བདག་དང་བོད་སྐད་ཡིག་གི་ལས་དབང་། ཕུན་ཁང་རྣམ་རྒྱལ་ཚེ་རིང་།

306/545

      འདི་ནས་ཡར་ལ་བརྩིས་པའི་མི་ལོ་ཉི་ཤུའི་ཡས་མས་ཀྱི་སྐབས་ཤིག་ལ་ང་རང་ཏག་ཏག་སློབ་ཆུང་འགྲིམས་པའི་སྒང་རེད། སྐབས་དེ་དུས་ཕྱི་དངོས་པོའི་དཔལ་ཡོན་ཧ་ཅང་དབུལ་ཡང་ནང་བསམ་པའི་དཔལ་ཡོན་ཧ་ཅང་སྐྱིད་པོ་ཞིག་ཡིན་པ་ད་ལྟའང་གསལ་པོར་དྲན་གྱི་འདུག མ་གཞི་ལྟོ་ལ་ཇ་རྩམ་ཆང་རྩམ་དང་གོས་ལ་རས་གོས་རྙིང་གོས་ལས་མེད་ཀྱང་ཕ་སྐད་དང་མ་ཡིག་གི་རྩམ་དྲི་མར་དྲི་འཁྱིལ་སའི་གནས་ཤིག་ན་ང་ཚོ་ཡང་ཤ་གཙང་རུས་གཙང་གི་བོད་རིགས་བྱིས་པ་ཞིག་ཡིན། དབྱངས་གསལ་སོ་བཞིའི་དབྱངས་རྟས་ཕྱུག་པའི་ཁུག་སོ་ཞིག་ན་ང་ཚོ་ཡང་རང་སྐད་རང་བརྗོད་ཀྱི་བོད་རིགས་བྱིས་པ་ཞིག་ཡིན།

        ངས་དྲན་གསལ་ལ་སྐབས་དེ་དུས་ཀྱི་ང་ཚོའི་སློབ་ཁྲིད་ཀྱི་བསླབ་གཞིའི་ངོས་ནས་བརྗོད་ན། བོད་ཡིག་དང་རྒྱ་ཡིག བསམ་བློ་ཀུན་སྤྱོད། རང་བྱུང་། སྤྱི་ཚོགས། ཨང་རྩིས། དབྱིན་ཡིག་བཅས་ངེས་པར་དུ་སྦྱོང་དགོས་པའི་རིག་ཚན་ཁག་བདུན་ཙམ་ཡོད། དེ་ཡང་དབྱིན་ཡིག་ཕུད་པའི་རིག་ཚན་གཞན་ཚང་མ་བོད་ཡིག་དང་འབྲེལ་བ་ཧ་ཅང་ཟབ་པས་བོད་ཡིག་གི་རྨང་གཞི་ཡག་པོ་ཞིག་ཡོད་ན་རིག་ཚན་གཞན་དག་ཀྱང་གཅིག་ཤེས་ཀུན་གྲོལ་གྱི་ཆོས་ཉིད་ཅིག་ཏུ་གྲུབ་ཡོད། རྒྱུ་མཚན་དེའི་དབང་གིས་ང་ཚོས་སློབ་གྲྭ་དང་ཁྱིམ་ཚང་ཟེར་བའི་གནས་གཉིས་ཀྱི་བར་ནས་བོད་ཡིག་མི་ཤེས་མཁན་ཟེར་བའི་སློབ་མ་ཞིག་རྙེད་དཀའ་ལ་རྙེད་ཚོད་ཀྱང་མེད། དེ་བས་ཀྱང་སྐབས་དེ་དུས་ང་ཚོའི་ཕ་མ་མང་ཆེ་བ་ཡང་ཡིག་རྨོངས་རེད་ཟེར་ཡང་དོན་དུ་བོད་ཡིག་མ་ཤེས་པ་ཧ་ལམ་མེད་དུས་དབྱར་གསེང་དགུན་གསེང་གི་ངལ་གསོའི་རང་སྦྱོང་དག་ལའང་དེ་ཙམ་གྱི་འབྲི་མ་ཤེས་པ་དང་འབྲི་མི་ཚར་བའི་སེམས་ཁྲལ་ཡང་ཧ་ལམ་མེད།

