་བར་གཞན་གྱི་ལྟ་ཚུལ་ངན་པ་ཞིག་གིས་ཤན་ནས་ཡོད།

ཨབ་གྷན་སི་ཐན་ནི་འཛམ་གླིང་གི་རྒྱལ་ཁབ་ཁྲོད་ནས་ཆེས་རྙོག་འཛིང་ལྡན་པའི་རྒྱལ་ཁབ་ཞིག་ཡིན།གནས་དེ་ན་འཇིགས་སྐུལ་ཚོགས་པ་ཕོན་དང་ཕོན་བྱས་ཏེ་ཡོད་ལ།ད་རུང་རུལ་སུངས་ཀྱི་སྲིད་གཞུང་དང་གདུག་རྩུབ་ཆེ་བའི་སྲུང་དམག འཛད་མཐའ་མེད་པའི་རྐུན་ཇག རྒྱལ་མཚམས་བརྒལ་བའི་བྲོས་བྱོལ་བ།མུ་གེས་ཤི་བའི་མི་དམངས་སོགས་གོ་ལ་ཧྲིལ་བོའི་ངན་ངན་ཚང་མ་དེ་རུ་བཞག་པ་དང་གཉིས་སུ་མེད་པས།ནམ་རྒྱུན་གསར་འགྱུར་ལས་འཐབ་འཁྲིག་དང་མནར་གཅོད་འདྲ་མི་འདྲའི་བརྙན་ལམ་ཁྲོད་ནས་འཛམ་གླིང་གི་མི་ཡོངས་ཀྱིས་ཨབ་གྷན་སི་ཐན་གྱི་རྒྱལ་ཁབ་འདིའི་མགོ་མཇུག་ཚང་མར་ལྟ་སྟངས་ངན་པ་འཆིང་ཞིང་།ཞེ་སྡང་དང་ཁོང་ཁྲོ་ཅི་རིགས་ཀྱིས་ཨབ་གྷན་སི་ཐན་གྱི་མི་དམངས་ཡོངས་ལྟས་ངན་དང་མི་ངན་གྱི་ཁོངས་སུ་འདེད།

བོད་ལ་མཚོན་ན་བཅིང་གྲོལ་གཏོང་སྐབས་ནི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཆེ་ཤོས་དེ་ཡིན།དེ་རྗེས་ལུས་དང་འཕེལ་རྒྱས་ཀྱི་ཁ་མཚམས་རེད་བརྗོད་པ་མིན་ལ།རྨོངས་རྟུལ་དང་ཤེས་རབ་ཀྱི་བརྗེ་མཚམས་རེད་བརྗོད་པ་དེ་ལས་ཀྱང་མིན།ངས་དཀྱོག་མཚམས་ཆེ་ཤོས་ལ་བརྩི་དོན་ནི་སྲིད་དོན་གྱི་ཆ་ནས་ཕམ་ཁས་ཡོངས་བའི་དུས་ཚོད་ངེས་ཅན་ཞིག་ཡིན་པས་ཡིན།ཡིན་ཡང་།མི་མང་པོ་ཞིག་གིས་ང་ཚོའི་དེ་སྔོན་གྱི་འཚོ་བ་ནི་དམྱལ་བ་ལྟ་བུ་ཞིག་དང་ད་ལྟའི་འཚོ་བ་ནི་ཞིང་ཁམས་ལྟ་བུ་ཞིག་ལ་བརྩིས་ཏེ།མགོ་ཁྲིད་ཅིག་ཡིན་ན་ཚོགས་འདུའི་གྲལ་ནས་མང་དུ་སྒྲོག གླུ་བ་ཞིག་ཡིན་ན་གླུ་དབྱངས་ཁྲོད་ནས་འགག་མེད་དུ་ལེན་།མི་དམངས་ཤིག་ཡིན་ན་ལབ་གླེང་ཁྲོད་ནས་རྫོགས་མེད་དུ་བཤད།དེའི་རྐྱེན་གྱིས་རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་གིས་ང་ཚོ་བོད་ནི་གཞན་གྱི་རྐང་ལག་ལ་བརྟེན་ནས་འཚོ་བའི་གཡོ་ཁེལ་དང་སྒྱུད་ལུག་གི་རང་གཤིས་ལྡན་པའི་མི་རིགས་ཤིག་ལ་བརྩི་བཞིན་ཡོད།དེ་ཡིན་པས་ན།མི་མང་པོས་ཞོར་དང་དོན་དུ་ཁྱེད་ཚོ་བོད་པ་ཚོས་ཟས་ཚོད་དེ་འདྲ་བཟའ་ཨེ་ཤེས།ཁྱེད་ཚོ་བོད་པར་འགྲིམ་འགྲུལ་གྱི་ཡོ་བྱད་དེ་འདྲ་ཡོད་པ་ཨེ་རེད།ཁྱེད་ཚོ་བོད་པ་ཚོས་ལུས་པོ་མི་འཁྲུད་པ་ཨེ་རེད་ལ་སོགས་ཀྱི་དྲི་བ་དང་མཐོང་ཆུང་།དོགས་པ་མང་པོས་བོད་པ་ཚང་མ་གནད་འགག་ཅན་གྱི་མི་རིགས་ལ་བསྒྲེངས་ནས་དོ་གཅིག་ཏུ་སྒྲིལ།

དེས་ན་ང་ཚོ་མིའི་རིགས་ལ་ཡོད་པའི་ཐུན་མོང་གི་ཁྱད་ཆོས་ཤིག་ནི་བྱ་བ་ཉུང་ངུ་ཞིག་གམ།དོན་དག་ཆུང་ངུ་ཞིག་ལ་བརྟེན་ནས་ཚོགས་སྒེར་གང་རུང་དང་ལས་རིགས་གང་རུང་ཞིག་གི་ལེགས་ཉེས་དེ་ཐག་གཅོད་བྱེད་ཀྱིན་པ་ཡིན།དཔེར་ན་གོང་ནས་བཤད་པ་ལྟར།ཀྲུང་གོ་བས་འཇར་པན་བ་ལ་བཟུང་བའི་ལྟ་ཚུལ་དང་།འཛམ་གླིང་གིས་ཨབ་གྷན་སི་ཐན་ལ་བཟུང་བའི་ལྟ་ཚུལ།མིའི་རིགས་ཀྱིས་ང་ཚོ་བོད་ལ་བཟུང་བའི་ལྟ་ཚུལ་སོགས།མདོར་བཤད་ན་རྒྱུས་ལོན་བྱ་སའི་ཁུང་བུ་ཆུང་ཆུང་ཞིག་གམ་ཕྱོགས་ལྷུང་གི་ལྟ་ཚུལ་ལྷད་སའི་སྐད་ཆ་འགའ།ཡང་ན་དོན་མེད་ཀྱི་འུར་སྒྲོག་ལ་ཤས་ལ་བརྟེན་ནས་འབྱུང་གིན་ཡོད།དེའི་ཕྱིར་ན།དོན་དངོས་དང་བདེན་པ་ཆེས་སྐྲག་ས་ནི་རྒྱུས་ལོན་མི་བྱ་ཡིན་པས་ང་ཚོ་སུ་ཡིན་རུང་།ཚོགས་སྒེར་གང་རུང་ཞིག་གི་ཐོབ་ཐང་དང་རིན་ཐང་ལ་དམར་གསོད་བྱ་བའི་དབང་ཆ་ལར་ནས་མེད་དོ།།

ཞེས་པ་འདི་ནི་བོད་སྐད་བཤད་ཀྱིས་ཨབ་གྷན་སི་ཐན་གྱི་རྩོམ་པ་པོ་ཞིག་གིས་བྲིས་པའི་༼༼ཤོག་བྱ་སྙེག་པའི་མི༽༽ཞེས་པའི་སྒྲུང་རྩོམ་ཞིག་བཀླགས་པའི་སེམས་ཚོར་ཉུང་ཙམ་ཕ་ཡུལ་དུ་ལོག་པའི་ལམ་བར་དུ།རྒྱ་ཡུལ་པད་མ་གྲོང་གི་མགྲོན་ཁང་ཞིག་ནས་ཞོགས་པའི་དུས་ཚོད་༣པའི་ཐོག་ཏུ་གྲུབ་པའོ།།