       སྐབས་དེ་དུས་མཚམས་རེར་ང་ཚོའི་འཛིན་གྲྭའི་སློབ་མ་འགའ་ཞིག་རྩེད་མོར་མགོ་འཁོར་བའམ་ཡང་ན་རྒྱུ་རྐྱེན་གཞན་གྱི་རྐྱེན་པས་རྒྱ་ཡིག་འདྲ་བའི་རིག་ཚན་གཞན་གྱི་རང་སྦྱོང་བྲིས་མེད་ན་གང་དེའི་དགེ་རྒན་གྱིས་རང་གི་ཏན་ཏན་བོད་ཡིག་ཡག་པོ་མ་སྦྱངས་བས་རེད་ཟེར་བའམ་བོད་ཡིག་ཡག་པོ་མ་སྦྱངས་ན་རྒྱ་ཡིག་གི་ནང་དོན་ཁག་ཅིག་གི་དོན་མི་རྟོགས་སོགས་ཟེར་བ་མ་གཏོགས་རྒྱ་ཡིག་ཁོ་ན་མ་ཤེས་པ་དང་མ་སྦྱངས་པའི་སྐོར་གླེང་བ་ཧ་ཅང་ཉུང་ཉུང་རེད། དེ་བཞིན་རིག་ཚན་གཞན་གྱི་ཡིག་ཚད་དམའ་པོ་བཏང་ནའང་དེ་ལུགས་ཀྱི་རྒྱུ་མཚན་གོང་དང་མཚུངས་པར་གླེང་མཁན་ཧ་ཅང་མང་། དེ་ལ་དེ་མཚུངས་ཀྱི་དངོས་ཡོད་རང་བཞིན་དང་དོན་དངོས་ཀྱི་རང་བཞིན་གྱིས་ད་གཟོད་སྐབས་དེ་དུས་ཀྱི་བོད་སྐད་ཡིག་གི་ལས་དབང་ནི་བྱིས་པ་ཞིག་ལ་མཚོན་ན་ཕ་འཛོམས་མ་འཛོམས་འདྲ་བའི་བདེ་སྐྱིད་ཅིག་ཡིན་པ་བདེན་དཔང་བྱས་ཡོད།

        དུས་ད་ལྟར་མི་ལོ་ཉི་ཤུའི་རྗེས་ཀྱི་ང་རང་སྔར་གྱི་ཕུགས་བསམ་དོན་དུ་སྨིན་ནས་བོད་སྐད་ཡིག་གི་ལས་དབང་ལ་བརྩེ་བ་ཡོད་སྙམ་མཁན་གྱི་དགེ་རྒན་དཀྱུས་མ་ཞིག་ཏུ་གྱུར་ཟིན། ཉིན་ལྟར་རྒྱ་མིན་བོད་མིན་གྱི་མི་ཚོགས་དག་གི་དབུས་ནས་ས་སྐྱེས་རྡོ་སྐྱེས་ཀྱི་ཕ་སྐད་མ་ཡིག་དག་ལ་དགའ་མདོག་ཡོད་སྙམ་མཁན་ཞིག་ཏུ་བརྩོན་བཞིན་ཡོད། འོན་ཀྱང་སློབ་ཁྲིད་ཀྱི་བསླབ་གཞིར་བསྒྱུར་བཅོས་ཆེན་པོ་ཞིག་གི་འོག་ནས་ད་ལྟ་ངའི་སློབ་མ་ཚོར་རང་ཉིད་སློབ་མ་ཡིན་དུས་ཀྱི་རྫོགས་ལྡན་བསྐལ་བ་དེ་མི་འདུག བོད་ཡིག་རང་ངོས་ནས་བཤད་ནའང་སློབ་དེབ་ནང་དུ་འཁོད་པ་ནི་དབྱིན་བསྒྱུར་རྒྱ་བསྒྱུར་སོགས་ཀྱི་སློབ་མའི་དོན་དངོས་དང་རྒྱང་བའི་ཤེས་བྱ་ཁག་ཅིག་ལས་བོད་རང་གི་བཅུ་ཕྲུག་རིག་གནས་ཀྱི་རྒྱ་མཚོ་ལས་ཆུ་ཐིགས་འདྲ་བའི་ཤེས་བྱ་ཕྲན་བུ་ལས་བཀོད་མི་འདུག དེར་བརྟེན་སློབ་མ་ཚོས་བོད་ཡིག་གི་རྨང་གཞི་ཕྲན་བུ་ཁོ་ནར་རེ་བ་བཅོལ་བཞིན་རིག་ཚན་གཞན་དག་ལ་ཤ་ཟད་རུས་ཟད་ཀྱི་བརྩོན་པ་བྱ་རྒྱུའི་དམའ་བཅའ་བརྟན་པོར་འཆང་བཞིན་འབད་བརྩོན་བྱེད་བཞིན་པ་ནི་ཀུན་ཤེས་ཀྱི་གསང་བ་ཞིག་ཡིན།

        ནམ་རྒྱུན་ངས་སློབ་གྲྭའི་ཁོ་ར་ཁོར་ཡུག་གང་ནས་སློབ་མ་ཚོས་གཞན་སྐད་ཀྱི་ལམ་ནས་ཕན་ཚུན་ཁ་ཏ་བྱེད་པ་མཐོང་ཐོས་བྱུང་དུས། སེམས་ནང་དུ་ཐེགས་དཀའ་བའི་ན་ཟུག་གཞན་ཞིག་ཡོང་གི་འདུག སྐབས་འགར་སེམས་པས་མ་གཟོད་པར་ཚིག་འགའ་ཡང་མ་བརྗོད་ཐབས་མེད་རེད་འདུག ཡང་བསམ་བློ་རྣལ་མ་ཞིག་གཏོང་དུས་ཁོ་ཚོར་ཡང་ལེ་ལན་བྱ་མི་རུང་བ་ཞིག་རེད་འདུག རྒྱུ་མཚན་ཡོད་དེ་ཁོ་ཚོས་ད་ལྟ་བོད་ཡིག་ཕུད་པའི་རིག་ཚན་གཞན་ཚང་མ་གཞན་སྐད་ནས་སྦྱོང་དགོས་པས་རེད། ཁོ་ཚོ་རྟག་ཏུ་རིག་ཚན་གཞན་གྱི་ཁུར་པོས་མ་གཟོད་པར་ལུས་སེམས་ངལ་བཞིན་ཡོད། དེ་བས་ཀྱང་སློབ་མའི་ཁྱིམ་བདག་ཚོ་ཡང་རིག་གནས་ལ་ཐོགས་པ་མེད་ཞིག་ཡིན་དུས་གཞན་སྐད་ཀྱི་ལམ་ནས་སློབ་མ་ཚོ་ལམ་གཞན་ཞིག་ཏུ་བཙན་གྱིས་འཁྲིད་བཞིན་པ་མངོན་མངོན་རྗེན་རྗེན་ཡིན་དུས་ངས་རང་ཉིད་ལ་རེ་བ་ནན་པོ་ཞིག་བཅོལ་བཞིན་ཕྱིས་འབྱུང་རང་ཉིད་ཀྱི་བུ་མོ་རང་ཉིད་ཀྱིས་བསྐྱབ་རྒྱུར་རེ་བས་སྒུག་བཞིན་ཡོད།

       བོད་ཀྱི་ཁ་དཔེར། ནོར་བུ་རང་ལ་ཡོད་དུས་ནོར་ཉམས་མ་ཆོད་ན། ནོར་བུ་གཞན་ལ་ཤོར་དུས་སྙིང་རླུང་སྟོད་ལ་འཚང་ཟེར་བ་ལྟར། དུས་ད་ལྟར་བོད་ཀྱི་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་བཅས་ཀྱི་ཡུལ་ལུང་གང་དུ་འཚོ་བཞིན་པའི་སྐྱ་སེར་ཕོ་མོ་རྒན་གཞོན་ཚང་མས་ཕྱི་དངོས་པོའི་དཔལ་ཡོན་གྱི་གཡོ་ཇུས་ཁོ་ནར་ཤ་འཐམས་རུས་འཐམས་མ་བྱས་པར་ནང་བསམ་པའི་དཔལ་ཡོན་གྱི་གོ་ཆ་སྤྲད་དེ་རང་གཞན་ཀུན་གྱིས་བོད་སྐད་རྣམ་དག་ཅིག་བཤད་རྒྱུ་སླར་གསོ་བོད་ཡིག་ཡང་དག་ཅིག་སྦྱང་རྒྱུ་བསྐྱར་དར་ཡོང་བར་འབད་དགོས། མ་ཟད་བོད་སྐད་ཡིག་གི་ལས་ཀ་ནི་བོད་སྐད་ཡིག་གི་ལས་ཀ་བྱེད་མཁན་ཁོ་ནའི་འོས་འགན་ནམ་འགན་འཁྲི་ཤ་སྟག་མ་ཡིན་པར་ཚང་མས་ཕྱར་བ་གྲུ་འདེགས་བྱ་རྒྱུ་ནི་ད་ལྟའི་ངོས་ནས་བརྗོད་ན་ཁ་ཚ་དགོས་གཏུགས་ཤིག་རེད། དེ་ལས་ལྡོག་ན་བོད་སྐད་ཡིག་གི་ལས་དབང་ནི་བྱིས་པ་ཞིག་ལ་མཚོན་ན་ཕ་བྲལ་མ་བྲལ་གྱི་སྡུག་བསྔལ་ཞིག་ཡིན་པ་བདེན་དཔང་བྱ་རྒྱུ་ལས་མ་འདས་སོ།

༢༠༡༨/༡༡/༢༤ཉིན་རང་ཁྱིམ་དུ་གྲུབ།